རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-05-26 14:54:49     རྩོམ་པ་པོ།   དྭགས་པོ་ཧུ་ཐོག་ཐུ་བློ་བཟང་ཐུབ་    ཀློག་ཐེངས།  
༄༅། །སྐུ་གོང་མའི་རྣམ་ཐར་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་བྱིན་རླབས་ཀུན་འབྱུང་བབཞུགས་སོ།     །

    ན་མོ་གུ་རུ་ཨཱ་རྱ་ལོ་ཀི་ཤྭ་ར་ཡ།བློ་གྲོས་ཕུལ་བྱུང་ཀུན་དུ་བཟང་པོའི་དཔལ། །རིན་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་གཏེར། །ལྷར་བཅས་སྐྱེ་རྒུའི་གཉེན་གཅིག་པད་དཀར་འཆང་། །སྐྱབས་མཆོག་ཚངས་དབྱངས་རྒྱ་མཚོར་གུས་པས་འདུད། །གང་གི་གསང་གསུམ་མཛོད་ཀྱི་གཏིང་མཐའི་ཚད། །ཕྱོགས་བཅུའི་རྣམ་འདྲེན་སྲས་དང་བཅས་རྣམས་ཀྱིས། །མ་ལུས་བརྗོད་པར་ནུས་པའི་སྐབས་བྲལ་ཡང་། །འདིར་ནི་དད་པས་ཅུང་ཟད་སྤེལ་བར་བགྱི། །ཟླ་མེད་ཕུལ་བྱུང་མཛད་པའི་དབྱངས་སྙན་པོ། །སྐལ་བཟང་བློ་གསལ་བྱེ་བའི་སྒྲ་འཛིན་སྒོར། །ལེགས་བཤད་ཟབ་མོའི་སྒྲོགས་པའིདགེ་མཚན་གྱི། །དགའ་སྟོན་འགྱེད་ལ་མཁས་རྣམས་དགྱེས་པར་མཛོད། །མཚུངས་བྲལ་ཁྱོད་ཀྱི་རྟོགས་བརྗོད་ཆུ་འཛིན་ནི། །ཕན་བདེའི་ཞིང་སར་སྨན་པའི་གྲུ་ཆར་དང་། །ལྷན་དུ་བླང་དོར་སྟོན་པའི་འབྲུག་སྒྲ་ཅན། །སྐྱེས་མཆོག་དཔལ་ལྡན་བླ་མ་གཙུག་ན་རྒྱལ། །སྔོན་ཚེ་བགྲང་ཡས་བསྐལ་བའི་སྔ་རོལ་ཏུ། །རྣམ་འདྲེན་དཔལ་བརྩེགས་རྒྱལ་བོར་སངས་རྒྱས་ཏེ། །སྒྲིབ་གཉིས་བྲལ་ཞིང་ཚོགས་གཉིས་རབ་རྫོགས་པའི། །བཅོམ་ལྡན་ལྷ་ཡི་ལྷ་ལ་གསོལ་བ་འདེབས། །དག་དང་མ་དག་སྣང་བའི་འཇིག་རྟེན་ཀུན། །ཡང་དག་ཐབས་ཀྱིས་ཐར་བར་འདྲེན་པའི་ཕྱིར། །སྤྱན་རས་གཟིགས་ཞེས་སེམས་དཔའི་ཚུལ་བཟུང་བ། །རྒྱལ་སྲས་དཔའ་བོ་མཆོག་ལ་གསོལ་བ་འདེབས། །ཁྱོད་ནི་འཕགས་ཡུལ་དང་ནི་གངས་ལྗོངས་སུ། །ཆོས་ཀྱི་རྒྱལ་བློན་ལོ་པཎ་སྣ་ཚོགས་དང་། །སྔགས་འཆང་ཚུལ་གྱིས་འགྲོ་ཀུན་འདྲེན་པའི་དཔལ། །མཚུངས་བྲལ་བླ་མ་མཆོག་ལ་གསོལ་བ་འདེབས། །སྔ་འགྱུར་ཐེག་པའི་པད་མཚོར་སྐུ་འཁྲུངས་ཀྱང་། །བློ་བཟང་གྲགས་སྙན་བསྟན་པའི་གདུགས་དཀར་པོ། །སྲིད་རྩེའི་བར་དུ་བཏེགས་ལ་མི་ངལ་བ། །ཕན་བདེའི་གཉེན་ཅིག་ཁྱོད་ལ་གསོལ་འདེབས། །བདེ་ལྡན་ཞིང་མགོན་མི་ཡི་རྣམ་རོལ་ཅན། །པཎ་ཆེན་བློ་བཟང་ཡེ་ཤེས་སྤྱན་སྔ་རུ། །བསྟན་ལ་ལེགས་ཞུགས་ཚངས་དབྱངས་མཚན་གསོལ་བ། །ངུར་སྨྲིག་གར་གྱིས་རོལ་ལ་གསོལ་བ་འདེབས། །ཆོས་ཀྱི་གྲངས་ལྡན་དགུང་ལོར་ཉེར་བབས་དུས། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོར། །མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་རྩེར། །ཉེར་འཁོད་འཁོར་བསྒྱུར་ཁྱོད་ལ་གསོལ་བ་འདེབས། །བཤད་སྒྲུབ་བསྟན་པའི་འབྱུང་གནས་འབྲས་སྤུངས་དང་། །དགེ་ལྡན་རྣམ་རྒྱལ་སེ་ར་ཐེག་ཆེན་གླིང་། །ལ་སོགས་གདན་ས་ཆེ་བཞིའི་གཙུག་རྒྱན་དུ། །ཞབས་སེན་བཀོད་མཛད་ཁྱོད་ལ་གསོལ་བ་འདེབས། །ཇོ་བོའི་རྣམ་འཕྲུལ་དགེ་ལེགས་མཚན་ཅན་དང་། །དགེ་སློང་འཇམ་དབྱངས་གྲགས་པ་ལ་སོགས་པའི། །མཁས་གྲུབ་དུ་མའི་སྤྱན་སྔར་ཐོས་བསམ་གྱིས། །རྩོལ་བ་ལྷུང་བླངས་ཁྱོད་ལ་གསོལ་བ་འདེབས། །ཚིག་སྤྱི་ཤུན་པ་ཙམ་ལ་མ་ཞེན་པར། །མཁས་དབང་བྱེ་བས་གཞལ་དཀའི་དགོངས་པའི་གནད། །ཕྲ་མཛངས་ཞིབ་པའི་དྲི་མེད་བློ་གྲོས་ཆེས། །ཇི་བཞིན་གཟིགས་པ་ཁྱོད་ལ་གསོལ་བ་འདེབས། །ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ། །ལེགས་ཞུགས་དབང་དང་རིམ་གཉིས་ཟབ་མོའི་དོན། །ཐུགས་དམ་སྙིང་བོའི་མཐིལ་དུ་ལེགས་བསྣམས་པས། །འབྲས་བུ་མཆོག་ཏུ་སྨིན་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་དབང་པདྨ་འབྱུང་གནས་དང་། །ཨ་ཏི་ཤ་དང་འཇམ་མགོན་བླ་མ་སོགས། །མངོན་སུམ་གཟིགས་ཤིང་རྒྱུན་དུ་རྗེས་བཟུང་བས། །མཚུངས་བྲལ་སྐྱེས་བུ་མཆོག་ལ་གསོལ་བ་འདེབས། །གཞན་ཡང་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །མི་ཕམ་མགོན་དང་བརྟན་པའི་འཁོར་ལོ་སོགས། །ཡི་དམ་དུ་མས་རྗེས་བཟུང་བྱིན་གྱིས་བརླབས། །ལུང་བསྟན་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །སྐྱེ་འཕྲེང་གོང་མའི་རྣམ་ཐར་ལེགས་བསྐྱངས་ནས། །ལྷ་ལྡན་སྨོན་ལམ་ཆེན་མོའི་གསུང་ཆོས་སོགས། །ལེགས་བཤད་ཟབ་མོའི་བཅུད་ཀྱི་བུམ་བཟང་བོ། །བསྟན་འགྲོའི་ཕན་བདེ་སྤེལ་ལ་གསོལ་བ་འདེབས།     །རང་ལོ་ཉེར་ལྔའིབར་དུ་གངས་ལྗོངས་སུ། །མཁས་གྲུབ་བྱེ་བའི་གཙུག་གི་ཅོད་པན་ལ། །ཞབས་ཟུང་པདྨོ་བཀོད་པའི་གཟི་འོད་ཀྱིས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དེ་ཉིད་གྲངས་ཀྱི་དགུང་ལོར་ཉེར་སླེབས་ཚེ། །རྗེ་བཙུན་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། །བོད་ཀྱི་གདུལ་བྱ་རྫོགས་པའི་དུས་སྐབས་ཀྱིས། །ཙི་ནའི་ཕྱོགས་སུ་བསྐྱོད་ལ་གསོལ་བ་འདེབས། །མདའ་ལྔ་བ་ཡི་རིགས་གྱུར་དེ་བ་དྲ། །ལས་ཀྱི་འབྲེལ་བའི་རྒྱལ་བོའི་ཕོ་ཉ་བ། །ལ་སོགས་ནག་པོའི་ཕྱོགས་ཀྱི་དཔུང་ཚོགས་རྣམས། །སྒྱུ་མ་ལྟ་བུར་གཟིགས་ལ་གསོལ་བ་འདེབས། །གང་ཚེ་སེངྒེའི་རྒྱལ་བོ་རལ་གཅིག་བཞིན། །འཇིགས་པ་མེད་པར་འགྲོ་བའི་དོན་དུ་གཤེགས། །ཆོས་རྒྱལ་བཙན་པོའི་གདན་ཁྲི་ལམ་རྩྭ་བཞིན། །དོར་ཚེ་ཆགས་བྲལ་ཁྱོད་ལ་གསོལ་བ་འདེབས། །ཁྲི་ཤོག་རྒྱལ་མོའི་ཀུན་དགའ་ནོར་གྱི་སར། །འཇམ་དབྱངས་གོང་མའི་གསེར་ཡིག་ཕོ་ཉ་བར། །འབྱོར་བས་རྐྱེན་གྱིས་སེམས་ཅན་སྲོག་སྐྱོབ་ཕྱིར། །སྦས་པའི་བརྟུལ་ཞུགས་འཛིན་ལ་གསོལ་བ་འདེབས། །དེར་ནི་འདོད་ཁམས་དབང་མོས་མངོན་སུམ་དུ། །ལམ་སྣ་མཛད་དེ་ཁམས་ཀྱི་ཕྱོགས་སུ་བསྐྱོད། །ཚ་ཁོ་ངག་དབང་གྲགས་པའི་གདན་ས་སོགས། །ཀུན་ཏུ་གནས་སྐོར་མཛད་ལ་གསོལ་བ་འདེབས། །རིམ་གྱིས་བྱོན་ཏེ་རྒྱ་ནག་གླང་ཆེན་རི། །ལི་ཐང་དགོན་དང་སྡེ་དགེ་ལ་སོགས་པར། །གང་ལ་གང་འདུལ་ཚུལ་གྱིས་འགྲོ་དོན་ལ། །བརྩོན་པ་ལྷུན་བླངས་ཁྱོད་ལ་གསོལ་བ་འདེབས། །སྟོན་པས་བྱིན་རླབས་གྲོང་ཁྱེར་རྩྭ་ཅན་སོགས། །ཀུན་ཏུ་དཀའ་བ་སྤྱད་ཅིང་སྒྲུབ་པ་མཛད། །བདག་བས་གཞན་གཅེས་བསྒོམ་པའི་སྙིང་སྟོབས་ཀྱིས། །གཞན་དོན་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས། །ཊཱ་ཀི་གནས་ཆེན་ཀ་མ་རུ་པ་རུ། །དཔལ་གྱི་མགོན་པོ་བྲམ་ཟེའི་གཟུགས་ཅན་གྱིས། །མཁའ་འགྲོ་བྱེ་བ་འདུས་པའི་ཚོགས་དཔོན་དུ། །བཀོད་ནས་སྤྱི་བོར་བསྟེན་ལ་གསོལ་བ་འདེབས། །དེ་ནས་རིམ་གྱིས་བོད་དུ་མངོན་ཕྱོགས་ནས། །བྱོན་ཏེ་ལྷ་ལྡན་སེ་འབྲས་སོགས་སུ་མཇལ། །རྗེ་བཙུན་དགེ་ལེགས་རྒྱ་མཚོའི་ཞབས་དྲུང་ནས། །ཆོས་ཀྱི་དགའ་སྟོན་འགྱེད་ལ་གསོལ་བ་འདེབས། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཏུ། །འཇམ་མགོན་བླ་མའི་སྐུ་གདུང་རིན་ཆེན་དང་། །མཇལ་ཚེ་དམ་ཅན་ཆོས་རྒྱལ་མངོན་སུམ་དུ། །བྱོན་ནས་འཕྲིན་ལས་བསྒྲུབས་ལ་གསོལ་བ་འདེབས། །དཔལ་ལྡན་འཁོར་ལོ་སྡོམ་པའི་སྒྲུབ་གནས་མཆོག  །གངས་དཀར་ཏེ་སེར་མཚན་ལྡན་བླ་མ་ལས། །བདེ་མཆོག་ལཱུ་དྲིལ་ན་རོ་ཆོས་དྲུག་གི །མྱོང་ཁྲིད་ལེགས་པར་མནོས་ལ་གསོལ་བ་འདེབས། །ཅིག་ཅར་ཞེས་བྱར་གཅིག་པུར་མི་ཟས་སྤང་། །རས་བརྐྱངས་བྱས་ཏེ་སྒྲུབ་ལ་ནན་ཏན་མཛད། །གཏུམ་མོའི་མེ་དྲོད་འབར་བ་ལ་སོགས་པའི། །ཉམས་རྟོགས་མཆོག་བརྙེས་ཁྱོད་ལ་གསོལ་བ་འདེབས། །དེར་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། །ཊཱ་ཀཱིའི་ཕོ་ཉས་ཁྱོད་ཉིད་ཚོགས་དོན་དུ། །བཀོད་ནས་སྣང་སྲིད་མཁའ་འགྲོ་མ་ཚོགས་ཀྱིས། །རྡོ་རྗེའི་གླུ་ཡིས་མཆོད་ལ་གསོལ་བ་འདེབས། །དཔལ་ལྡན་འཇམ་མགོན་བླ་མའི་སྒྲུབ་གནས་མཆོག །འོལ་ཁ་གངས་ནང་ཞེས་བྱའི་རི་ཁྲོད་དུ། །བཅུད་ལེན་བསྟེན་ཅིང་ཟླ་བ་བཅུ་གཅིག་ཙམ། །སྒྲུབ་པ་སྙིང་བོར་མཛད་ལ་གསོལ་བ་འདེབས། །དེ་སྐབས་འཇའ་ཚོན་སྣ་ལྔའི་གུར་གྱི་དབུས། །ཡབ་རྗེའི་བླ་མའི་ཐུགས་ཀར་འཇམ་དབྱངས་དང་། །དག་པ་རྣམ་བརྒྱད་འཁོར་གྱིས་ཡོངས་བསྐོར་བ། །མངོན་གཟིགས་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །སླར་ཡང་གཙོ་བོ་བདེ་མཆོག་ཡབ་ཡུམ་གྱི། །གཡས་སུ་ཇོ་བོ་ཆེན་པོ་ཨ་ཏི་ཤ །གཡོན་ཏུ་པད་འབྱུང་མདུན་དུ་འཇམ་མགོན་བླ། །བཞུགས་པ་མངོན་གསུམ་གཟིགས་ལ་གསོལ་བ་འདེབས། །དེ་མཐར་མཁའ་འགྲོ་མ་ཚོགས་དཔག་མེད་ཀྱིས། །གར་སྟབས་མཛད་སྐབས་འབྲས་ཀྱི་ཆར་བ་བབས། །བསྐོལ་ནས་བཞེས་པས་དགའ་བདེ་ཆེས་ཆེར་གཡོས། །གྲུབ་མཚན་མངོན་སུམ་བརྙེས་ལ་གསོལ་བ་འདེབས། །མངོན་པར་ཤེས་དང་རྫུ་འཕྲུལ་ཏིང་འཛིན་དང་། །ཕྱི་ནང་ཡོན་ཏན་མངོན་རྟོགས་མ་ལུས་པ། །ཐུགས་ཆུད་སྒྱུ་ལུས་འདོད་དགུར་བསྒྱུར་བ་སོགས། །གང་ལའང་ཐོགས་མེད་མཛད་ལ་གསོལ་བ་འདེབས། །དེ་ནས་དབུས་རུར་མངོན་དུ་ཕྱོགས་པའི་ཚེ། །སྲིད་པའི་གངས་ཆེན་འོ་དེ་གོང་རྒྱལ་རྩེར། །སེངྒེ་རོལ་དུ་ཁྲིད་ནས་རྫུ་འཕྲུལ་གྱིས། །ངོ་མཚར་བཀོད་པ་བསྟེན་ལ་གསོལ་བ་འདེབས། །དེ་ལྟར་མཛད་པའི་གྲགས་སྙན་བདུད་རིགས་ཀྱི། །དེ་བ་དྲ་ཡིས་ཐོས་ཏེ་མ་བཟོད་པར། །རྗེ་བཙུན་སྐུ་ལ་ངལ་བ་ཞུས་རྐྱེན་གྱིས། །ཡི་དམ་མངོན་སུ་གཟིགས་ལ་གསོལ་བ་འདེབས། །དེར་ནི་དཔལ་ལྡན་འདོད་ཁམས་རེ་མ་ཏི། །མངོན་སུམ་བྱོན་ནས་བདུད་རིགས་ཚར་གཅོད་ཅིང་། །ད་འགྲོ་གསུངས་ནས་རྒྱ་གར་འཕགས་ཡུལ་དུ། །སྐྱོང་མཛད་སྐྱེས་བུ་མཆོག་ལ་གསོལ་བ་འདེབས། །དེ་ནས་རིམ་གྱིས་བལ་བོའི་གྲོང་ཁྱེར་དུ། །ཇོ་བོ་བ་ཏི་བྱ་རུང་ཁ་ཤོར་ལ། །མཇལ་ནས་བྱ་རྒོད་ཕུང་བོའི་རི་བོ་སོགས། །ཀུན་ཏུ་ཕྱག་བསྐོར་མཛད་ལ་གསོལ་བ་འདེབས། །དཔལ་ལྡན་ན་རོ་ཏ་བའི་གདན་ས་མཆོག །བུ་ལ་ཧ་རིར་གསེར་གྱིས་བསྙེན་བཀུར་བསྟབས། །བདེ་མཆོག་འཁོར་ལོ་སྡོམ་པའི་དུས་བསྙེན་མཛད། །གྲུབ་པ་མཆོག་བརྙེས་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བའི་བསོད་ནམས་ལས་གྲུབ་གླང་བོ་མཆོག  །ས་ལ་རབ་བརྟན་མངོན་སུམ་གཟིགས་པ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་ཚོགས་ཀྱི། །བཀྲ་ཤིས་དཔལ་གྱིས་རོལ་ལ་གསོལ་བ་འདེབས། །སླར་ཡང་དབུས་གཙང་ཕྱོགས་སུ་སྐྱོད་མཛད་ཅིང་། །མོན་ཡུལ་དྭགས་ཀོང་ཨེ་ཡི་ལུང་བ་སོགས། །ཀུན་ཏུ་སྒྲུབ་པ་མཛད་ཅིང་རྫུ་འཕྲུལ་གྱིས། །འགྲོ་དོན་རྒྱ་ཆེན་མཛད་ལ་གསོལ་བ་འདེབས། །ཆོས་འཁོར་རྒྱལ་གྱི་བླ་མཚོར་གཟིགས་པའི་ཚེ། །འདོད་ཁམས་དབང་མོས་མཚོ་ཡི་མེ་ལོང་ལ། །བེ་ཅོན་བཙུགས་ནས་བྱང་གི་གདུལ་བྱའི་ཚོགས། །མངོན་གསུམ་གསལ་བར་བསྟན་ལ་གསོལ་བར་འདེབས། །དེ་ནས་དགུང་ལོ་སོ་བཞིར་ཉེར་སླེབས་ཚེ། །ཀུན་ད་ལྟར་དཀར་དགེ་ཚོགས་བཟང་པོའི་ལས། །ཡོངས་སུ་སད་པའི་བྱང་ཕྱོགས་གདུལ་བྱའི་ཚོགས། །འདྲེན་སྐལ་མངོན་བྱུང་གཟིགས་ལ་གསོལ་འདེབས། །ལོ་དེའི་དཔྱིད་ཀར་ར་ས་འཕྲུལ་སྣང་ནས། །སྤས་པའི་ཚུལ་གྱིས་གཙོ་འཁོར་བཅུ་ལྷག་ཙམ། །བརྩེ་བའི་རྦ་རླབས་གཡོས་པའི་ཀུན་བསྐྱོད་ནས། །བསམ་བཞིན་འབྱོན་པར་མཛད་ལ་གསོལ་བ་འདེབས། །འཇམ་མགོན་ཡབ་རྗེ་མཆོག་ཉིད་སྐུ་འཁྲུངས་པའི། །ཙོང་ཁའི་ཡུལ་དུ་ཆོས་ཀྱི་སྡེ་ཆེན་པོའི། །བླ་མ་དགེ་འདུན་སྡེ་དང་བཅས་རྣམས་ཀྱིས། །སྤྱི་བོར་རྒྱན་དུ་བསྟེན་ལ་གསོལ་བ་འདེབས། །དགུན་ཟླ་ར་བའི་ཚེས་ཆེན་བཅུ་གཉིས་ལ། །ཐུབ་དབང་མཆོག་དང་གནས་བརྟན་བཅུ་དྲུག་གིས། །མངོན་སུམ་བྱིན་རླབས་ཨ་ལག་ཤ་ཡ་རིར། །བརྩེ་བས་ཞབས་ཟུང་བཀོད་ལ་གསོལ་བའདེབས། །སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག  །རྗེ་བཙུན་ངག་དབང་རྡོ་རྗེ་གཟིགས་ཙམ་གྱིས། །མི་དབང་སངས་རྒྱས་རྒྱ་མཚོའི་ཡང་སྲིད་དུ། །འཁྲུལ་མེད་ལུང་བསྟན་མཛད་ལ་གསོལ་བ་འདེབས། །ཆེན་པོ་ཧོར་གྱི་ཡངས་པའི་རྒྱལ་ཁམས་སུ། །ལས་ཀྱི་འབྲེལ་བའི་བགྲང་ཡས་གདུལ་བྱ་རྣམས། །མཚོ་ལ་ངང་འཚོགས་བཞིན་དུ་འདུས་པ་ལ། །བྱམས་བརྩེས་སྐྱོང་བར་མཛད་ལ་གསོལ་བ་འདེབས། །མདོ་སྨད་ཁམས་སུ་ཆོས་སྡེ་བཅུ་གསུམ་གྱི། །མཁན་པོ་མཛད་ཚེ་བསླབ་གསུམ་ཉམས་ལེན་དང་། །སྡེ་སྣོད་གསུམ་གྱི་འཆད་ཉན་ཟབ་རྒྱས་ཀྱིས། །རྒྱལ་བསྟན་གསལ་བར་མཛད་ལ་གསོལ་བ་འདེབས། །ཁྱད་པར་བཀའ་གདམས་གླེགས་བམ་རིན་ཆེན་ལས། །ལུང་དུ་བསྟན་པ་(ཐོས་བསམ་དར་རྒྱས་གླིང་)། །དཀའ་བ་བརྒྱ་ཕྲག་དུ་མས་ལེགས་བསྐྲུན་ནས། །བསྟན་པའི་མེ་རོ་གསོས་ལ་གསོལ་བ་འདེབས། །ཏཱེ་ཐུང་ཐོས་བསམ་དར་རྒྱས་གླིང་མཆོག་དུ། །ཆོ་འཕྲུལ་སྨོན་ལམ་ཆེན་པོ་གསར་འཛུགས་དང་། །དཔལ་ལྡན་སྨད་རྒྱུད་ཕྱག་ལེན་ཇི་བཞིན་དུ། །རྒྱུད་གྲྭ་བཞེངས་པར་མཛད་ལ་གསོལ་བ་འདེབས། །ས་མོ་ལུག་གི་ལོ་ལ་ཨ་ལག་ཤར། །ལྷ་ལྡན་སྨོན་ལམ་ཇི་བཞིན་འཛུགས་པར་མཛད། །གསུང་ཆོས་མཆོད་འཕྲེང་བྱམས་པ་ཆོས་སྐོར་སོགས། །བསྟན་འགྲོའི་ལེགས་ཚོགས་སྤེལ་ལ་གསོལ་བ་འདེབས། །གཞན་ཡང་མཐའ་འཁོབ་ཧོར་ཡུལ་གཞན་རྣམས་སུ། །ཚིག་སྤྱིའི་བཤད་སྒྲུབ་རྟགས་ཙམ་གནས་པ་ལ། །གཞི་གསུམ་ཆོ་གའི་ཕྱག་ལེན་སྤེལ་བ་སོགས། །བསྟན་པའི་བྱ་བ་མཛད་ལ་གསོལ་བ་འདེབས། །མདོར་ན་ཆེན་པོ་ཧོར་གྱི་རྒྱལ་ཁམས་འདིར། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་བའི་དུས། །ལུང་རྟོགས་གཉིས་ཀྱིས་བསྡུས་པའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་སྐུ་ཡི་རྣམ་པ་དང་། །ཚངས་དབྱངས་གསུང་གིས་ལེགས་བཤད་སྒྲོགས་པ་སོགས། །མཐོང་ཐོས་དྲན་པའི་འགྲོ་བ་མ་ལུས་པ། །ཕུན་ཚོགས་དོན་ལྡན་མཛད་ལ་གསོལ་བ་འདེབས། །མེ་སྟག་དགུང་ལོ་རེ་བཞིར་སླེབས་པ་ན། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །བསམ་བཞིན་སྐུ་ཡི་བཀོད་པ་ཉེར་སྡུད་ཚེ། །མཁའ་འགྲོས་མཆོད་ཚོགས་ཕུལ་ལ་གསོལ་བ་འདེབས། །དེ་སྐབས་ནམ་མཁར་འཇའ་ཚོན་འཁྲིགས་པ་དང་། །གཟུགས་མི་མངོན་པའི་རོལ་ཆ་ཕྱོགས་ཀུན་ཏུ། །སྣ་ཚོགས་སྒྲ་སྙན་སྒྲོགས་པ་ལ་སོགས་པའི། །ངོ་མཚར་ལྟས་བཟང་བསྟན་ལ་གསོལ་བ་འདེབས། །སྐུ་ལས་ཚུལ་ཁྲིམས་དྲི་ངད་འཕྲོ་བ་དང་། །ཁ་དོག་སྣ་ལྔའི་བདུད་རྩི་འབབ་པ་དང་། །དབུ་ཡི་གཙུག་ཏོར་མངོན་པར་འཕགས་པ་སོགས། །ཡ་མཚན་མཛད་པ་བསྟན་ལ་གསོལ་བ་འདེབས། །ཐུན་མོང་གདུལ་བྱར་བསྟན་ཀྱང་ངེས་དོན་དུ། །རྡོ་རྗེའི་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ཞིང་། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པར་འབུལ། །སྒོ་གསུམ་སྡིག་ལྟུང་མ་ལུས་སོ་སོར་བཤགས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་རྗེས་ཡི་རངས། །རང་གཞན་རྒྱུད་ལ་ཆོས་འཁོར་བསྐོར་བར་བསྐུལ། །འཕྲིན་ལས་རྒྱུན་ཆད་མེད་པར་རྟག་ཏུ་བཞུགས། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་ཁྱོད་ཀྱི་མཛད་བཟང་རྒྱ་མཚོ་ལས། །སྐྲ་ཡི་རྩེ་མོས་བཅུས་པའི་ཆུ་ཐིགས་ཙམ། །ཅུང་ཟད་བརྗོད་པའི་དགེ་བ་འདི་ཡི་མཐུས། །བསྟན་པའི་རྒྱལ་མཚན་ཡུན་རིང་གནས་གྱུར་ཅིག །དེང་ནས་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །བདག་ཅག་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་པ་ལ། །བརྩོན་པ་ལྷུར་ལེན་བྱེད་པར་བྱིན་གྱིས་རློབས། །མཐོ་རིས་ཡོན་ཏན་དུ་མས་ཉེར་མཛེས་པའི། །དལ་འབྱོར་རྟེན་ཐོབ་བསྟན་ལ་ལེགས་ཞུགས་ནས། །རང་གི་ཞི་བདེའི་དོན་དུ་མི་གཉེར་བར། །གཞན་དོན་འབའ་ཞིག་གྲུབ་པར་བྱིན་གྱིས་རློབས། །རྙོག་བྲལ་མི་མཐུན་ཕྱོགས་ཀྱིས་རབ་དབེན་པའི། །ཆེས་གསལ་མྱུར་ཟབ་འཛོམས་པའི་བློ་གྲོས་ཀྱིས། །གསུང་རབ་དགོངས་དོན་ཇི་བཞིན་རབ་རྟོགས་ནས། །བསྟན་འགྲོའི་ཕན་བདེ་སྤེལ་བར་བྱིན་གྱིས་རློབས། །ཁྱད་པར་རྒྱུད་སྡེ་རྒྱ་མཚོར་ངེས་རྙེད་ནས། །མྱུར་ལམ་མཐར་ཐུག་རིམ་གཉིས་ཟབ་མོའི་གནད། །རྩེ་གཅིག་ཉམས་སུ་ལེན་ལ་ཕྱི་ནང་གི །འགལ་རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །དཔལ་ལྡན་ཐོག་མའི་མགོན་པོའི་དགོངས་པ་མཆོག །བླ་མེད་རྡོ་རྗེ་ཐེག་པ་ལེགས་བཟུང་ནས། །སྐུ་གསུམ་མཆོག་བརྙེས་ས་ར་ཧ་བཞིན་དུ། །གསང་སྔགས་ཉིན་མོར་བྱེད་པར་བྱིན་གྱིས་རློབས། །མདོར་ན་ཚུལ་འདིས་བདག་གཞན་འགྲོ་བ་ཀུན། །སྒྲིབ་གཉིས་སྤྲིན་དང་མྱུར་དུ་བྲལ་གྱུར་ཏེ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་སྣང་བྱེད་མཆོག །རྣལ་འདྲེན་རྒྱལ་བའི་གོ་འཕང་བརྙེས་གྱུར་ཅིག །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཆེས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །
    ཅེས་ས་གསུམ་འགྲོ་བའི་བླ་མ་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་བྱིན་རླབས་ཀུན་འབྱུང་ཞེས་བྱ་བ་འདི་ནི།དགའ་ལྡན་བསྟན་རྒྱས་གླིང་གི་སྔགས་པ་བླ་མ་ཡེ་ཤེས་ཐབས་མཁས། ཕྱག་མཛོད་བ་ཆི་ཧུ་ལ་ནང་སོ་དཔོན་ཆུང་དམ་ཆོས་རིན་ཆེན། པ་ཐ་ཞབས་དྲུང་ཆིད་བི་ཤི་རིལ་ཐུ་དམ་ཆོས་བཀྲ་ཤིས། མེར་གེན་ཆོས་རྗེ་བསོད་ནམས་རིན་ཆེན། ཨ་པ་གྷ་དགེ་སློང་ངག་དབང་ཤེས་རབ་བཅས་བྱིས་རྟོགས་པ་ལ་སོང་བའི་གྲྭ་རིགས་རྣམས་ཀྱིས་མཎྜལ་ཁ་བཏགས་བཅས་བསྟབས་ཏེ་རྣམ་ཐར་གསོལ་འདེབས་མདོར་བསྡུས་གོ་བདེ་བ་ཞིག་དགོས་ཡང་ཡང་བསྐུལ་བ་དང་ལྷན་དུ། རང་གིས་ཀྱང་དད་པས་ཀུན་ནས་བསླངས་ཏེ། དམ་པ་དེ་ཉིད་ཀྱི་བཀའ་དྲིན་གཟོ་བའི་ཕྱིར་དུ། རྗེ་བཙུན་ངག་དབང་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པའི་༧དམ་པ་གང་དེའི་རྣམ་ཐར་ཏམྦུ་རའི་སྒྲ་དབྱངས་ལ་གཞི་བྱས་ཏེ་སྡོམ་ཙམ་ཞིག་མདོར་བསྡུས་སུ་བྱས་པ། ཨ་ལག་ཤའི༧དྭགས་པོ་ཧུ་ཐོག་ཐུ་བློ་བཟང་ཐུབ་བསྟན་རྒྱ་མཚོས་ཨ་གྷ་པ་ཅོ་རིག་ཐུ་ཝང་གི་ས་ཆ་བི་ལ་ཀི་ཁུ་ཚ་ལྷན་ནོར་ནས། ཤིང་ཡོས་ལོར༧དམ་པ་མཆོག་དེས་བྱིན་གྱིས་བརླབས་པའི་ཟླ་བ་ལྔ་བའི་ཚེས་པ་བདུན། འཕེལ་གྱི་སྦྱོར་བ། དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་སྦྱར་བའི་ཡི་གེ་བ་ནི་རིག་གནས་རྒྱ་མཚོ་ལ་རྣམ་དཔྱོད་ཡངས་པའི་ཆོས་རྗེ་བསོད་ནམས་རིན་ཆེན་ནོ། །
      དཔའ་དོན་གྱིས་གཏག་སྟེ་མཚམས་སྦྱོར་བྱས།)
    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

    གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
    དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།