སྙིགས་དུས་ཀྱི་ཉེ་བར་འཁོར་གཉིས་པ་མཁས་གྲུབ་ཆོས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2016-05-19 22:11:31     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

47224504b4e78630dbe0f3ef781b7e20.jpg

  སྙིགས་མའི་དུས་ཀྱི་ཉེ་བར་འཁོར་གཉིས་པ་མརྒེན་ཆོས་རྗེ་སྐུ་ཕྲེང་ལྔ་བ་མཁས་གྲུབ་རྗེ་བློ་བཟང་བསྟན་དར་དཔལ་བཟང་བོ་ནི་བདུད་ཤུལ་ཀླུ་ཚང་དུ་རབ་ཚེས་ས་ལུག་སྟེ་སྤྱི་ལོ1919ལོར་ཡབ་ཚོགས་པ་སྐྱབས་དང་། ཡུམ་གཅོད་པ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།

  དགུང་ལོ་གསུམ་པར་ཤིང་བཟའ་རིན་པོ་ཆེས་མེརྒན་ཆོས་རྗེའི་གྲུབ་ཐོབ་རིན་པོ་ཆེའི་མཆོག་སྤྲུལ་དུ་ཐུགས་ཐག་བཅད། དགུང་ལོ་ལྔའི་སྟེང་གསེར་ལག་དགོན་པའི་གནས་བརྟན་ཆེན་པོ་ཨ་ཁུ་དགེ་འདུན་ཀློག་གི་སློབ་དཔོན་དུ་བཀུར་ནས་འཕྲལ་སྦྱོར་ཀློག་དང་འདོན་ཆ་ཆོས་སྤྱོད་མཐའ་དག་ལ་བྱང་བར་བྱས།

   དགུང་ལོ་དྲུག་སྟེང་མོག་པའི་རི་འདབས་སུ་ཡུལ་སྲོལ་དང་བསྟུན་ནས་ལེགས་དར་ཕུལ། དགུང་ལོ་བདུན་པར་གསེར་ལག་དགོན་པར་ཨ་ལགས་ཨ་རིག་ཅེས་པའི་བདག་ཉིད་ཆེན་པོ་དེའི་མདུན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ། མི་ཏྲ་བརྒྱ་རྩ་དང་རྡོར་འཕྲེང་ཕྱེད་ཙམ་གསན། དགུང་ལོ་བརྒྱད་པར་རང་དགོན་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་ལ་མངའ་གསོལ་མཛད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་བྱམས་པ་བཟང་བོ་རྟག་གུས་ཀྱིས་སྦྱོར་བས་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན།

  དགུང་ལོ་བཅོ་བརྒྱད་སྟེང་ཚོགས་ཞུགས་མཛད། བཅུ་དགུའི་སྟེང་ལྷ་སྡེ་ཡེ་ཤེས་རྒྱ་མཚོའི་ཞབས་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་དེ་ཉིད་ལས་བསྡུས་གྲྭ་དང་བློ་སྦྱོང་། ཟིན་བྲིས་ཕན་བདེའི་དཔལ་སྟེར་དང་སྦྲགས་ནས་ཞྭ་དམར་ལམ་རིམ་རྒྱས་པར་མནོས་ཤིང་པྲ་ཏིའི་སུམ་རྟགས་དང་ལྔ་བསྡུས་ས་རིས་སྒྲུབ་ཐབས་རིན་འབྱུང་སོགས་རྒྱས་པར་གསན། སྨྲ་བའི་དབང་ཕྱུག་སྟོང་ཆོས་གྲགས་པ་རྒྱ་མཚོ་དང་རིགས་སྨྲའི་གཙུག་རྒྱན་ར་ཟའི་ཕུན་ཚོགས་བཅས་ཀྱི་ཞལ་སྔ་ནས་ལམ་རིམ་ཆེན་མོའི་བཤད་ལུང་དང་ལམ་གཙོའི་ཁྲིད། ཞྭ་དམར་ལམ་རིམ། བསྡུས་ཚད་སོགས་གསན། བུ་སློབ་མང་དུ་བསྐྱངས་ཤིང་ལྷག་ལྷ་དུ་མར་བསྙེན་སྒྲུབ་ཚུལ་བཞིན་བྱས། ཁྱད་པར་རྙེ་ཐམས་ཅད་མཁྱེན་པ་མཁས་གྲུབ་བསྟན་འཛིན་དང་ཐུགས་ཡིད་གཅིག་ཏུ་འདྲེས་པས་ཡབ་སྲས་གཉིས་ཀྱིས་ཆོས་སྤྱོད་བཅུའི་མཛད་པ་ཁུར་དུ་བཞེས་པ་སོགས་བསྟན་པའི་གསོས་སུ་འགྲོ་བ་མཛད།

  དགུང་ལོ་ཉེར་བརྒྱད་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་ལ་སློབ་གཉེར་དུ་ཕེབས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པྲཛྙའི་མཚན་ཅན་སོགས་ལས་ཚད་མ་དང་ཕར་ཕྱིན་ལ་སྦྱངས། གྲྭ་རྐྱང་དཀྱུས་པའི་ལུགས་ཀྱིས་ཟས་གོས་ངན་ངོན་བརྟེན་ནས་འཛིན་སྐྱོར་སྦྱངས། འཕྲོས་པ་དོགས་དཔྱོད་བཅས་གྲོགས་རིགས་པ་སྨྲ་བ་རྣམས་དང་མཉམ་དུ་བརྒལ་བརྟགས་ཀྱིས་རབ་འབྱམས་རྒྱ་བོད་མཁས་པའི་གཞུང་ལུགས་མཐའ་དག་ནམ་ལངས་པ་དང་ཉི་མ་ཤར་བ་ལྟར་མཛད་པས་མཁས་པའི་སྙན་པ་འབར་ཞིང་ལྟ་སྒོམ་སྤྱོད་གསུམ་ཀུན་མཁྱེད་འཇིགས་མེད་དབང་བོ་དང་གཉིས་སུ་མེད་པས་འཇིགས་མེད་དབང་བོ་ཞེས་གྲགས།

  དགུང་ལོ་སོ་དགུ་བར་ཕར་ཕྱིན་རབ་འབྱམ་པའི་དམ་བཅའ་བཞེས། སྐབས་སྐབས་སུ་རང་དགོན་དུ་ཕེབས་ནས་རིགས་པ་སྨྲ་བ་དག་ལ་བསྡུས་གྲྭ་བློ་རྟགས་དང་། ས་ལམ་གྲུབ་མཐའ། ཕར་ཕྱིན་སོགས་གཟབ་ཁྲིད་གནང་།དགུང་ལོ་བཞི་བཅུ་ལོར་རང་དགོན་དུ་ཕེབས་ཏེ་རྙེ་དཔོན་སློབ་དང་མཉམ་དུ་ཆོས་སྤྱོད་འཕེལ་བའི་ཐབས་ཁོ་ནར་བརྩོན་དུས་བསྟན་བསྣུབ་དང་ཁེལ་བས་ཉེས་མེད་དུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

  1978ལོའི་ཟླ༥བའི་ཚེས་༤ཉིན་བཙོན་གྲོལ་བཏང་ནས་ཕ་ཡུལ་དུ་ཕེབས་ནས་རི་ཁྲོད་དུ་བཞུགས་ནས་ཉམས་བཞེས་མཛད།

  1980ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྦྱིན་པ་རྒྱ་མཚོ་སོགས་ལས་དབུ་མ་དང་མཛོད་འདུལ་སྔགས་བཅས་སུ་མཐའ་ཆོད་པ་སྦྱངས།

  1981ལོའི་ཟླ9བའི་ཚེས་15ལ་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་འཕྲིན་ལས་སོགས་ཀྱིས་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་ཆོས་སྒོ་ཕྱེས་ཏེ་རྒྱུན་ཇ་མ་ཉམས་པར་བསྐྱངས།

  1982ལོར་འདུ་ཁང་བཞེངས་མ་ཐུབ་པར་བླ་བྲང་ནས་དམ་པ་འདི་ཉིད་རང་དགོན་དུ་ཞུས་ཏེ། གྲོང་ཆོག་ལ་མི་ཕེབས་པ་དང་ཚང་མ་བྱ་ཉུང་དོན་ཉུང་གིས་དཔེ་ཆ་གཟིགས་དགོས་པར་བྱས། འདུ་ཁང་བཞེངས་པའི་གང་ཅིའི་ཞལ་བཀོད་གནང་ཏེ་བཀྲ་ཤིས་པའི་གསོ་སྦྱོང་གནང་ནས་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས། འཕྲིན་ཡིག་གི་ལམ་ནས་དགོན་པའི་གནས་སྟངས་ལ་ཞལ་བཀོད་གནང་།

  1985ལོར་ཕྱིར་དགོན་པའི་ལྷ་སྡེ་མི་སྡེ་དག་གིས་ཁོང་ཕྱིར་ཕེབས་དགོས་པའི་རེ་བ་ཡང་ཡང་ཞུས། ཁོང་གིས་ཁོང་ཕྱིར་ཡོང་དགོས་ན་དགོན་པ་ཆེ་ཆུང་མཐའ་དག་གིས་འདོད་ཆུང་ཆོག་ཤེས་ཀྱིས་བཤད་སྒྲུབ་ལ་ཆིག་དྲིལ་གནང་བ་ལས་གྲོང་ཆོག་ལ་སོགས་པ་སླར་གསོ་བྱེད་མི་ཆོག་པར་ཁས་ལེན་དུ་བཅུག སྐབས་དེར་ཁོང་ལ་རྡོ་རམས་པའི་དམ་བཅའ་སླེབས་ནའང་ཕྱིར་དགོན་པའི་བཤད་སྒྲུབ་ཀྱི་ཆེད་དུ་ཕེབས།

  ཕེབས་ཉིན་ནས་ཆོས་གྲྭ་དམ་འཛིན་བྱས་ཏེ་རྒན་གཞོན་ཚང་མ་ཆོས་གྲྭར་འཚོགས། འཛིན་གྲྭ་གཉིས་ལ་ས་ལམ་དང་གྲུབ་མཐའ་སོགས་ཁྲིད། རྒན་པ་རྣམས་ལ་འདུལ་བའི་མཐའ་དཔྱོད་དང་འདུལ་སྡོམ་ཁྲིད།རིགས་པའི་དབང་ཕྱག་དགེ་འདུན་རྒྱ་མཚོ་དང་དགེ་བཤེས་ཡོན་ཏན་སོགས་ལ་དཔེ་ཁྲིད་བྱེད་དུ་བཅུག སྔོན་ཨ་ལགས་རྙེ་བས་ཆོས་ཐོག་མང་བས་དཔེ་ཆར་གནོད་གསུངས་པ་བཞིན་དུ་གནས་སྐབས་ཆོས་ཐོག་ཚང་མ་སླར་གསོ་བྱེད་མི་དགོས། ང་ཚོས་འཇུ་ས་འཆང་ས་མཚན་ཉིད་གཅིག་པུར་བྱེད་གསུངས་ནས་གསུམ་པའི་སྒྲུབ་མཆོད་ཀྱི་ཚབ་ཏུ་ཨ་ལགས་རྙེ་བའི་གདུང་མཆོད་བྱས། རྒྱལ་ལོའི་སྨོན་ལམ་སྔོན་ལྟར་དང་བཅུ་བའི་ལྔ་མཆོད་སོགས་སུ་ཀུན་རིག་འདོན་མོད་འཇིགས་བྱེད་ལྷ་བཅུ་མས་ཆོག་པར་བྱས། ལོ་སར་དུ་ཤོག་སྦག་རྒྱག་མི་ཆོག་པ་དང་ཆོས་ཐོག་ལ་སྐམ་ལུག་བཤའ་བ། གྲྭ་ཤག་ནས་བསང་ཕུད་པ་སྣ་ཐ་འཐེན་པ་སོགས་གཏན་འགོག་བྱས། གཟན་ཤམ་གོན་སྟངས་འགྲོ་འདུག་སྤྱོད་ལམ་ཆོས་གྲྭ་རྩོད་པ་གནང་ཚུལ། སྐྱོར་སྦྱངས་ཀྱི་རྟ་དང་བཅས་པ། གྲྭ་ཤག་བཟོ་སྟངས་དཔེ་ཆ་ལྟ་སྟངས་བཅས་ལ་གཟིགས་ཞིབ་དང་བཀའ་བཀོད་ཞིབ་ཏུ་གནང་བས་རྩོད་པ་གོང་དུ་འཕེལ་ཞིང་འདུལ་བའི་ཕྱག་བཞེས་ཇི་བཞིན་བྱུང་།

  1986ལོའི་བོད་ལོའི་ནང་དུ་ཁོང་གིས་འཇིགས་བྱེད་ཀྱི་བསྙེན་ཁྲིད་བྱས། དེ་ནས་བཟུང་ལོ་སར་སྐབས་བསྙེན་པ་གཏོང་བའི་སྲོལ་བཟང་བཙུགས་ཏེ་ལོ་རེར་བཞིན་གྲྭ་ཚང་གིས་ལྷག་ལྷ་དུ་མའི་བསྙེན་སྒྲུབ་བྱས། རྗེ་བཙུན་ཡེ་ཤེས་རྒྱ་མཚོ་གདན་དྲངས་ཏེ་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་གནང་། དེ་ནས་དགོན་སྡེ་ལོ་གསར་གྱི་སྐབས་ཀྱི་གནང་བ་དེ་བསྙེན་སྒྲུབ་ལ་གཞོལ་བའི་སྲོལ་བྱུང་།

  1987ལོར་བཀྲ་ཤིས་འཁྱིལ་གྱི་རིགས་པ་སྨྲ་བའི་ཁྱུ་མཆོག་འོད་ཟེར་མཚན་ཅན་ཞུས་ཏེ་བསྡུས་གྲྭ་དང་བློ་རྟགས་ཕར་ཕྱིན་བཅས་ཁྲིད་དུ་བཅུག དཔེ་ཁྲིད་མེད་པའི་འཛིན་གྲྭ་དག་བཤད་གྲྭར་འཚོགས་ཏེ་ཐམས་ཅད་ཀྱིས་དཀའ་གནད་དང་དོགས་དཔྱོད་བྱས་ནས་བློ་ཁ་ཇེ་མཐོར་འགྲོ་བ་དང་། ཕྱི་དྲོ་ཆོས་གྲྭར་འཚོགས་པ། ཡར་གཏོང་མར་གཏོང་གིས་སློབ་གཉེར་བའི་བློ་གྲོས་སྒོ་མོ་འབྱེད་པ།རིགས་ལུང་གི་རྒྱུགས་དང་བརྩི་བཞག་གི་རྒྱུགས་སོགས་དམ་པ་ཉིད་ནས་གཟིགས་ཞིབ་ཀྱིས་ཚར་གཅོད་རྗེས་འཛིན་ལེ་ཤོར་མེད་པ་མཛད།

  1989ལོར་བྱམས་ཁང་མཐོང་གྲོལ་ཆེན་མོ་བཞེངས། 1990ལོར་དགེ་བསྐོས་གསར་དུ་བསྐོས་ཏེ་ཟླ་རེའི་ཚེས11ནས15བར་དགུང་མོར་སྐྱོར་སྦྱོང་བྱེད་པའི་སྲོལ་བཙུགས། འདིའི་བར་དུ་ཁོང་གིས་བསྡུས་གྲྭ་ནས་འདུལ་བའི་བར་གྱི་དཔེ་ཁྲིད་གནང་། བཀྲ་ཤིས་འཁྱིལ་གྱི་སྨྲ་བའི་དབང་ཕྱུག་སྨད་སོག་སྨོན་ལམ་རྒྱ་མཚོ་དཔལ་བཟང་བོ་ཞུས་ཏེ་འཛིན་གྲྭ་མང་བོར་སྐབས་བསྟུན་གྱིས་གཞུང་བཀའ་པོད་ལྔ་སྔགས་དང་བཅས་པའི་དཔེ་ཁྲིད་གནང་།

  1989ལོར་རྩོད་པ་འཕེལ་བའི་ཐབས་སུ་འཛིན་གྲྭ་གཏུག་གི་སྲོལ་བཏོད་དེ་ཟླ་རེ་བཞིན་ཡར་གཏུག་མར་གཏུག་དང་ལྡན་པར་བྱས། དེ་དང་མཉམ་དུ་འདུལ་བ་དང་མི་མཐུན་པའི་སྲོལ་ཡོད་ཚད་མེད་པར་བཏང་ནས་ཆོས་འདུལ་བའི་ཕྱག་ལེན་ཇི་བཞིན་སྲོལ་གཏོད། ཐ་ན་ན་བཟའ་གྱོན་སྟངས་དང་རུང་ཆུ་བརྒྱུད་པའི་ཚུལ་སོགས་ཀྱང་ཚར་གཅོད་རྗེས་འཛིན་མཛད།

  1992ལོར་དབྱར་གནས་སྐབས་སུ་བདུན་པའི་ཚེས་གཅིག་ནས་བཅོ་ལྔའི་བར་བསྡུས་གྲྭ་ནས་གཞུང་བར་ཚོགས་གླེང་བྱེད་པའི་སྲོལ་བཏོད། ལོ་དེའི་ཟླ11ཚེས་བཅུ་གཅིག་ནས་ཉིན་བཞི་ལ་དགོན་འདིའི་ཕར་ཕྱིན་དམ་བཅའ་ཐོག་དང་བོ་རིགས་པའི་དབང་ཕྱུག་ཡེ་ཤེས་ཟླ་བ་སོགས་གཞོན་ནུ་རིགས་པ་སྨྲ་བ་བདུན་གྱིས་བཞག དེ་ནས་བཟུང་ལོ་རེར་བཞིན་འཛིན་གྲྭ་རེ་ཕར་ཕྱིན་དམ་བཅའ་འཇོག་ཐུབ་པ་བྱུང་།

  1993ལོར་རྙེ་བློ་བཟང་ཕུན་ཚོགས་ཆོས་ཀྱི་ཉི་མ་མཆོག་གདན་སར་བཀོད་དེ་རིགས་པའི་དབང་ཕྱུག་ཡེ་ཤེས་ཟླ་བ་ཡོངས་འཛིན་དུ་བསྐོས་པ་དང་ཕྱི་ལོར་ཨ་ལགས་འཇའ་མོ་ཐུག་ཐག་བཅད་ནས་ཁྲིར་བཀོད། སྤྲུལ་སྐུ་རྣམ་པར་སློབ་གསོ་དོ་ནན་མོ་བྱེད་དགོས་པའི་ཞལ་གདམས་གནང་། སློབ་སྦྱོང་ལེགས་པོ་མི་བྱེད་ན་ཕྱིར་འགྲོ་རུ་ཆུགས་གསུངས།

  1999ལོར་འདུ་ཁང་ཆེན་མོ་ཆོས་ཀྱི་སྒོ་འཕར་ཡངས་པོར་འབྱེད་པའི་རྟགས་སུ་མངོན་རྟོགས་རྒྱན་གྱི་ལུང་དང་ཡོན་ཏན་གཞིར་གྱུར་མ། དགའ་ལྡན་ལྷ་བརྒྱ་མ་བཅས་ཀྱི་ལུང་གསུངས་པ་ལས་དབང་གསུངས་པ་ལའང་ཐུགས་མི་དགྱེས་ཤིང་། གསང་སྔགས་བཀའ་དོག་པས་དེ་རང་འགར་གནང་རྒྱུ་མེད་གསུངས།

   ནམ་རྒྱུན་གྱི་ཉམས་ལེན་ནི་བཞིན་ཞོགས་པའི་ཆུ་ཚོད་གསུམ་ཙམ་ནས་བཞེངས་ཏེ་བླ་མ་མཆོད་པའི་ཆོ་ག་དག་ཅིང་གསལ་བར་གསུངས། བཤགས་པའི་སྐབས་ལྟུང་བཤགས་ཉི་ཤུ་རྩ་གྲངས་གྲུབ་རྗེས་དང་རིམ་བཞིན་ནཱ་རོ་མཁའ་སྤྱོད་མའི་ཆོ་ག་རྒྱས་པ། འཇིགས་བྱེད་དཔའ་པོ་གཅིག་པའི་ཆོ་ག དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་དང་གསང་འདུས་ཀྱི་ཆོ་ག་བསྡུས་པ་རེ་གྲུབ་རྗེས་བློ་ཤུགས་དྲག་པོའི་སྒོ་ནས་དཀོན་མཆོག་ལ་སྐྱབས་འཇུག་ཞུས། དེ་ནས་བསྟན་པའི་སྒྲོན་མེའི་འདུལ་སྡོམ་དང་དཔལ་དབྱིག་གི་གཉེན་པོའི་མངོན་པ་མཛོད་ཀྱི་ཚིག་ལེའུར་ཕྱེ་བ་གཉིས་སྐྱོར་སྦྱོང་གྲུབ་པར་བྱས་ཏེ་གློག་བཀར་ནས་བཀའ་གདམས་གོང་མའི་ཕྱག་བཞེས་བཞིན་རྔ་ཕྱག་བསྣམས་ཏེ་རྡུལ་ཕྱིས། དྲི་མ་ཕྱིས།ཞེས་གསུངས་ནས་གནས་ཁང་བྱི་དོར་བྱས་རྗེ་མཆོད་གཟུངས་གསུངས་ཀྱིན་མཆོད་པ་བཤམས་ཏེ་སྨོན་ལམ་རྣམ་ལྔ་དང་བདེ་གསང་འཇིགས་གསུམ་གྱི་སྨོན་ལམ་བཅས་རེ་རེ་བཞིན་དལ་བུར་གསུངས་ཤིང་གྲུབ་རྗེས་ཚ་གསུར་ཕུལ་ཏེ་གཏོར་བསྔོས་ཡོངས་སུ་རྫོགས་པ་གསུངས། དེ་ནས་དཔེ་ཁྲིད་དང་གཞན་པའི་དམིགས་བསལ་གྱི་བྱ་བ་མ་གཏོགས་དཔེ་གཟིགས་ཁོ་ནར་ཆིག་དྲིལ་གནང་། ཁོང་གིས་བདག་གིས་ཉམས་ལེན་གྱི་གཙོ་བོ་དཔེ་གཟིགས་ཡིན་གསུངས། ཚོགས་ཕེབས་དུས་དེར་འཇིགས་བྱེད་དཔའ་བོ་གཅིག་པའི་ཆོ་ག་ཚོགས་ནས་གསུང་པ་མ་གཏོགས་འདྲ། དེ་ནི་ཁོང་ཉིད་དགུང་གྲངས་མཐོན་པོར་སོན་ཞིང་སྨན་ཁང་དུ་བཞུགས་དུས་སུའང་ཆག་མེད་དུ་མཛད་པས་མདུན་ནས་སུས་ཞབས་གཡོག་བསྒྲུབས་ཀྱང་ཧ་ལས་པར་འགྱུར་རོ། །

  ཚེ་འདས་ཀྱི་སྐྱབས་ཞུའི་བསྔོ་རྟེན་རེ་རེ་འབྱོར་དུས་དེ་མ་ཐག་ཏུ་བར་དོ་གསལ་འདེབས་དང་འོད་དཔག་མེད་ཀྱི་ཞིང་བཀོད་གསལ་བཏབས་ནས་འཕོ་བ་འདེབས་ཤིང་གསང་འདུས་སྨོན་ལམ་གྱི་གཙོས་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་དགུང་མོར་ངན་སོང་སྦྱོང་རྒྱུད་ཀྱི་ཆོ་ག་དང་ཚ་བསུར་བཅས་བསྔོ་སྨོན་བཟང་བོས་མཚམས་སྦྱོར་བྱེད།

  ཁོང་གིས་རྒྱུ་དངོས་དོ་དམ་བྱེད་སྟངས་ཀྱང་གཞན་དང་མི་འདྲ་བར་ཡ་མཚན་པ་ཞིག་ཡོད་དེ། བསྔོ་རྟེན་གྱི་དངོས་རྫས་དང་སྒོར་རྣམ་ཕྱོགས་གཅིག་ཏུ་བསྡུས། གཞན་པའི་མཇལ་དར་རྣམས་ཕྱོགས་གཅིག་དང་འགྱེད་ཕོགས་རྣམས་ཕྱོགས་གཅིག་ཏུ་འཇོག   རྒྱུན་ཏུ་བཀོལ་སྤྱོད་རང་གི་འགྱེད་ཕོགས་ཀྱིས་བྱེད། མ་འདང་ན་མཇལ་དར་ལས་ཅུང་ཟད་ལེན། བསྔོ་རྟེན་དག་ནི་རང་གིས་ཅི་ཡང་མི་སྤྱོད་པར་ལྷ་རྟེན་ཆོས་གསུམ་བཞེངས་པ་དང་མང་ཇ་གཏོང་བ། གྲྭ་ཚང་ལ་འགྱེད་པ་སོགས་བྱེད། བསྔོ་རྟེན་དུ་འབྱོར་བདག་ཅུང་ཟད་ཀྱང་ཆུད་ཟོས་མེད་པར་དགེ་འདུན་གྱི་ཆེད་དུ་གཏོང། ཁོང་གིས་ངའི་སྒོར་མོ་རྣམས་གཞན་པའི་སྒོར་དང་མི་འདྲ། འདི་ཚང་མའི་རྗེས་ན་ཤི་བོ་ཤི་མོ་རྣམ་ཤེས་རེ་ཡོད། ངའི་རྒྱུ་ནོར་ཚང་མ་དགེ་འདུན་གྱི་ཡིན། ངའི་ལས་པའི་ཁང་བ་འདིའང་ངའི་ཁང་བ་མིན། གཞུང་ཁང་ཡིན། ང་ཤི་རྗེས་གཞུང་ལ་འཇོག་དགོས། ཞེས་གསུངས། ཡང་ཁོང་ལ་གཟིམ་ཁང་བཟང་བོ་ཞིག་བསྐྲུན་དགོས་ཚུལ་ཞུས་ན་ཐུགས་མི་དགྱེས་པར་དགེ་ཚུལ་སློང་ལ་ཁང་བ་བཟང་བས་ཅི་བྱ། ཁང་བ་བརྟན་པོ་དྲོན་པོ་ཞིག་ཡོད་ན་དེས་ཆོག ངས་བླ་བྲང་གི་ཨ་ཁུ་རྣམས་ལ་ཁྱེད་ཚོས་རྒྱ་བསྐྱེད་པ་མང་དྲགས་སོང་ཞེས་པ་ཡིན། ཁང་བ་འདི་ཡང་རྒྱ་ཆེ་བས་ང་རང་ཁ་སྐྱེངས་པ་རེད་གསུངས། དེར་མ་ཟད་ན་བཟའ་རྩ་ཆེན་དང་རྒྱུ་ནོར་ལ་འདོད་ཆུང་ཆོག་ཤེས་ཀྱིས་རྗེས་སུ་འཇུག་པ་རྣམས་ལའང་སློབ་དུ་བཅུག་ཅིང་། དགོན་པའི་ལས་སྣ་དང་ཁྲི་བ་མ་གཏོགས་པས་ཐེར་མ་དང་ཕྲུག་གཟན། ཕྲུག་གི་ཟླ་གམ། སྟོད་འགག་ཕྲག་ལྷན་སེར་བོ་དང་ནོར་ཁྲབ། རྒྱན་དྲུག་མ་སོགས་གཏན་ནས་གྱོན་མི་ཆོག་གསུངས་ཤིང་ཁོང་གིས་ཀྱང་དཀྱུས་མའི་ན་བཟའ་མནབ་པ་ལས་དེ་རིགས་མི་གྱོན། སྐབས་ཤིག་རི་ཁྲོད་པའི་སྤྲུལ་སྐུ་ཆེ་དྲག་ཅིག་ཁོང་ལ་མཇལ་བར་ཕེབས་ཤིང་དེ་ཕྱིར་ཕེབས་རྗེས། ཁོང་གིས་འདི་སྐད་གསུངས་ཏེ་དེང་སང་རི་ཁྲོད་པས་ཀྱང་སྟོད་འགག་རྒྱན་དྲུག་མ་གྱོན་ནས་ཁྱད་ཆོས་རྒྱག་གིན་འདུག་གསུངས།

  ཁོང་གིས་མདོ་སྔགས་དང་ཐེག་པ་ཆེ་ཆུང་གི་རང་གཞུང་ནས་བྱུང་བའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་སྡོམ་གསུམ་གྱི་བཀའ་དྲིན་ནོད་པ་ནས་འདུལ་བ་ལས་གསུངས་པའི་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱིས་མ་གོས་པར་མཛད། དཔེར་ན་མཇལ་དར་རེ་བྱུང་ནའང་ཆོས་འདུལ་བའི་ཆོག་བཞིན་ཉིན་དེར་བྱིན་རླབས་བྱེད།

  རྗེས་སུ་དགུང་ལོ་གྱ་གྲངས་སུ་སླེབས་དུས་དམ་པ་གོང་མའི་ཕྱག་སྲོལ་བཞིན་རང་ལ་ཡོ་བྱད་ཅི་བྱུང་རང་རྒྱུད་ཀྱི་ལུང་གི་ཆོས་སམ་དཀོན་མཆོག་ལ་ཕུལ་ཏེ་ལོངས་སྤྱོད་པའི་ཚེ་སེམས་ཅན་ཀྱི་དོན་བསྒྲུབ་ཕྱིར་སྤྱོད་སྙམ་པ་སོགས་ཆག་མེད་དུ་བྱེད་པ་དང་། དེ་བཞིན་རྗེས་འཇུག་གདུལ་བྱ་དང་བཅས་པས་འདུལ་བའི་ཕྱག་ལེན་ཕྲ་ཞིང་ཞིབ་པར་གནང་སྟེ་ཐ་ན་དགེ་འདུན་གྱི་ན་བཟའ་གྱོན་སྟངས་དང་ཟ་མ་བཞེས་ཚུལ། རུང་ཆུ་བརྒྱུད་པ། འགྲོ་འཆག་ཉལ་བཞུད་ཀྱི་སྤྱོད་ལམ་དགེ་འདུན་གྱི་དབྱར་དགག་གསོ་གསུམ་ཕྱག་ལེན་སླ་ཆོས་ཁྲལ་ཆོས་སུ་མ་སོང་བར་ཕྲ་ཞིང་ཞིབ་པར་མཛད་པའི་ཁར་ནམ་ཡང་དེ་ལས་འདའ་བ་མེད་པར་བྱེད།

  ཁོང་གི་སྐུ་ཚེ་གང་བོར་ཆོས་འཆད་ཉན་ལ་གཙོ་བོར་གཞོལ། ཞབས་བརྟན་གསུངས་ནའང་ཆོས་འཆད་ཉན་ཞབས་བརྟན་གྱི་གཙོ་བོ་ཡིན་གསུངས་ནས་ཆོས་གྲྭ་དང་དཔེ་ཁྲིད་ཆད་དུ་མི་འཇུག

  དེ་ལྟར་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྐྱོང་བའི་མཛད་པ་ཁུར་དུ་བཞེས་ནས་སྤྱི་ལོ2007 ལ་སྐུ་གཤེགས། སྐུ་གཤེགས་ཁར་ཡང་ན་བ་སོགས་ཅི་ཡང་མེད་ཅིང་། གསུང་ཡང་མི་འབྱོན་ན་དྷི་སྐད་གཏོང་བའི་རྣམ་པ་འབའ་ཞིག་བྱེད་པ་སོགས་ངོ་མཚར་བའི་སྤྱོད་པ་འབའ་ཞིག་གནང་།

   སློབ་མའང་ཁོང་གིས་བསྐྱངས་པའི་སློབ་མ་ཡང་དེ་ལ་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུད་ཅིང་བསྟན་པའི་གསོས་སུ་གྱུར་པ་དགེ་བཤེས་ཡེ་ཤེས་ཟླ་བ།དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་སོགས་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་རིགས་པ་སྨྲ་བ་མཐའ་དག་དང་། དྷི་ཚའི་དགེ་བཤེས་ལུང་རིགས་སོགས། དཔལ་ལྡན་འབྲས་དཀར་སྤུངས་པའི་ལྷ་རམས་པ་འཇམ་དབྱངས་བསྟན་དར་དང་།ལྷ་རམས་པ་སོ་ནག་ཆོས་འཕེལ།ལྷ་རམས་པ་བློ་བཟང་ཆོས་འཕེལ་སོགས་བསྟན་པའི་ཁུར་ཆེན་འདེགས་པའི་སྐྱེས་བུ་དམ་པ་མང་དུ་བཞུགས་སོ།།

 

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།