བཙུན་མ་ལོང་བ་ཞིག་གིས་ཕར་ཕྱིན་དམ་བཅའ་བཞག་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-09-04 18:31:43     རྩོམ་པ་པོ།   བྱ་མདོ་སྐལ་རྒྱན།    ཀློག་ཐེངས།  

ཉེ་བའི་ཆར་ང་ཕ་ཡུལ་དུ་བཙུན་མའི་དགུན་ཆོས་ལ་མཇལ་དུ་སོང་བ་ཡིན། དགུན་ཆོས་སྐབས་བཙུན་དགོན་འགའ་མཉམ་འདུས་ཀྱིས་རང་སོ་སོའི་དགོན་པར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་ཟིན་རྣམས་ལ་བསྐྱར་དུ་ཕར་ཕྱིན་རབ་འབྱམས་པའི་རྒྱུགས་ལེན་བཞིན་འདུག དེ་ནི་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཤིག་དང་།བོད་ཀྱི་བཙུན་མའི་སྡེའི་སློབ་གཉེར་གྱི་མཐུན་རྐྱེན་ལ་མེད་དུ་མི་རུང་བའི་ཕྱག་བཞེས་བཟང་བོ་ཞིག་ཏུ་མཐོང་། 

རྒྱུགས་སྤྲོད་ལ་ཞུགས་མཁན་མི་སྣ་བདུན་ཅུ་ལྷག་ཡོད་པ་དང་རྒྱུགས་སྤྲོད་གོ་རིམ་ནི་འབྲི་རྒྱུགས་དང་བློ་རྒྱུགས། རྩོད་རྒྱུགས་དང་འཆད་རྒྱུགས་བཅས་དེང་རབས་ཀྱིས་བརྒྱན་པའི་རྒྱུགས་སྤྲོད་ལེན་སྟངས་གསར་བ་ཞིག་རེད། འདི་ནི་བོད་ཀྱི་དགོན་སྡེ་ཆེ་ཁག་དག་གིས་གསར་དུ་ཁ་སྣོན་བྱས་པའི་སློབ་གཉེར་བྱེད་སྟངས་ཤིག་དང་ཡང་ན་དགོན་སྡེ་སློབ་གཉེར་གྱི་ཐབས་ལམ་གསར་བ་ཞིག་ཀྱང་ཡིན་པས་འཆད་ཉན་ཡོད་པའི་བཙུན་མའི་དགོན་སྡེ་ཁག་གིས་ཀྱང་དེ་འདྲའི་ཕྱག་བཞེས་བཟང་བོར་བརྩོན་ལེན་དང་ལག་ལེན་དུ་བསྟར་བཞིན་འདུག 

 ཡིན་ན་ཡང་ཧང་སང་བ་ཞིག་ནི་དེང་དུས་བཙུན་མར་ཕར་ཕྱིན་རབ་འབྱམས་པ་ཡོད་པས་མ་ཡིན་པར་བཙུན་མ་ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ཞུགས་མཁན་ཁྲོད་དུ་བཙུན་མ་ལོང་བ་ཞིག་མཐོང་བས་ཡིན། སྤྱིར་ན་རྒྱུགས་སྤྲོད་སྐབས་རྒྱུན་ལྡན་ལྟར་མི་གཅིག་རེ་བར་ཐག་ཡོད་པའི་སྒོ་ནས་འདུག་དགོས་པ་ལས། མི་གཉིས་མཉམ་དུ་འདུག་པའི་སྲོལ་མེད་མོད། ང་རྒྱུགས་རར་འགྲོ་དུས་བཙུན་མ་གཉིས་ཀྱིས་དྲི་ཤོག་གཅིག་ལ་ལྟ་བཞིན་དྲིས་ལན་འབྲི་བར་གྲ་སྒྲིག་བྱེད་བཞིན་འདུག  ཁོ་མོས་རྒྱུགས་འབྲི་བཞིན་པའི་སྐབས་སུ་ང་གན་དུ་སོང་སྟེ་ཁོ་མོའི་རྩིབ་ན་ཡོད་པའི་བཙུན་མ་དེར་ཨ་ནེ་ཡི་སྤྱན་གྱིས་མི་གཟིགས་སམ་ཞེས་དྲིས་པ་ཡིན། དེས་ཁོ་མོའི་མིག་གིས་རིག་ནི་མ་རེད་ཟེར། དེ་བས་ངས་བཙུན་མ་འདི་ལ་དོ་སྣང་བྱས་པ་ཡིན། ཁོ་མོའི་རྩིབ་ན་བཙུན་མ་ཞིག་འདུག་པ་འདི་བཙུན་མ་ལོང་བ་འདིའི་དྲུང་ཡིག་རེད།  དྲུང་ཡིག་གིས་འབྲི་རྒྱུགས་ཀྱི་དྲི་བ་ཁོ་མོའི་རྣ་ལམ་དུ་ལེགས་པར་བཏོན་པ་ན། ཁོ་མོས་གཟབ་ནན་གྱིས་བསམ་གཞིག་ཡུན་རིང་ལ་བཏང་རྗེས། དྲུང་ཡིག་ལ་འདི་ལྟར་ཕྲིས་ཟེར་བཞིན་བློ་ཐོག་ནས་དྲིས་ལན་འདེབས་བཞིན་འདུག དེ་ནི་ང་མཚོན་ན་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། ངས་ཁོ་གཉིས་མཉམ་འབྲེལ་གྱིས་རྒྱུགས་ཤོག་འབྲི་བ་ལ་ཅུང་ཙམ་དོགས་པ་ཟོས་སོང་། དོགས་པ་ནི་དྲུང་ཡིག་གིས་དཔེ་ཆར་ལྟ་བཞིན་འབྲི་བ་སོགས་མ་ཡིན་པར་ཁོ་མོ་གཉིས་མཉམ་འབྲེལ་གྱིས་དྲིས་ལན་འདེབས་པར་ཐེ་ཚོམ་ཟ་བ་ཡིན། ཡིན་ཡང་རྒྱུགས་ར་དོ་དམ་ཞིབ་ཚགས་ཡིན་པར་མ་ཟད། རྒྱུགས་ཞིབ་རྒྱུན་ལས་མི་སྣ་དག་དང་བཙུན་དགོན་དག་གི་དགེ་རྒན་རྣམས། ད་རུང་དེར་ཕེབས་དགེ་བཤེས་རྣམ་པས་གཟིགས་ཞིབ་གནང་བཞིན་འདུག་པས་དེ་ལ་རྒྱུ་མཚན་ཞིག་ལོས་ཡོད་འདོད། རྒྱུགས་ར་ཧ་ཅང་ལྷིང་འཇགས་ཡིན་པ་དང་བཙུན་མ་སོ་སོས་ནན་ཏན་གྱིས་དྲིས་ལན་འབྲི་བཞིན་འདུག སྐབས་དེར་ངས་ཁོ་མོས་དྲིས་ལན་འབྲི་བཞིན་པར་བལྟས་པ་ཡིན།དྲུང་ཡིག་གིས་ཁོ་མོས་གསུང་བ་ཇི་བཞིན་ཟིན་བྲིས་ལ་འདེབས་བཞིན་པ་དེ་ནི། གཞུང་ཚན་གྱི་གོ་དོན་དང་། མཚན་ཉིད། རབ་དབྱེ་སོགས་ངེས་ཆ་དང་བཅས་ཡི་གེར་འགོད་བཞིན་པ་དང་། དྲུང་ཡིག་གི་ཡིག་གཟུགས་མཛེས་པར་མ་ཟད། སུམ་རྟགས་དག་གསུམ་གྱི་འགྲོ་རིམ་དང་ཡང་མཐུན་པ་ཞིག་རེད།དྲི་བ་བཅུ་ལས་བདུན་ལ་ངེས་པར་ལན་འདེབས་དགོས་པས་ཁོ་མོས་བསམ་བློ་གཏོང་བཞིན་མུ་མཐུད་ནས་དྲིས་ལན་འདེབས་བཞིན་འདུག

 འབྲི་རྒྱུགས་སྔ་དྲོ་ཚར་བ་དང་ཕྱི་དྲོ་བློ་རྒྱུགས་རེད། བློ་རྒྱུགས་ནི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་ཚིག་རྐང་གཉིས་རེ་རྒྱུགས་ཤོག་ཏུ་བྲིས་ཡོད་པ་དེ་ལ་ཚིག་རྐང་ཕྱི་མ་གཉིས་ཀྱིས་ཁ་བསྐང་དགོས་པ་ཞིག་ཡིན་པས་ཧ་ལམ་འབྲི་རྒྱུགས་དང་འདྲ་བོ་འདུག དེ་ནི་རྒྱུན་ལས་ཚོགས་པས་དུས་ཚོད་དམ་འཛིན་དུ་བློ་རྒྱུགས་ཡིག་ཐོག་ནས་བླངས་པ་ཞིག་རེད།

 རྩོད་རྒྱུགས་ནི་བྱང་རྒྱུགས་ཡིན་ཞིང་ཁྱབ་མགོ་གསུམ་མམ་ཟུར་གསུམ་ཅན་གྱི་རྩོད་ཤོག་ཅིག་རེད། རྩོད་པ་འཛུགས་སྐབས་དུས་ཡུན་སྐར་མ་ལྔ་ལ་རྩོད་དགོས་པ་དང་སྐར་མ་ལྔ་ལ་ཕྱི་རྒོལ་བྱས་ཏེ་ལན་འདེབས་དགོས་པ་དང་། ཁོ་མོ་ལ་དྲུང་ཡིག་གིས་རམ་འདེགས་འོག་རྩོད་ཤོག་བྱང་སྟེ་གང་ཞིག་བབས་པ་བཤད་རྗེས་རྩོད་ཡུལ་དུ་ཁྲིད་པ་ན་གཞི་ནས་ཁོ་མོས་རྟགས་གསལ་བཏང་སོང་། རྟགས་གསལ་བཏང་བ་ལུང་རིགས་གང་ཆ་ནས་རྣོ་ཞིང་ངར་བ་དང་ལན་འདེབས་དུས་ཀྱང་ངེས་ཆ་ཡོད་པ་དེར་ལྟོས་ན་ཁོ་མོས་ཐོས་བསམ་སློབ་གཉེར་མང་དུ་བྱས་པར་རྟོགས་ཐུབ། 

འཆད་རྒྱུགས་ཀྱང་བྱང་རྒྱུགས་ཡིན་ཞིང་འཆད་མགོ་གསུམ་གྱི་རང་བཞིན་ཅན་དང་། རང་ཉིད་ལ་གང་བབས་ན་འཆད་སྟེགས་མདུན་དུ་འཆད་དགོས་པ་རེད། ཁོ་མོ་ལ་འཆད་ཤོག་བྱང་དུ་བཅུག དེ་ནས་འཆད་སྟེགས་མདུན་དུ་ཐོན་པ་ན་དྲུང་ཡིག་གིས་ཁྱོད་ལ་བབས་པའི་འཆད་རྒྱུགས་ནང་དོན་འདི་རེད་ཅེས་ཁོ་མོའི་རྣ་ལམ་དུ་བཀླགས་པ་ན་ཁོ་མོས་ཅུང་ཙམ་འདང་བརྒྱབ་རྗེས་འཆད་ཁྲིད་བྱེད་མགོ་ཚུགས་སོང་ལ། འཆད་པའི་ཡུན་ནི་སྐར་མ་ལྔ་དང་འཆད་མགོ་གསུམ་ནས་སོ་སོར་བྱས་ཏེ་འཆད་ཁྲིད་གནང་དགོས་པ་ཞིག་རེད། འདི་ནི་མ་འོངས་པའི་བཙུན་མའི་དགེ་བཤེས་ལ་ནང་བསྟན་ལེགས་པར་འཆད་ཐུབ་པའི་གྲ་སྒྲིག་ཅིག་ཀྱང་ཡིན་ཚོད་རེད། ཐོག་མར་ཁོ་མོས་འདིར་བཞུགས་བཀའ་རབ་འབྱམས་དགེ་བཤེས་རྣམས་དང་རབ་འབྱམས་རྒྱུགས་སྤྲོད་ལ་ཕེབས་པའི་བཙུན་མ་བཅས་ལ་ཤིས་ཚིག་ཕུལ་བ་དང་། དེ་ནས་འཆད་པ་དངོས་ལ་བབས་ཏེ་རང་ལ་གང་བབས་པ་དེའི་ངོ་བོ་དང་མཚན་ཉིད། རབ་དབྱེ་སོགས་ཞིབ་ཏུ་འཆད་པ་དང་། རྗེས་སུ་དོགས་དཔྱོད་ཕྲན་ཙམ་གནང་རྗེས། འཆད་པའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་ཚིག་བཏོན་ཚར་མ་ཐག ཏག་ཏག་ལ་སྐར་མ་ལྔ་ལོང་བའི་དྲིལ་བརྡ་གྲགས་བྱུང་། ཁོ་མོ་ལོང་བ་ཡིན་ཡང་རྣ་ཡི་དབང་བོ་དང་ཡིད་ཚོར་རྣོན་པོ་ཞིག་ཡོད་པའི་ཚོར་བ་སྟེར། 

སྤྱན་ལྡན་སྟོང་ཕྲག་མང་བོས་ཀྱང་གཞུང་ཆེན་སློབ་གཉེར་གྱི་རྒྱུན་བསྐྱངས་དཀའ་བའི་དེང་གི་དུས་འདིར་ལོང་བ་སྐྱེས་མ་ཞིག་གིས་ཐེ་ཚོམ་མེད་པར་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་པ་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད་ཨང་།ཁོ་མོ་སུ་རེད་དམ་ཟེར་ན། ཁོ་མོའི་མིང་ལ་མ་ཅིག་རྣམ་འདྲེན་ཟེར་ཞིང་རྔ་ཡུལ་བཙུན་དགོན་བདེ་ཆེན་མཐར་ཕྱིན་གླིང་གི་བཙུན་མ་ཞིག་རེད། འོ་ན། ཁོ་མོ་ལོང་བ་ཞིག་གིས་དཔེ་གཟིགས་ཇི་ལྟར་གནང་བ་རེད་ཅེ་ན། སྒྲ་ཁོ་ན་ལ་ཉན་ཏེ་སློབ་གཉེར་བྱས་པ་དང་། བསྡུས་གྲྭ་གསུམ་དང་བློ་རྟགས། རྣམ་འགྲེལ་ཐར་ལམ་གསལ་བྱེད། ས་ལམ་གྲུབ་མཐའ། ཕར་ཕྱིན་ཟུར་བཀོད་དང་བཅས་པའི་གཞུང་ཆེན་ཁག་ལ་རྣ་བའི་དབང་བོ་ཁོ་ན་ལ་བརྟེན་ནས་ཐོས་པ་བྱས་པ་ཞིག་རེད། ཁོ་མོ་ལ་མཚོན་ན་ཐོས་པ་ཞེས་པའི་ཐ་སྙད་འདི་ཇི་འདྲའི་དོན་ལ་འབྱོར་བ་ཞིག་རེད་ཨང་། ངས་ཨ་མཆོག་བཙུན་དགོན་གྱི་དགེ་རྒན་ཨ་ལགས་སྙན་གྲགས་ལ་ཁོ་མོའི་གནས་ཚུལ་ཞིག་དྲིས་པ་ཡིན། ཨ་ལགས་ཀྱིས་གསུངས་པ་ལྟར་ན།ཁོ་མོ་ཆུང་དུས་ནད་ཀྱིས་དབང་གིས་ལོང་བར་གྱུར་བ་ཞིག་རེད། དེ་བས་བཙུན་མ་བྱས་ཤིང་རིམ་གྱིས་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་པའི་མགོ་ཚུགས་པ་རེད།ཁོ་མོ་བློ་འཛིན་ལ་ཧ་ལས་པ་ཞིག་ཡིན་འདུག  །ཁོ་མོའི་བློ་འཛིན་དགེ་རྒན་ནམ་གནས་ཀྱི་བླ་མའི་མིང་ལ་བསྟན་འཛིན་སྒྲོལ་མ་ཟེར། བཙུན་མ་རྒན་པ་ཞིག་ཡིན། ཨ་ནེ་འདིས་ཁོ་མོ་བདག་སྐྱོང་བྱས་ཏེ། དགོན་པའི་འདོན་ཆོ་ག་ཆོས་སྤྱོད་སྐྱབས་འགྲོ། ལྟུང་བཤགས་ནས་བཟུང་སྟེ། སྨོན་ལམ་ཆ་ཚང་། བླ་མཆོད་ཚོགས་དང་བཅས་པ། རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་བདག་འཇུག་ཚོགས་དང་སྦྱིན་སྲེག་དང་བཅས་པ། གཅོད་ཀྱི་ཆོ་ག་བདག་འཇུག་ཚོགས་དང་སྦྱིན་སྲེག་དང་བཅས་པ། གནས་བཅུའི་ཕྱག་མཆོད། མ་ཎིའི་ཆོ་ག འཇིགས་བྱེད། མདོར་ན་དགོན་འདིའི་ཆོས་སྤྱོད་ཆ་ཚང་བ་དགེ་རྒན་བསྟན་འཛིན་སྒྲོལ་མས་ཀློག་འདོན་བྱས་ཏེ་བློར་བཟུང་བ་དང་། འཛིན་གྲྭའི་འཆད་རྒྱུགས་དང་རྩོད་རྒྱུགས། རྩོད་མཚམས་རྒྱུགས་རིང་སོགས་ནས་གཙོ་བོ་བཙུན་མ་ཆོས་བཟང་༼   ཁོ་མོ་གཉིས་འཛིན་གྲྭ་གཅིག་ཡིན་པ་དང་བཙུན་མ་ཆོས་བཟང་ནི་འཛིན་གྲྭའི་ནང་གི་དཔེ་ཆ་བ་བཟང་ཤོས་ཤིག་ཡིན།  ༽གིས་ཀློག་འདོན་དགེ་རྒན་བྱས་ཏེ། ས་ལམ། མངོན་རྟོགས་རྒྱན་དང་དྲང་ངེས་ལེགས་བཤད་སྙིང་བོ། སྐབས་བཞི་བའི་སྡོམ་དང་། ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་ཀའི་རིང་ལུགས། རྟེན་འབྲེལ་བསྟོད་པ། སྤྱོད་འཇུག་དང་དབུ་མ་འཇུག་པ།འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། ལོ་རེའི་རྩོད་མཚམས་ཆ་ཚང་བ་བློར་བཟུང་བ་མ་ཟད། ལམ་རིམ་ཆེན་མོ་ཡང་བློར་བཟུང་ཚར་ཡོད་པ་རེད། དགེ་རྒན་འདི་གཉིས་ཁོ་མོ་ལ་མཚོན་ན་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་རེད། ཁོ་མོས་དཔེ་ཁྲིད་སྒྲ་ལ་ཉན་ཏེ་སློབ་གཉེར་བྱེད་སྟངས་ནི་གྲྭ་ས་ཁག་དང་མདོ་དབུས་ཁམས་གསུམ་གྱི་དགེ་བཤེས་རྣམས་ཀྱི་དཔེ་ཁྲིད་མཐེབ་སྡེར་ལས་དུས་ཚོད་གང་ཡོད་ལ་སྒྲར་ཉན་པ་རེད། གོ་ཐོས་ལྟར་ན་ཁོ་མོ་ལ་དཔེ་ཁྲིད་མཐེབ་སྡེར་ལྔ་བཅུ་ལྷག་ཡོད་པ་དང་། མཐེབ་སྡེར་སྟེང་གི་རི་མོར་ལག་པས་མྱང་སྟེ་སོ་སོར་མིང་བཏགས་ཡོད། ནམ་རྒྱུན་དུ་སྒྲར་ཉན་ནས་བསྡད་ཡོད་པ་ཞིག་རེད། དེ་བས་འཛིན་གྲྭ་གཅིག་པ་ཚོས་དོན་གྱི་གོ་བའི་ཐད་ནས་ཁོ་མོ་ལ་དྲིས་ན་ཐོགས་མེད་དུ་ལན་འདེབས་ཐུབ་པ་ཞིག་རེད། ཁོ་མོ་ད་ལྟའི་བར་དུ་ལོ་གཅིག་གི་དཔེ་ཁྲིད་དང་ཆོས་གྲྭའི་འགྲིག་རྟགས་གཅིག་ཀྱང་ཆད་མེད་པར་མ་ཟད། ལོ་རེའི་རྒྱུགས་ཆེན་བཞི་༼    རྩོད་རྒྱུགས། མཚན་ཉིད་བྲིས་རྒྱུགས།འཆད་རྒྱུགས། བློ་རྒྱུགས།  ༽ལ་རྟག་པར་ཞུགས་བཞིན་ཡོད་པ་རེད། ད་དུང་ཁོ་མོ་ལ་ཡོན་ཏན་གཞན་ཞིག་ཡོད་པ་ནི་ལྷན་སྐྱེས་ཀྱི་སྐད་ངག་བདེ་མོ་ཞིག་ཡོད་འདུག  དེ་བས་ཁོ་མོ་རྫོང་དང་ཁུལ་རིམ་པའི་དབང་བོ་སྐྱོན་ཅན་གྱི་གླུ་གར་འགྲན་བསྡུར་ལ་ཞུགས་ཏེ་ཞིང་ཆེན་རིམ་པར་སོང་བ་དང་། དེ་ནས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་སོགས་ལ་ཞུགས་མྱོང་། ཨ་མས་ཁྱོད་རབ་ཏུ་བྱུང་ན་མི་ལེགས་སམ། ཞེས་སྐུལ་མ་བཏང་ནའང་། གླུ་གར་ཁང་སོགས་མང་བོ་ཞིག་གིས་སྐད་བཏང་ནས་ཁོ་ཚོའི་གླུ་གར་ཁང་དུ་གླུ་དང་གླུ་དབྱངས་བླངས་ནས་སྡོད་དང་། ཁྱོད་ཚེ་གང་བོར་ང་ཚོས་གསོ་ངེས་ཡིན་ཞེས་འབོད་པ་བཏང་བ་རེད། ཡིན་ནའང་ཁོ་མོས་ལམ་ཁ་དེ་མ་འདེམས་པར་ཨ་མའི་བཀའ་བཞིན་ཆོས་སྒོར་ཞུགས་པ་མ་ཟད། སློབ་གཉེར་ལ་གུས་སྦྱོར་གྱི་བརྩོན་པ་ལྷོད་མེད་གནང་སྟེ་ད་ལོར་ངེད་དགོན་པར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་པ་དང་། འདིར་མདོ་ཁམས་བཙུན་མའི་ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ཞུགས་པ་དང་། ཕྱིར་སོང་ན་དབུ་མ་གསར་བ་ལ་འབུད་དགོས་པ་རེད། ཅེས་གསུངས། འོ་ན། ཁོ་མོའི་དྲུང་ཡིག་དེས་ཕར་ཕྱིན་སྦྱངས་མྱོང་ངམ། ཕར་ཕྱིན་སྦྱངས་མྱོང་བ་ཞིག་ཡིན་ན། ཁོ་མོ་གཉིས་ཀྱིས་མཉམ་འབྲི་བྱས་པ་མ་ཡིན་ནམ། ཞེས་ངའི་དོགས་པ་དེ་ཨ་ལགས་ལ་ཞུ་བ་ཡིན། མ་ཅིག་རྣམ་འདྲེན་གྱི་དྲུང་ཡིག་མིང་ལ་བསླབ་བསམ་བཟང་མོ་ཟེར་ཞིང་། ཁོ་མོ་རྟགས་རིགས་འཛིན་གྲྭའི་སྐྱོར་དཔོན་རེད། ད་རུང་ཕར་ཕྱིན་ལ་ཐོན་མེད། ང་ཚོ་རྒྱུན་ལས་ལྷན་ཚོགས་ཀྱིས་གྲོས་མོལ་བརྒྱུད་ཕར་ཕྱིན་མ་སྦྱངས་པ་ཞིག་དྲུང་ཡིག་ལ་འཇོག་རྒྱུར་བྱས་པ་ཡིན།ཞེས་གསུངས། ད་རུང་ཁོ་མོ་ལ་ངོ་མཚར་བའི་རྨི་ལམ་ཞིག་ཡོད། དེ་ནི་ལེགས་བཤད་གསེར་གྱི་ཕྲེང་བ་བློ་ལ་འཛིན་རྒྱུ་དེ་རེད། ཁོ་མོའི་ཆོས་གྲོགས་ཚོས་བཤད་ན། ལོ་འགའི་སྔོན་དུ་ཐོག་དང་པོར་ཁོ་མོའི་རྨི་ལམ་དུ་མི་སྐྱ་ཞིག་གིས་ལེགས་བཤད་གསེར་ཕྲེང་གི་དེབ་གཉིས་བྱིན་པ་རྨིས་པ་དང་། དེའི་རྗེས་སུ་ཁོ་མོའི་དགེ་རྒན་བསྟན་འཛིན་སྒྲོལ་མས་ལེགས་བཤད་གསེར་ཕྲེང་གི་གླེགས་བམ་ཞིག་བྱིན་ཏེ། འདི་ཁྱོད་ཀྱིས་བློར་ཟུང་། ཞེས་སྐུལ་མ་བཏང་བ་ཞིག་རྨིས། ཡང་རྨི་ལམ་ཞིག་ཏུ་ཁོ་མོའི་ཕུ་བོས་ཀྱང་ལེགས་བཤད་གསེར་ཕྲེང་ཞིག་ཕུལ་བ་རྨིས་པས་རྨི་ལམ་ལན་གསུམ་ལ་བརྟེན། ཁོ་མོའི་མི་ཚེ་ནང་དུ་ཆེས་གལ་ཆེ་བ་དང་། སེམས་ནང་དུ་ཆེས་སྦྱང་འདོད་པའི་དེབ་ནི་ལེགས་བཤད་གསེར་ཕྲེང་ཡིན་ཟེར། ད་ལྟ་ཁོ་མོས་གསེར་ཕྲེང་བློར་འཛིན་རྒྱུར་དམ་བཅས་པ་ལྟར་ལག་ལེན་དུ་བསྟར་བཞིན་འདུག  ལམ་རིམ་ཆེན་མོ་དང་གསེར་ཕྲེང་། ལེགས་བཤད་སྙིང་བོ་གསུམ་ནི༧ རྗེ་བདག་ཉིད་ཆེན་པོ་འཇིག་རྟེན་དུ་བྱོན་པའི་དགོས་པ་དང་། བོད་ཁ་བ་ཅན་གྱི་བསོད་ནམས་ཉག་གཅིག་ཏུ་གྲུབ་པའི་བསྟན་བཅོས་རིན་པོ་ཆེ་གསུམ་ཡིན་པས་ན། ཁོ་མོས་དེ་གསུམ་བློར་བཟུང་བ་དང་མི་ཚེ་དེ་གསུམ་ལ་བསྟུན་པ་ནི་ཇི་འདྲའི་བསོད་ནམས་ཆེ་བ་ལ་ཨང་། གང་ལྟར་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་བའམ་བཙུན་མའི་སྡེ་དར་ན་མི་བཟང་བར་སྙམ་པའི་དུས་རབས་འདིར་བཙུན་མ་ལོང་བ་མ་ཅིག་རྣམ་འདྲེན་གྱིས་ལྟ་ཚུལ་དེ་དག་རྒྱབ་ཏུ་དོར་སྟེ། ཕར་ཕྱིན་རབ་འབྱམས་པར་མ་ཟད། ད་རུང་དབུ་མ་དང་མཛོད་རབ་འབྱམས་པ། དེ་ནས་འདུལ་བ་བཅས་ལ་སྦྱང་སྟེ་དགེ་བཤེས་མའི་ཐོབ་ཐང་ལེན་པར་བརྩོན་བཞིན་པ་འདིས་ང་ཚོ་ལ་དྲི་བ་གཞན་ཞིག་བྱིན་སོང་། 

བཙུན་མ་ལོང་བ་འདིས་རྒྱུན་དུ་ཁོ་མོའི་རྐང་བ་དང་ལག་པ། མིག་གི་ཚབ་ལྟ་བུའི་དྲིན་ཆེན་བཙུན་མ་ཞིག་ཡོད་པར་བཤད། དེའི་མིང་ལ་བཀྲ་ཤིས་ལྷ་མོ་ཟེར་ཞིང་ནམ་རྒྱུན་ཁོ་མོའི་འགྲོ་འདུག་སྤྱོད་གསུམ་དང་ཟ་འཐུང་སྐོར། གཟན་ཤམ་བཀྲུས་པ་སོགས་ཁོ་མོའི་དཀའ་ངལ་སེལ་བའི་མི་སྣ་གཙོ་བོ་ཞིག་རེད།འདི་ལྟར་ཁོ་མོའི་སློབ་གཉེར་མཐུན་རྐྱེན་ལ་རམ་འདེགས་གནང་བའི་རྗེ་བཙུན་སྒྲོལ་མ་ལྟ་བུའི་བྱང་སེམས་མ་མང་བོ་ཞིག་མཆིས་པས་ཁོ་མོའི་མི་ཚེ་འདིར་ཅི་ཡང་ཆད་མེད་པར་སྙམ།

གོ་ཐོས་ལྟར་ན་བཙུན་མ་ལོང་བ་འདི་བྱིས་དུས་སུ་ཁབ་ཉེས་ཤོར་བའི་སྨན་པ་དེའི་སྟེང་དུ་སྡང་སེམས་ཧ་ཅང་ཆེ་ཟེར། དེའི་རྒྱུ་མཚན་སྨན་ཁབ་རྒྱག་ནོར་གཅིག་གིས་ཁོ་མོའི་འཇིག་རྟེན་གྱི་ཕྱེད་ཀ་གཏན་དུ་བརླགས་ཟིན་པས་ན་སློབ་སྦྱོང་དང་བྱིས་དུས་ཀྱི་སྤྲོ་སྣང་། ད་དུང་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་མཐའ་དག་དང་། ཐ་ན་རང་གི་ཕ་མའི་ངོ་གདོང་ཇི་འདྲ་ཞིག་ཡིན་པའང་མི་ཤེས་པའི་སྨག་རུམ་སྟུག་པོ་ཞིག་ཏུ་བརྫངས། དེ་བས་དཀའ་ངལ་ཇི་ལྟར་ཆེ་ན་སྡང་སེམས་དེ་ལྟར་སྐྱེས་པས་ཁོ་མོའི་སེམས་ཁམས་ནམ་ཡང་བདེ་ལ་བབས་མ་མྱོང་ཟེར། རྗེས་སུ་ཁོ་མོ་རབ་ཏུ་བྱུང་བ་ནས་བཟུང་། ནང་བསྟན་གྱི་བྱམས་སྙིང་རྗེ་དང་བཟོད་སྒོམ། ལས་འབྲས་ཀྱི་ལྟ་བ་དང་འཁོར་བའི་ཉེས་དམིགས་སོགས་ལ་ངེས་པ་ཅུང་ཙམ་རྙེད་པ་དང་། ཁྱད་པར་དུ་ལམ་རིམ་ཆེན་མོ་བློ་འཛིན་གྱི་ཁྲོད་ནས་མོའི་བསམ་པར་འགྱུར་ལྡོག་ཆེན་པོ་བྱུང་སོང་། གལ་ཏེ་སྨན་པ་དེ་མིན་རྒྱུ་ན་ང་ད་ལྟ་སྐད་ངག་ཙམ་ལ་བརྟེན་ནས་འཚོ་བའམ། ཡང་ན་ཅི་ཞིག་བྱེད་བཞིན་པའང་སུ་ཡིས་ཤེས། དེ་བས་སྨན་པ་བཀའ་དྲིན་ཅན་དང་མ་དྲིན་མོ་ཆེ་གཉིས་ཀྱི་ཐུགས་རྗེ་ལས་ཆོས་སྒོར་ཞུགས་ཏེ་སངས་རྒྱས་བསྟན་པར་མཇལ་ཞིང་བདེ་བླག་ཐམས་ཅད་ཀྱི་སྒོ་མོ་ཕྱེ་ཐུབ་སོང་། ད་ལྟ་ང་དབང་བོ་སྐྱོན་ཅན་གྱི་ཚོར་བའང་མེད་པར་སེམས་ཁོང་རེ་བ་དང་སྤྲོ་སྣང་གིས་ཁེངས་ཡོད་པ་མ་ཟད། ནམ་རྒྱུན་སྨན་པ་དང་བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་སོགས་ལ་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་ཅེས་ཆོས་གྲོགས་ཚོར་དུས་རྟག་ཏུ་བཤད་བཞིན་འདུག 

བཙུན་མ་ལོང་བ་མ་ཅིག་རྣམ་འདྲེན་གྱིས་ཐེངས་འདིའི་མདོ་ཁམས་བཙུན་མ་ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ལས་གནས་རིམ་དང་པོ་དང་།ཨང་རིམ་བཅུ་དགུ་བ་ཐོབ་པ་དང་། ཕྱག་ཁྱེར་གནང་བའི་མཛད་སྒོ་སྐབས་མདོ་ཁམས་བཙུན་མའི་དགུན་ཆོས་ཚོགས་གཙོ་མཐོ་ལས་དགོན་པའི་མཁན་ངག་དབང་ཚང་དང་རྒྱུགས་ཞིབ་པ་སྒོ་མང་ལྷ་རམས་དྲི་མེད་ལགས་བཅས་ནས་བཙུན་མ་ལོང་བ་མ་ཅིག་རྣམ་འདྲེན་ལོང་བ་ཡིན་ཡང་སློབ་གཉེར་འདི་འདྲའི་ཡག་པོ་གནང་བ་དང་ང་ཚོ་དབང་བོ་ཀུན་ཚང་རྣམས་ཀྱི་མིག་དཔེ་ལྟ་ས་བྱ་དགོས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ། དེའི་རྐྱེན་གྱིས་ཁོ་མོ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་བཞེས་པར་ཕེབས་དུས་ཐེངས་འདིའི་ངེད་ཕ་ཡུལ་གྱི་མཐོ་ལས་བཙུན་དགོན་བདེ་ཆེན་ཤེས་རབ་མཐར་ཕྱིན་གླིང་དུ་དགུན་ཆོས་ལ་ཕེབས་པའི་བཙུན་མ་རྣམས་ཀྱིས་སྤྱན་ཆབ་ཤོར་བཞིན་ལྷག་བསམ་རྣམ་དག་གིས་རྒྱུན་ཆད་མེད་པར་ཐལ་མོ་ཡུན་རིང་ལ་རྡེབ་སོང་། འདི་ནི་ལོང་བ་ཞིག་གིས་ལམ་རིམ་ཆེན་མོ་དང་ལེགས་བཤད་སྙིང་བོ་བློར་བཟུང་བ་དང་། ཕར་ཕྱིན་དམ་བཅའ་ཐེངས་གཉིས་ལ་བཞག་པ། སྙན་ཞིང་འཇེབས་པའི་སྐད་ངག་ལ་བརྟེན་ཏེ་སྙན་གྲགས་དང་འབྱོར་ཕྱུག་ཐོབ་པ་བློས་བཏང་སྟེ་མི་ཚེ་ནང་བསྟན་གཞུང་ལུགས་ལ་བསྟུན་པའི་ལོ་རྒྱུས་དང་། བུད་མེད་ཚོ་ཡང་ཆོས་སྒོར་ཞུགས་ཆོག་པ་མ་ཟད། གཞུང་ལུགས་ལ་སྦྱང་སྟེ་དགེ་བཤེས་མ་ལེན་ཐུབ་པའི་བདེན་དཔང་དང་། ཐུབ་པའི་བསྟན་པ་རིན་པོ་ཆེ་ལུང་རྟོགས་གཉིས་ཀྱིས་བླ་ནས་བླར་སྤེལ་ནུས་པའི་བརྡ་མཚོན་གྱི་ཐལ་མོ་རྡེབ་སྒྲ་ཞིག་ཡིན་འདུག་སྙམ། 

མཇུག་མཐར་ཁོ་མོའི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་བཅས་ཁོ་མོའི་མི་ཚེ་བརྒྱུད་རིམ་ཞིབ་ཏུ་ཤེས་འདོད་ན། ༼   བཙུན་མ་ལོང་བ་ཞིག་གིས་ལེགས་བཤད་གསེར་ཕྲེང་ལ་བཅངས་པའི་རེ་བ།  ༽ལ་གཟིགས་རོགས་གནང་། 

རྩོམ་སྒྲིག་པ། མང་ར་བ།

གསལ་འདེབས།།

 རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།