སྨྱུང་གནས་ཁྲི་གཅིག་བསྲུངས་པའི་རི་ཁྲོད་པ།
------བྱ་བྲལ་གྲུབ་པའི་དབང་ཕྱུག་སེང་ཚངས་སྨྱུང་གནས་པ་༧བློ་བཟང་ཆོས་འཛིན་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས།
དེ་ཡང་བྱ་བྲལ་གྲུབ་པའི་དབང་ཕྱུག་སེང་ཚངས་སྨྱུངགནས་པ་༧བློ་བཟང་ཆོས་འཛིན་དཔལ་བཟང་བོ་མཆོག་ནི་དགེ་བཤེས་ཤ་ར་བའི་སྤྲུལ་བར་གྲགས་པའི་སེང་ཚངས་དཔོན་སློབ་༧བློ་བཟང་བསྟན་འཛིན་གྱི་གཅུང་ཆེ་བ་དབང་ཕྱུག་རབ་བརྟན་དང་། མ་ཅིག་སངས་རྒྱས་རྒྱལ་མོའི་མཆེད་ཟླར་འོས་པའི་ཡུམ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཞེ་གསུམ་པ་ས་བྱ་སྤྱི་ལོ་༡༧༨༩ལོར་ནོར་འཛིན་བུ་མོས་རབ་དཀར་ཤེལ་གྱི་ཞུན་མའི་གོས་བཟང་གྱོན་པའི་དུས་ཀྱི་ཆུ་ཤེལ་དབང་བོའི་ཆ་ཤས་ཡོངས་སུ་རྫོགས་པའི་སྐབས་ཤིག་ཏུ། ཕུན་སུམ་ཚོགས་པའི་ལྟས་དུ་མ་དང་བཅས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་ཅི་དགར་ལོངས་སུ་སྤྱོད་པའི་མཛོད་དགེ་གླིང་དཀར་སྟོད་ཀྱི་ས་ཆར་སྐུ་འཁྲུངས་ཤིང་ཆུང་དུས་ཀྱི་མཚན་ལ་བསྟན་འཛིན་ཆོས་གྲགས་ཞེས་གསོལ། དེ་ནས་གོག་ཐུབ་ཙམ་གྱི་ཚེ་བཤེས་གཉེན་རིན་ཆེན་དོན་འགྲུབ་ཀྱི་གཟིམ་གུར་ཏུ་སྒྲོལ་མའི་སྐུ་བྱིན་ཅན་ཞིག་ཡོད་པའི་དྲུང་དུ་ཕེབས་ནས། ཁྱེད་ཀྱིས་ང་ལ་གསུང་ཞིག་བསྩལ་དགོས་ཞེས་རྒྱུན་དུ་གསུངས་པས་ཕྱིས་སུ་སྒྲོལ་མའི་སྐུ་དེས་རྟགས་མཚན་འགེངས་ཅན་ཞིག་བྱུང་བར་བཤད། ཉིན་ཞིག་ཁོང་ཉིད་ཕྱུགས་རྫི་ལ་ཕེབས་སྐབས་འབྲོག་པ་འགའ་ཞིག་གི་མཚེར་ཤུལ་དུ་ཁྱི་རྒན་ཞིག་མུ་གེས་གདུང་སྟེ་ལྡང་བ་ཙམ་ཡང་བྱེད་མི་ནུས་ཤིང་། འཆི་བ་ལ་ཐུག་ཏུ་ཉེ་བ་གཟིགས་པའི་ཚེ་ཐུགས་ལ་བརྩེ་བ་བཟོད་གླགས་མེད་པ་འཁྲུངས་ཏེ་ཉིད་ཀྱི་སྐུ་ལ་བཞེས་པའི་ལྭ་བ་ཕུད་ནས། དེའི་ཁུག་ཏུ་རྒྱབ་ལ་ཁུར་ཏེ་ཕྱིར་རིངས་སྟབས་སུ་ཁྱིམ་དུ་འོངས་ནས། ཡུམ་ལ་བདག་ལ་ཉིན་ཁ་ཤས་ལ་བཟའ་བཏུང་མེད་ཀྱང་བླ། བདག་གི་ཟས་སྐལ་དང་འཐུང་སྐལ་ཁྱི་འདི་ལ་བྱིན་ནས་འདིའི་སྲོག་འཚོ་བར་མཛོད་ཅིག ཅེས་གསུངས་ནས་བཟའ་བཏུང་གིས་རིམ་གྱིས་དེའི་སྲོག་འཚོ་བར་མཛད། ཡང་ལན་གཅིག་སྤྲང་བོ་འགའ་ཆུ་ལ་མ་ཐར་བར་བཀྲེས་སྐོམ་གྱིས་ཉེན་པ་གཟིགས་ཏེ། ཉིད་ཀྱིས་བཞོན་པའི་སྟེང་ནས་ཚེགས་ལ་མ་འཛེམ་པར་རེ་རེ་ནས་ཆུ་དེ་ལས་བསྒྲོལ་བར་མཛད་པ་སོགས་གཞན་ཕན་གྱི་སྤྱོད་པ་ཉམས་སུ་བཞེས་པའི་ཚུལ་མཐའ་ཡས་ཀྱང་། མཐའ་དག་བྲིས་ན་ཡི་གེའི་ཚེགས་ཀྱིས་མི་ལང་ངོ་། ། དགུང་ལོ་བཅུ་དྲུག་བཞེས་པ་ན་བཤེས་གཉེན་རིན་ཆེན་དོན་འགྲུབ་ཞིང་ལ་ཕེབས་ཁར་རྗེ་འདི་ལ་ཁོང་གི་སྐུ་རིང་ལ་ཁྱོད་རབ་ཏུ་བྱུང་རྒྱུ་མ་སོང་ཡང་། སེམས་ཕམ་མི་དགོས་ངེད་ཀྱིས་དཀོན་མཆོག་དང་ཆོས་སྐྱོང་ལ་སྐྱབས་འཇུག་ཞུས་ཡོད་པས་ནམ་ཞིག་དོན་འགྲུབ་ཡོང་གསུངས། དེ་ནས་སྤྱོད་ལམ་བག་ཡོད་ཀྱི་ངང་ནས་ཡིག་དྲུག་སོགས་ཀྱི་བཟླས་བརྗོད་ལ་བརྩོན་པར་མཛད།
དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ན་ལྗགས་ལ་འབྲུམ་པ་ཞིག་བྱུང་། དེ་ལ་བརྟེན་ནས་སྐུ་ལ་བསྙུན་ཤིན་ཏུ་ལྕི་བ་ཞིག་བྱུང་བར་རྐྱེན་བྱས་ཏེ་སེང་ཚངས་དཔོན་སློབ་རིན་པོ་ཆེའི་སྐུ་མདུན་དུ་ཁྱེར་བ་ན། བླ་མ་རིན་པོ་ཆེས་འདི་རབ་ཏུ་བྱུང་ན་ནད་འདི་དྭངས་འགྲོ་བས་རབ་ཏུ་བྱུང་དགོས་གསུངས་པ་ལྟར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཚེ་ཤར་རྩེ་དཔོན་སློབ་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ་དགེ་བསྙེན་ནས་དགེ་ཚུལ་གྱི་བར་དཀྱུས་གཅིག་ཏུ་བསྒྲུབས་ནས་མཚན་ལ་བློ་བཟང་ཆོས་འཛིན་ཞེས་གསོལ། སེང་ཚངས་ཀྱི་ཨ་མཆོད་ཀུན་དགའ་བསོད་ནམས་ཞུ་བ་ཚུལ་ཁྲིམས་གཙང་ཞིང་བརྗོད་པ་དག་པ་སོགས་བསྔགས་འོས་ཀྱི་ཡོན་ཏན་དུ་མས་ཕྱུག་པ་དེ་ཉིད་ཀློག་གི་དགེ་རྒན་དུ་བསྟེན་ནས་ཀློག་བསླབས་པས་ཡི་གེ་རྣམས་དཀའ་ཚེགས་མེད་པར་མཁྱེན་ཅིང་། ཁྱད་པར་དུ་སྔོན་གྱི་བག་ཆགས་བཟང་བོའི་མཐུས་སྨྱུང་གནས་ཀྱི་ཆོ་ག་རྔ་རྒོད་ཀྱི་ཡིག་ཆ་དེ་ཉིད་བསླབ་མ་དགོས་པར་མཁྱེན་པ་བྱུང་། དེ་ནས་བར་སྐབས་ཤིག་ལ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་དར་རྒྱས་མཆོག་གིས་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དབང་བསྐུར་སྟེ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་འཁྲིད་པར་མཛད། དགུང་ལོ་ཉི་ཤུའི་སྟེང་སྤྱིར་བླ་ཤུལ་འཛིན་དགོས་པ་ཡིན་ཡང་གཞུང་ཆེན་པོ་ལ་སློབ་གཉེར་ཅུང་ཟད་ཀྱང་མ་བྱས་པས། བླ་མ་གོང་མ་རྣམས་མདོ་སྔགས་ཀྱི་གཞུང་ལ་མཁྱེན་རྒྱ་ཆེ་བ་ཤ་སྟག་ཏུ་འདུག་པས་དེ་མི་ཟིན་པར་ཐག་ཆོད་པ་སོགས་ལ་དམིགས་ཏེ། ཐོས་བསམ་རྒྱ་ཆེན་པོ་མ་བྱས་པར་ཉམས་ལེན་རྒྱ་ཆེན་པོ་དཀའ་བའི་རྒྱུ་མཚན་གྱིས་བསགས་སྦྱང་འགྱོད་མེད་ཅིག་བྱེད་དགོས་སྙམ་དུ་དལ་འབྱོར་ལ་སྙིང་བོ་ལེན་འདོད་ཀྱི་བློ་བཅོས་མིན་རྒྱུ་ལ་འཁྲུངས། དེ་ཡང་ཆོས་མངོན་པ་མཛོད་ལས། སངས་རྒྱས་རྣམས་ནི་ཚོགས་དང་ནི། །ཆོས་ཀུན་འགྲོ་བའི་དོན་སྤྱོདཔ། །མཉམ་པ་ཉིད་དེ་ཅེས་གསུངས་པ་དང་། གཞན་ཡང་དོན་ཡོད་ཞགས་པའི་རྒྱུད་ལས་ཀྱང་། ཞག་གཅིག་སྨྱུང་བར་གནས་པར་བྱས་ཏེ་བཟླས་བརྗོད་བགྱིས་ན། ཐབས་གཞན་གྱིས་ཤིན་ཏུ་སྦྱང་དཀའ་བའི་དགེ་འདུན་གྱི་དཀོར་འཕྲོག་པ་ལྟ་བུའང་གནས་སྐབས་དེ་ཉིད་ལ་གཏུགས་པར་འགྱུར་བ་དང་། ནད་རིམས་མི་ཟད་པའི་ཚོགས་དང་། རྒྱལ་བོ་དང་། ཆོམ་རྐུན་སོགས་མི་དང་མི་མ་ཡིན་གྱི་འཚེ་བ་ཐམས་ཅད་དང་། རྨི་ལམ་དང་ལྟས་ངན་པ་ཐམས་ཅད་བདེ་བླག་ཏུ་ཞི་བར་འགྱུར་བར་གསུངས་པ་ལྟར། སྙིགས་མའི་དུས་སུ་སྡིག་པ་སྦྱོང་བའི་ཞིང་ལ་འཕགས་མཆོག་ཕྱག་ན་པདྨོ་དང་ཐབས་ལ་དེའི་གཟུངས་མཆོག་ཡི་གེ་དྲུག་མ་བཟླས་བརྗོད་བྱས་ཏེ་སྨྱུང་བར་གནས་པའི་རྣལ་འབྱོར་སོགས་མཆོག་ཏུ་བསྔགས་འདུག་པར་གཟིགས་ནས། ཁུ་བོ་དཔོན་པོ་འཇམ་དབྱངས་ལ་འཕགས་མཆོག་སྤྱན་རས་གཟིགས་ཡི་དམ་གྱི་ལྷར་བཟུང་ནས་སྨྱུང་གནས་ཁྲི་ཕྲག་གམ་མ་མཐའ་ལོ་སུམ་ཅུའི་ཡུན་ལ་བཞུགས་པའི་དམ་བཅས། སྨྱུང་གནས་ཀྱི་ཐོག་མའི་དབུ་བཙུགས་ཏེ་གདན་གཅིག་བྱས་ནས་གུང་ཚིགས་རྗེས་སུ་ཐུགས་དམ་ལ་ཤིན་ཏུ་བརྩོན་པར་མཛད་པས། སྐབས་ཤིག་རང་གི་ན་བཟའི་སྟེང་ཐམས་ཅད་ན་ཡི་གེ་མང་བོ་ཞིག་འདུག་པ་ལ་བལྟས་པས་ཐུགས་རྗེ་ཆེན་པོའི་གཟུངས་རིང་ཐུང་གཉིས་དང་། ཁྱད་པར་ཨོཾ་དང་ཧཱུཾ་གྲངས་མཐའ་ཡས་པ་ཞིག་འདུག་པ་མཐོང་། དེ་ནས་ཐུགས་དམ་གྱི་རྟེན་དུ་ཡི་དམ་གྱི་ཞལ་ཐང་བཤམས་ཡོད་པ་ལ་གཟིགས་པས། དེའི་སྟེང་དུའང་སྔར་གྱི་ཡི་གེ་དེ་ལྟ་བུ་གཟིགས་ཤིང་ལྷག་པར་དུ་དེ་ལས་མང་བོར་འཕྲོ་བ་དང་ཉུང་ངུར་སྡུད་པ་སོགས་སྤྲོ་བསྡུ་བྱེད་པའང་གཟིགས། དེ་ནས་གནས་ཀྱི་ཕྱིར་ཕེབས་ནས་གཟིགས་པས་རྩྭ་ནང་སོགས་ཕྱོགས་ཐམས་ཅད་རྣམ་པ་དེ་ལྟ་བུའི་ཡི་གེས་ཁྱབ་པར་གཟིགས་ཤིང་སྲོད་ཀྱི་ཚེ་ནའང་སྣང་བ་དེ་མ་འགགས་པར་འདུག་པས། ཁུ་བོ་སེང་ཚངས་ངག་དབང་དོན་འགྲུལ་ལ་འདི་ཅི་ཞིག་གི་ལྟས་ཡིན་ནམ་ཞུས་པས། ཁོང་གི་ཞལ་ནས། ཁྱེད་ཚེ་རབས་སྔ་མར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་སྦྱངས་པ་ཞིག་གམ། ད་ལན་སྨྱུང་གནས་ལ་ལན་གཅིག་པོ་འདི་ལས་མི་འདུག་གམ་གསུངས་པ་ལ། ཉིད་ཀྱི་ཐུགས་ལ་ཡུན་རིང་སྡོད་རྒྱུའི་འདུན་པ་ཡོད་ཀྱང་། དམ་པ་ཉིད་སྐྱེ་བ་མང་བོར་སྦས་པའི་བརྟུལ་ཞུགས་ལ་གོམས་པ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསང་ནས་མ་བསྒྲུབ་ན་བར་ཆད་ཆེ་བ་སོགས་ལ་དགོངས་ནས། མི་འདུག་ཞུས་པ་ན། ཡུན་རིང་སྡོད་རྒྱུ་ཞིག་ཡིན་ན་དེ་ལྟར་འདུག་ཐུབ་པའི་ལྟས་དང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡུན་རིང་སྦྱང་རྒྱུའི་ལྟས་ཡིན་པ་འདྲ་གསུངས་པ་ལ། རྗེ་ཉིད་ཀྱི་ཐུགས་ལ་དགའ་བདེ་དབུལ་བོས་གཏེར་རྙེད་པ་ལས་ཀྱང་འགྲན་པར་མི་ནུས་པ་སྐྱེས་གསུངས། དགུང་གྲངས་ཉེར་ལྔའི་སྟེང་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བཤེས་གཉེན་ཆེན་པོ་བླ་མ་འོད་ཟེར་མཚན་ཅན་གྱིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པས། བསྟན་པའི་རྩ་བ་སོ་སོར་ཐར་བའི་བསླབ་པ་ཡོངས་སུ་རྫོགས་པའི་རིན་པོ་ཆེས་ཐུགས་ཀྱི་བང་མཛོད་ཕྱུར་བུར་གཏམས་ཤིང་། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རྩ་བ་དང་ཡན་ལག་གི་ལྟུང་བ་ཐམས་ཅད་སྤྱན་གྱི་འབྲས་བུ་ལྟར་བསྲུང་བར་མཛད་པས། སྙིགས་དུས་ཀྱི་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར། དེ་ནས་ཤིང་བཟའ་རྡོ་རྗེ་འཆང་གིས་མཛོད་དགེ་གླིང་བ་ལ་རྡོ་རྗེ་ཕྲེང་བ་གནང་བའི་སྐབས་སུ་རྗེ་འདི་དབང་ཉན་ལ་ཕེབས་ཤིང་སྐུ་མདུན་དུ་མཇལ་ཁ་ལ་ཕྱིན་པས། ཐུགས་ཤིན་ཏུ་དགྱེས་པས་གསུང་གླེང་མཐའ་ཡས་པ་བསྩལ། ཁྱད་པར་དུ་ཆོས་རྣམ་དག་ཅིག་བྱེད་པ་ལ་ཚེ་འདི་བློས་གཏོང་དགོས་ཚུལ་གྱི་བསླབ་སྟོན་རྒྱ་ཆེར་གནང་། དེ་ལྟར་གང་གསུངས་པ་ཐམས་ཅད་དམ་པ་ཉིད་ཀྱི་ཐུགས་ལ་གཟེར་བཏབ་པ་ལྟ་བུར་གྱུར་ཏེ། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར། དགེ་སྦྱོར་འཕེལ་བའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དབེན་པའི་གནས་སུ་ཆས་པར་སེམས་ཐག་བཅད། དགུང་གྲངས་ཉེར་བརྒྱད་སྟེང་ཕྱི་ཤོལ་དང་ལེ་ལོའི་དབང་དུ་མ་བཏང་བར། དེ་མ་ཐག་ཏུ་ཟག་མེད་ཀྱི་ཏིང་ངེ་འཛིན་འཕེལ་བའི་ཕྱི་ནང་གི་མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དབེན་པའི་གནས་མཆོག་ཨེ་ཝཾ་ཆོས་འཕེལ་སྒང་ནས། རང་བྱུང་གི་སྤྱིལ་བུ་ཙམ་གྱིས་ཆོག་ཤེས་པར་མཛད་དེ་སྨྱུང་བར་གནས་པའི་རྣལ་འབྱོར་གྱི་ངང་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་ལྷོད་པ་མེད་པར་མཛད།
དེ་ནས་ལོ་ཁ་ཤས་ཀྱི་རྗེས་སུ་སེང་ཚངས་དཔོན་སློབ་རིན་པོ་ཆེས་བདག་ཉིད་ཆེན་པོ་འདིས་དམ་པའི་ཆོས་སྒྲུབ་པ་ལ་བརྟགས་པ་ཅི་བྱས་ཀྱང་མི་ལེགས་པའི་མཚན་མ་ཕྲན་བུ་རེ་བྱུང་ཡང་། འདི་ནི་དམ་པ་འདི་ལ་མི་འོས་སོ་བྱས་པ་བཞིན་དུ་ལེགས་པའི་རྟེན་འབྲེལ་གྱི་ཚོགས་ཀྱིས་འཚང་ག་བསྒྲིགས་འདུག་པར་གསུངས། དགུང་གྲངས་ཞེ་གཅིག་བཞེས་པའི་སྐབས་ནས་བཟུང་ཕྱི་ནང་གི་ཆོས་ཀྱི་ངོ་བོ་དང་ཁྱད་པར་ཇི་འདྲ་ཞིག་ལ་སྦྱར་ནས་གསུང་མགུར་པོ་ཏི་ལོང་བ་ཙམ་རྩོམ་དགོས་ནའང་། ཐོག་མེད་དུ་འཆར་བ་བྱུང་ཞིང་ཁྱད་པར་དུ་མར་མེ་གཅིག་པོའི་སྟེང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱར་ཏེ་རྩོམ་དགོས་ཀྱང་རྩོལ་བ་བྱེད་མི་དགོས་པར་བཤད། དགུང་གྲངས་ང་གཉིས་སྟེང་རྐྱང་ཚྭའི་ཆུ་ཚན་དུ་ཕེབས་ནས་འཕྲོད་བསྟེན་མཛད་སྐབས་བག་ཙེའི་གནས་སུ་གྲགས་པའི་རི་ཆེན་པོ་དེའི་ནང་དུ་ཚོགས་པ་ཤིན་ཏུ་ཆེན་པོ་ཞིག་གི་འུར་སྒྲས་མཚན་བརྗོད་གསུངས་པ་གསན་ཅིང་། ལྷག་པར་གླང་ཆེན་གོ་རློན་གོས་སུ་གྱོན་ཞེས་པ་དེ་ཉིད་སྐད་གསང་མཐོན་པོས་སྒྲོག་པ་ཐོས་པ་སོགས་དག་པའི་སྣང་བ་བགྲང་ལས་འདས་པ་ཤར་བར་མངོན་ཡང་། འཇམ་མགོན་ས་སྐྱ་པཎྚི་ཏས། བླུན་པོས་ཡོན་ཏན་ཁར་འཛིན་ཅིང་། །མཁས་པས་ཡོན་ཏན་ཁོང་དུ་སྦེད། །ཅེས་གསུངས་པ་ལྟར་ཞལ་གཟིགས་དང་དག་སྣང་གི་སྐོར་ཇི་འདྲ་མངའ་ཞེས་ཞུས་པ་ན། བདག་ལ་རྣམ་ཐར་བཟང་བོ་ཞིག་ཡོད་པ་ནི། ལོངས་སྤྱོད་ལ་སྲེད་པ་ཆུང་བ་དང་། གཞོན་ནུའི་དུས་ནས་ཚུལ་ཁྲིམས་གཙང་བ་འདི་གཉིས་ཡིན་གསུངས་ཏེ། ཞལ་གཟིགས་དང་དག་སྣང་གི་སྐོར་འདི་དག་ཡོད་སྐད་ཅུང་ཟད་ཀྱང་མི་བྱེད་པར་བུམ་ནང་གི་མར་མེ་ལྟར་སྦས་པའི་བརྟུལ་ཞུགས་ཁོ་ན་ལྷུར་ལེན་པར་བྱེད། གཞན་ཡང་སྨྱུང་གནས་ཀྱི་བུམ་ཆུ་ལོ་རིལ་བོ་རེ་སོང་མཚམས་སུ་གཞན་དོན་དུ་ཅུང་ཟད་རེ་ལེན་པར་མཛད་ལ། དེའི་བར་དུ་ཆུ་བརྗེ་བ་དང་། ཁ་གསོ་བ་དག་མ་བྱས་ཀྱང་རུལ་བ་དང་ཁ་བྲི་བ་སོགས་ཕྲ་མོ་ཡང་མི་སྲིད་དོ། །དགུང་ལོ་ང་དྲུག་སྟེང་སྐུ་ལ་སྙུན་ཤིན་ཏུ་ལྕི་བ་ཞིག་བྱུང་སྟེ་སྨྱུང་གནས་ཉི་ཤུ་མ་ལོང་ཙམ་ཆག་ཀྱང་། དེ་ནས་སྔར་བཞིན་སྨྱུང་གནས་ལ་བཞུགས་པས་ཐམས་ཅད་ཡིད་ཆེས་དང་དད་པ་ཕན་ཚུན་འགྲན་པ་བཞིན་དུ་གྱུར། ཁོང་གི་མ་ཡུམ་དགུང་ལོ་གྱ་བརྒྱད་སྟེང་ཤིག་ནད་སོགས་ཀྱིས་ཐེབ་སྟེ་ཤིན་ཏུ་ངལ་བ་བཟོད་གླགས་མེད་པ་གཟིགས་པའི་ཚེ། སྒྲུབ་ཁང་ཉེ་འཁོར་དུ་ཤིང་གུར་ཞིག་གི་ནང་དུ་བསུས་པས་རི་ཁྲོད་པ་དགེ་ཚུལ་སློང་གཞན་དག་གིས་ཁོ་ཚོས་ཡུམ་ལ་སྙུང་གཡོག་བྱེད་ཅེས་ཡང་ཡང་ཞུ་བ་མཛད་ཀྱང་། ཡུམ་གྱི་བསོད་ནམས་སོགས་ལ་གནོད་པར་དགོངས་ཏེ་གསུང་གི་སྐབས་མ་ཕྱེ་བར་སྤྱིར་རང་ཉིད་ཀྱི་ལུས་བསྐྱེད་པའི་མ་ཡིན་པ་དང་། ཁྱད་པར་དུ་རང་གི་སྤྱོད་པ་རླབས་པོ་ཆེ་ལ་བར་ཆད་ཕྲ་མོ་ཙམ་ཡང་མ་བྱས་ཤིང་མཐུན་རྐྱེན་ཅི་ནུས་བསྒྲུབས་པ་སོགས་ཀྱི་བཀའ་དྲིན་ཆེ་བས་དྲིན་ལན་བཟོ་བ་རང་གཅིག་པུ་ལ་བབས་པར་དགོངས་ཏེ། ལོ་གསུམ་གྱི་ཡུན་ལ་རང་གི་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་ལ་ཐང་ལྷོད་ཅུང་ཟད་ཀྱང་མི་མངའ་བའི་ངང་ནས། ཉི་མ་རེ་རེ་ལ་གོས་དང་སྟན་བརྗེ་བ་དང་བཤང་གཅི་བསྙོལ་བ་ཚུན་ཆད་ཉིད་ཀྱིས་ཕྱག་བརྡར་ཏེ་སྙུང་གཡོག་ཚུལ་བཞིན་དུ་བྱས་རྐྱེན། མ་ཡུམ་ཡང་རིང་བོ་མ་འགྱང་བར་ཤིག་ནད་སོགས་ལས་གྲོལ་ཏེ་བདེ་བར་གནས་ཐུབ་པ་བྱུང་། དེ་ནས་བཟུང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་གཏེར་རྡོལ་བ་ལྟ་བུར་གྱུར། གཞན་ཡང་། བྱམས་མེའི་སྲིད་སྐྱོང་བསོད་ནམས་རྒྱལ་བོ་ལ་སྔར་གདུང་རྒྱུད་འཛིན་པའི་རིགས་རྒྱུད་གཅིག་ཀྱང་མེད་པ་ཞུས་པར། ཁོང་གིས་འབྲས་དཀར་ཡོལ་གང་གནང་སྟེ་ཁྱོད་ལ་དགོན་གྲོང་གཉིས་ཀ་འཛིན་པའི་རིགས་རྒྱུད་མང་བོ་འབྱུང་གསུངས་པས། ཕྱིས་སུ་རིགས་རྒྱུད་མང་དུ་འཕེལ་བ་ད་ལྟ་མངོན་སུམ་གྱིས་གྲུབ་པ་ལྟར་ལགས། དགུང་ལོ་རེ་གཅིག་པར་བད་ཀན་ལྟ་བུའི་བསྙུང་གཞི་བཞེས་པས་སྨྲ་བའི་དབང་ཕྱུག་༧རྗེ་བཙུན་བཟོད་པ་རྒྱ་མཚོ་གཙོས་རི་ཁྲོད་པ་དང་ལས་སྣ་རགས་བསྡུས་ཀྱིས། བཅོམ་ལྡན་འདས་ཚེ་དཔག་མེད་ལ་བརྟེན་ནས་བརྟན་བཞུགས་ཕུལ་བ་ན། ཇི་ལྟར་ཞུས་པ་བཞིན་ཐུགས་དགྱེས་པ་ཆེན་པོས་ཞལ་བཞེས་མཛད་ཅིང་། དེ་ནས་ཆེར་མ་འགྱང་བར་སྐུ་གཟུགས་ཆུ་ཤེལ་གྱི་དབང་བོ་ལ་སྙུན་གྱི་ཆུ་འཛིན་གྱི་མཚན་མ་མ་ལུས་པ་དང་བྲལ་ཏེ། རྨད་དུ་བྱུང་བའི་མཛད་བཟང་གི་ག་བུར་གྱི་རྡུལ་ཕྲེང་དཀར་བོའི་ཟེགས་མས་ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་ཕན་པ་དང་བདེ་བའི་ཀུན་ད་ཅི་ཡང་རྒྱས་པར་མཛད་པའི་བཀའ་དྲིན་གཅིག་པུའང་གཞལ་བར་མི་ནུས་པའི་ཚོད་དུ་འདུག གཞན་ཡང་འདྲེན་མཆོག་ཤཱཀྱ་སེངྒེ་ནས་བརྒྱུད་པ་ཟམ་མ་ཆད་པར་ཕེབས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའི་རྒྱུན་གྱིས་དམ་པ་ཁོང་གི་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད་པའི་བཤེས་གཉེན་དག་ནི་སེང་ཚངས་དཔོན་སློབ་རིན་པོ་ཆེ་བློ་བཟང་བསྟན་འཛིན་དང་། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་དར་རྒྱས། ཁྲི་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེངྒེ། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་འཇམ་དཔལ་ཚུལ་ཁྲིམས། དཀྱིལ་ཁང་མཁན་ཆེན་བློ་བཟང་དར་རྒྱས། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ཐེ་བོ་སྤྲུལ་སྐུ། དགེ་བའི་བཤེས་གཉེན་ཆེན་པོ་འདུས་པ་བླ་མ། མཁན་རིན་པོ་ཆེ་མ་ཧཱ་པཎྜི་ཏ་རྗེ་བཙུན་བློ་བཟང་བསམ་གཏན། བུ་མ་བ་ཡེ་ཤེས་དོན་འགྲུབ། བཤེས་གཉེན་ཆེན་པོ་དཀོན་མཆོག་རྒྱ་མཚོ། ཁྱབ་བདག་བླ་མ་རྗེ་བཙུན་བཟོད་པ་རྒྱ་མཚོ་སོགས་ཀྱི་མདུན་ནས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་མནོས་ཀྱང་། གསན་ཐོ་བྲིས་པ་མ་མཐོང་བས་མཐའ་དག་འབྲི་བའི་སྐབས་མ་རྙེད། དགུང་གྲངས་དོན་བརྒྱད་བཞེས་པ་མེ་སྟག་སྤྱི་ལོ་༡༨༦༦ལོའི་སྣྲོན་ཟླ་བའི་ཡར་ཚེས་ལ། རིང་མོ་ཞིག་ནས་དམ་བཅས་ཤིང་ཐུགས་ལ་ཤིན་ཏུ་བརྣགས་པའི་དོན་སྨྱུང་བར་གནས་པ་ཆིག་ཁྲིའི་ཁར་ཕྱི་ནང་གི་རྐྱེན་གང་གིས་ཀྱང་མ་འཕྲོག་པར་བདེ་བླག་ཏུ་ཕེབས་པར་གྱུར་ཏེ་སྐྱེ་དགུ་མ་ལུས་པའི་ཡིད་ཀྱི་བརྟན་པ་གཅིག་ཆར་དུ་ཕྲོག དེ་ནས་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་སྨྱུང་གནས་ལས་གྲོལ་ཏེ་ཕྱོགས་འདུས་ཀྱི་སྐྱེ་བོ་རྣམས་ལ་མཇལ་ཁ་གནང་། ཟླ་བཅུ་བའི་ཚེས་གཅིག་ཉིན་འབྲས་སྒོ་མང་དགེ་བཤེས་བློ་བཟང་བསྟན་འཛིན་གཙོས་ཐུགས་སྲས་རི་ཁྲོད་པ་འགའ་དང་། དགེ་འདུན་པ་གྲངས་མི་ཉུང་བ་ཞིག་གིས་སྟག་ཕུ་གར་གྱི་དབང་བོའི་གསུང་འབུམ་བཀའ་རྒྱ་མ་ལས་བྱུང་བའི་ཚེ་དཔག་མེད་རིགས་ལྔ་ལ་བརྟེན་པའི་བརྟན་བཞུགས་དང་འཕགས་པ་གནས་བརྟན་བཅུ་དྲུག་ལ་བརྟེན་པའི་བརྟན་བཞུགས་རྣམས་རིམ་པར་ཕུལ་བས། ཁོང་གི་ཞལ་ནས་ཁོ་བོ་བླུན་རྒན་ཞིག་ལ་ཐམས་ཅད་ཀྱིས་བཀུར་གཟོ་བྱེད་པ་མཆོག་གསུམ་དང་འཕགས་པའི་ཐུགས་རྗེ་ཡིན། ཁྱེད་ཅག་གི་ཐུགས་མི་བདེ་བ་བྱེད་མི་དགོས་པར་རྟག་ཏུ་རང་ཅག་བླ་སློབ་ཐམས་ཅད་ཀྱིས་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས་ཚུལ་ལས་བརྩམས་ཏེ། གདམས་པ་ཡིད་རང་དབང་མེད་པར་འཁུལ་ནུས་པ་ཞིག་བསྩལ་བའི་མཇུག་ཏུ། ངེད་ནས་ཀྱང་རིང་དུ་འཚོ་བའི་སྐྱབས་འཇུག་འཕགས་མཆོག་ཕྱག་ན་པདྨོ་ལ་ནན་ཏན་དུ་བགྱིད། ཁྱེད་ཅག་ཀྱང་མཆོག་གསུམ་ལ་ཡིད་གཉིས་མི་ཟ་བར་གསོལ་འདེབས་དྲག་ཏུ་གྱིས་དང་དེ་དག་གིས་དུས་ནམ་ཡང་བསླུ་བ་མེད་པས། ནམ་ཞིག་རང་ཅག་རྣམས་ཀྱི་རེ་བ་ཡིད་བཞིན་དུ་འགྲུབ་སྟེ་བདེ་དགེའི་དཔལ་ལ་ཅི་དགར་ལོངས་སུ་སྤྱོད་པ་ཞིག་འོངས་ཞེས་ཐུགས་དགྱེས་པའི་རང་མདངས་ཞལ་གྱི་དཀྱིལ་འཁོར་ལ་འཛུམ་པའི་ཟོལ་གྱིས་བྱུགས་པར་གྱུར་ཏེ། གསུང་ཚངས་པའི་དབྱངས་ཀྱིས་བཀའ་ལན་གཞལ་དུ་མེད་པའི་རིན་པོ་ཆེའི་ཅོད་པཎ་དེ་ཉིད་སྐལ་ལྡན་བུ་སློབ་ཡོངས་ཀྱི་སྤྱི་བོའི་རྒྱན་དུ་བཅིངས་པར་བྱས། དེ་ལྟར་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་ཟུང་འབྲེལ་གྱིས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གནས་པ། གནས་པ་རྣམས་ཀྱི་ངོ་བོ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་བསགས་སྦྱང་ལ་གཞོལ་བར་མཛད་སྐབས་ཕྱག་ཕྲེང་བགྲངས་པ་ལ་བརྟེན་ནས་ཕྱག་གཡས་གཡོན་གྱི་མཐེབ་མཛུབ་ཡང་ཡང་རྡོལ་ནས་རྗེས་སུ་ཤ་བའི་ཝགས་པ་སོགས་ཀྱི་ཤུབས་བཟོ་དགོས་བྱུང་བར་མ་ཟད། ཕྱག་སོར་རེ་རེའི་ཤུབས་ཕྱོགས་ཐམས་ཅད་ནས་རལ་ཏེ་སུམ་ཅུ་ཙམ་བརྗེ་དགོས་བྱུང་། ཕྱག་འབུལ་སྐབས་དཔྲལ་བ་ཡང་རྨ་རུ་སོང་ནས་ཁྲག་རྡོལ་བ་དང་ཆུ་སེར་ཟེགས་པ་སོགས་བྱུང་ཡང་། སྐུ་ལུས་ལ་ཚེར་མ་ཕྲ་མོ་ཟུག་པའི་འདུ་ཤེས་ཙམ་ཡང་མེད་པར་ཕྱག་བྱེ་བ་བཅུ་བདུན་དང་། སྨྱུང་གནས་ཁྲི་ཕྲག་ལྷག ཡིག་དྲུག་དུང་ཕྱུར་སུམ་ཅུ་སོ་གཉིས་ལྷག ཞབས་སྐོར་གནང་བ་དང་གཟུངས་ཀྱི་རྣམ་གྲངས་གཞན་གསུང་བ་སོགས་ཕལ་བའི་བློ་ཡུལ་དུ་ཤོང་དཀའ་བའི་ཚོད་དུ་འདུག་པས། ཞིབ་ཏུ་བརྗོད་ན་སྐུ་ཚེ་རིལ་བོར་དེ་དག་སྣ་རེ་རེས་དུས་འདའ་བར་བྱས་སམ་སྙམ་པ་འཆར་བ་ལྟ་བུ་ཡིན། དེ་ལྟར་དགུང་གྲངས་གོ་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་བའི་ལྕགས་འབྲུག་སྤྱི་ལོ་༡༨༨༠ལོའི་ཧོར་ཟླ་༦ཚེས་༢ཉིན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་མཛད་དེ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །
སྤྱི་ལོ་༢༠༢༡ལོའི་ཧོར་ཟླ་༢ཚེས་༦ཉིན་ཤོག་བུ་སྣ་རིང་བརྒྱ་དང་སོ་དྲུག་གི་བདག་ཉིད་ཅན་གྱི་བྱ་བྲལ་གྲུབ་པའི་དབང་ཕྱུག་སེང་ཚངས་སྨྱུང་གནས་པ་༧བློ་བཟང་ཆོས་འཛིན་དཔལ་བཟང་བོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་བ་རྒྱལ་སྲས་ལམ་བཟང་འཇུག་པའི་ཐེམ་སྐས་ལ་མཇལ་བའི་མཇུག་ལེགས་པར་གྲུབ་པས། གཅིག་ནས་རང་ཉིད་ཀྱི་ཡིད་ལ་འཛིན་བདེ་བ་དང་ཞོར་དུ་བརྗེད་ངེས་ཀྱི་རྐུན་པོས་འཁྱེར་དོགས་པ་བཅས་ལ་དམིགས་ནས་དམ་པ་གང་གི་མཛད་རྣམ་གྱི་ཆ་ཕྲ་མོ་ཙམ་ཕྱོགས་གཅིག་ཏུ་བསྡེབས་པ་འདིས་ཀྱང་། སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་རེ་བསྐྲུན་ཐུབ་པར་སྨོན་པ་དང་བཅས། རྟག་ཏུ་ཐོས་བསམ་གྱིས་དབུལ་བའི་ཐ་ཤལ་བ་ཟམ་ཚ་བསྟན་འཛིན་སེངྒེས་སྦྱར་བ་དགེ་གྱུར་ཅིག །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn