ཨ་ཀྱཱ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-05-20 21:48:45     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།    ཀློག་ཐེངས།  

སྐུ་འབུམ་བྱམས་པ་གླིང་གི་རྒྱུད་པ་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་གི་ཁྲི་ཐོག་ཉི་ཤུ་བ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ1708ལོར་སྐུ་འཁྲུངས།སྐུ་ན་གཞོན་དུས་ནས་ཨ་ཀྱཱ་ཤེས་རབ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་སྐུ་འབུམ་གྱི་ཆོས་གྲྭར་ཞུགས་ནས་བསྡུས་ཚད་དང་ཕར་ཕྱིན་གྱི་སྐོར་ལ་ཐུགས་གཉེར་མཛད།མཁས་པའི་དབང་པོ་ར་ཁོ་ཤེས་རབ་ཆོས་འབྱོར་དང་དཀའ་ཆེན་བློ་བཟང་དར་རྒྱས།ཨན་འཇའ་སུ་བློ་བཟང་ཀུན་དགའ་སོགས་ལས་དབང་ལུང་ཁྲིད་གསུམ་སོགས་མང་དུ་གསན།དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་སར་སློབ་གཉེར་དུ་ཕེབས་ཏེ་སེར་བྱེས་མཁས་མང་འདུས་པའི་ཆོས་གྲྭར་ཞུགས།བཤེས་གཉེན་དམ་པ་མང་པོ་ལས་དབུ་ཕར་དང་མཛོད་འདུལ་གཙོས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་རྒྱ་ཆེར་མཛད་པས་མཁས་པའི་སྙན་གྲགས་ཕྱོགས་སུ་རྒྱས།རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་མང་དུ་གསན་བཞེས་མཛད་ལ།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་སྨད་ཆ་༼འོད་དཀར་ཅན་གྱི་ཕྲེང་བ་༽ལས།ཆུ་གླང་ཕྱི་ལོ1733ལོའི་ཟླ་བཞི་བའི་ནང་ཨ་རྐྱ་ཧུ་ཐོག་ཐུ་མཇལ་ཕྱག་ཏུ་བྱོན་པ་ལྟར་ཕྱག་དབང་གི་བྱིན་རླབས་སྩལ་ཞིང་།ཆོས་འབྲེལ་ཞུས་པ་ལྟར་ཉི་གཞོན་འཆར་ཀ་མའི་ལྗགས་ལུང་གནང་།ཞེས་གཙང་དུ་ཕེབས་ཏེ་ཀུན་གཟིགས་མཆོག་ལ་ཆོས་འབྲེལ་ཞུས་ཚུལ་གསལ།དབུས་དང་གཙང་གི་གནས་ཁྱད་པར་ཅན་སོགས་ལ་མཇལ་སྐོར་ཡང་མཛད།དབུས་སུ་ཕེབས་པའི་ཐུགས་བཞེད་མཐའ་དག་གྲུབ་ནས་དགུང་ལོ་ཉེར་བརྒྱད་པ་ཤིང་ཡོས་ཕྱི་ལོ1735ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་བྱོན།ལམ་བར་བྱང་འབྲི་ཆུའི་རབ་ཁ་ནས་ཟླ་བརྒྱད་པའི་ཚེས་བཅུའི་ཉིན་རྒྱལ་པོ་ཆེན་པོ་ངལ་སོས་བོ་ལ་བསྟོད་པ་༼ཀ་ཕྲེང་སུམ་ཅུའི་སྒོ་ནས་དངོས་གྲུབ་ཆར་ཆེན་འབེབ་སྤྲིན་གྱི་རྔ་གསེང་༽བྱ་བའང་མཛད།མི་རིང་བར་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་ཉི་ཤུ་བར་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་དང་དཀའ་ལུང་དབང་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤེལ་བའི་འཕྲིན་ལས་ཁོ་ན་མཛད།༼འཇིགས་མཛད་རྡོ་རྗེའི་བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཕྱི་སྒྲུབ་ཀྱི་ཚུལ་དུ་བསྟོད་པ་བདུད་སྡེའི་གཡུལ་ལས་རྒྱལ་བའི་དཔའ་བོའི་ངར་སྒྲ་༽ཞེས་པ་མེ་སྦྲུལ་ཕྱི་ལོ1737ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་སྐུ་འབུམ་རྒྱུད་བླའི་བྲང་ཁང་དུ་མཛད་ཚུལ་ལ་བསམས་ན་སྐབས་འདིར་རྒྱུད་པའི་ཁྲིར་བཞུགས་ཡོད་ངེས།ལྕགས་བྱ་ཕྱི་ལོ1741ལོའི་ནང་སྐུ་འབུམ་གསེར་སྡོང་ཆེན་མོའི་རྒྱ་ཕིབས་གསར་བཞེངས་སྐབས་ཤིག་ལ།གདན་སའི་མཁན་པོ་མཚན་སྒྲོགས་དགེ་འདུན་དོན་གྲུབ་ཀྱི་གསུང་གིས་རྗེ་གསེར་སྡོང་ཆེན་མོའི་རྒྱ་ཕིབས་གསར་བཞེངས་ཀྱི་དཀར་ཆག་ལོ་རྒྱུས་འབྲི་རྒྱུའི་ཚིགས་བཅད་ཅིག་དགོས་ཞེས་བསྐུལ་ངོར་༼སྐུ་འབུམ་ལྷ་ཁང་ཆེན་མོའི་རྒྱ་ཕིབས་གསར་བཞེངས་ཀྱི་ཚུལ་བརྗོད་པའི་སྔོན་རྗེས་ཀྱི་ཚིགས་བཅད་སྙན་ངག་༽ཅེས་པ་མཛད་ཚུལ་སྦྱར་བྱང་དུ་གསལ།ཤིང་ཕག་ཕྱི་ལོ1755ལོ་སྟེ་དགུང་ལོ་ཞེ་བརྒྱད་ཙམ་ནས་ཨ་ཀྱཱ་སྐུ་གོང་མ་ཤེས་རབ་བཟང་པོའི་དགོན་པ་སེང་གེ་མཁར་རི་ཁྲོད་ཀྱི་བདག་པོ་མཛད་ནས་འཆད་ཉན་སོགས་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེར་སྤེལ།པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་འཆད་ཉན་སློབ་དཔོན་དུ་གདན་དྲངས་པ་བཞིན་ཕེབས་ཏེ།བོད་རྒྱ་སོག་གསུམ་དང་མན་ཇིའི་དཔོན་རིགས་སོགས་སྐལ་བཟང་གདུལ་བྱའི་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་རྒྱུན་མི་ཆད་དུ་བསྩལ།དགུང་ལོ་ལྔ་བཅུ་བ་མེ་གླང་ཕྱི་ལོ1757ལོར་སེང་གེ་མཁར་གྱི་སྒྲུབ་སྡེ་ཞིག་གསོ་བྱེད་པའི་ཆེད་དུ་པེ་ཅིན་ནས་དངུལ་སྲང་ཉིས་བརྒྱ་ལྷག་བསྐུར་ནས་སྒྲུབ་སྡེ་གང་ཉིད་ཞིག་གསོ་ཡོངས་སུ་གྲུབ་པར་མཛད།དགུང་ལོ་ང་གཉིས་པར་རྒྱ་ནག་པེ་ཅིན་ནས་མདོ་སྨད་ཙོང་ཁའི་ཡུལ་དུ་བྱོན་ཏེ་སེང་གེ་མཁར་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་ལ་བཞུགས།སྐུ་འབུམ་ཆོས་སྡེ་ཆེན་པོ་དང་མདོ་སྨད་ལྷོ་བྱང་གི་དགོན་སྡེ་མང་པོའི་དོན་གཉེར་ཅན་མང་པོར་དབང་ལུང་མན་ངག་དང་མདོ་སྔགས་རིག་གནས་སོགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ།དགུང་ལོ་ང་ལྔ་བ་ཆུ་རྟ་ཕྱི་ལོ1762ལོར་གོང་མ་ཆན་ལུང་གི་བཀའ་ལྟར་གོང་ས་རྒྱལ་བའི་དབང་བོ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ཁྲི་འདོན་དུ་དབུས་ལྷ་ལྡན་དུ་བྱོན་ཚུལ་རྒྱལ་དབང་བརྒྱད་པའི་རྣམ་ཐར་དུ་ཡང་བྱུང་ལ།དབུས་སུ་ཕེབས་ལམ་དུ་༼ཐུབ་པའི་དབང་པོ་ལ་བདེན་པ་གསུངས་པའི་སྒོ་ནས་བསྟོད་པ་ཚིག་གི་མེ་ལོང་༽ཞེས་པ་མཛད་ཚུལ་སྦྱར་བྱང་དུ་གསལ།པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་དུ་ལོ་དེའི་ཟླ་བདུན་པའི་ཚེས་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་གཙང་ནས་དབུས་སུ་ཕེབས་པར་ཚེས་དྲུག་ཉིན་ལྷ་ལྡན་དུ་ཕེབས་བསུར་ཕུ་ཡན་བླ་མ་ཨ་ཀྱ་ཧུ་ཐོག་ཐུ་དང་རྒྱའི་མི་དྲག་མང་པོ་འབྱོར་བ་དང་།ཚེས་བཅོ་ལྔའི་ཉིན་གོང་མའི་མི་སྣ་ཨ་ཀྱཱ་ཚང་གིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་བརྟན་བཞུགས་ཕུལ་ཚུལ་དང་།ཨ་ཀྱཱ་ཧུ་ཐོག་ཐུས་གསོལ་བ་བཏབ་པ་བཞིན་དགྱེས་རྡོར་གྱི་རྒྱུད་བརྟག་པ་གཉིས་དང་།མཁས་གྲུབ་རྗེའི་ལྟ་ངན་མུན་སེལ་གྱི་ལུང་།འཇིགས་བྱེད་ཀྱི་རྫོགས་རིམ།སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབ་ཀྱི་ཁྲིད།འཇམ་ལུགས་ལྷ་ལྔའི་ཚེ་དབང་།རྡོ་རྗེ་སེམས་དཔའི་རྗེས་གནང་སོགས་ཕུལ་ཚུལ་གསུངས།སྐབས་དེར་ཨ་ཀྱཱ་ཚང་པེ་ཅིན་ནས་གོང་མའི་བཀའ་བཞིན་ཁམས་ལི་ཐང་དང་འབའ་སོགས་ལྷོ་ལམ་བརྒྱུད་དེ་དབུས་སུ་ཕེབས་སྐབས་གནས་ཆེན་ཀམ་པོ་གངས་རྭ་བ་ལ་མཇལ་བས་ཐུགས་འཕྲོག་སྟེ་བསྟོད་པ་སྙན་བརྗིད་ལྡན་པ་ཡང་འཕྲལ་དུ་མཛད་པ་སྦྱར་བྱང་དུ་གསལ།ཀུན་མཁྱེན་འཇིགས་མེད་དབང་བོས་མེ་ཁྱི་ཕྱི་ལོ1766ལོར་མཛད་ཅིང་ད་ལྟ་སྐུ་འབུམ་བྱམས་པ་གླིང་གི་རྗེ་གསེར་སྡོང་ཆེན་མོའི་གཡོན་ཕྱོགས་སུ་བཞུགས་པའི་གྱན་ཐང་དཀར་ཆག་༼སྲིད་པ་དང་ཞི་བའི་མཆོད་སྡོང་གཅིག་པུར་གྱུར་པ་ངོ་མཚར་བའི་བཀོད་པ་སྟོང་དང་ལྡན་པའི་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཇི་ལྟར་བསྐྲུན་པའི་ཚུལ་ཡང་དག་པར་བརྗོད་པ་ཚངས་སྲས་དགྱེས་པའི་གླུ་དབྱངས་༽ཞེས་པའི་ནང་།རབ་འདོད་ཤིང་སྤྲེལ་ཕྱི་ལོ1764ལོར་སྐྱབས་རྗེ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དང་།མཚོ་སྔོན་ཇུན་ཝང་དཀོན་མཆོག་བཀྲ་ཤིས་སོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་རྗེ་གསེར་སྡོང་ཆེན་མོའི་རྩིག་པ་སོགས་ཞིག་གསོས་རྒྱ་ཆེར་མཛད་ཚུལ་སྐོར་གསལ།

མཐར་དགུང་ལོ་རེ་གཅིག་ཏུ་ཕེབས་པ་ས་བྱི་ཕྱི་ལོ1768ལོར་སྐུ་གཤེགས་པར་བཤད་མཁན་མཆིས་ཀྱང་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱི་༼རྣམ་ཐར་དད་པའི་སྒོ་འབྱེད་༽དུ།སྐུ་གཤེགས་པའི་དུས་ཀྱི་ཟླ་ཚེས་མི་གསལ་ཡང་མེ་ཕག་ཕྱི་ལོ1767ལོའི་ལོ་མཇུག་གི་མཛད་པའི་ནང་འདི་ལྟར་བཀོད་ཡོད་དེ།ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་པེ་ཅིང་གི་ནུབ་རིར་ལྕང་སྐྱ་རིན་པོ་ཆེའི་གདན་ས་ཧག་ཧས་སི་ཞེས་པའི་དགོན་པར་སྟོན་འཁོར་རགས་བསྡུས་ཕེབས་ཏེ་ཟླ་བ་གཅིག་གི་རིང་ཡི་དམ་གྱི་བསྙེན་སྒྲུབ་མཛད་དེ་བཅད་རྒྱར་བཞུགས།དེ་ནས་གོང་མའི་ཕེབས་བསུར་སྔར་རྒྱུན་ཕེབས།དེ་ནས་ཧོ་གཡིན་བླ་མ་ཨརྐྱ་ཧོ་ཐོག་ཐུ་ཞིང་ལ་ཕེབས་པའི་ཐུགས་དམ་གསལ་འདེབས་དང་།ཀྱེ་རྡོར་རྩ་རྒྱུད་ལས།སྐུ་གསུང་བྱིན་རླབས་རིགས་ལྔ་གདགས།།རང་གི་ལྷའམ་གཞན་གྱིའང་རུང་།།སྙིང་བོ་སྙིང་ཁར་གདགས་པར་བྱ།།ཁྲུས་ཀྱིས་དག་བྱས་བདུད་རྩིས་བྱུགས།།ཅེས་གསུངས་པ་ལྟར་གྱི་གནས་ཡིག་གདགས་ཤིང་གོས་རྒྱན་གྱིས་བརྒྱན་པ་ཁྲིའི་སྟེང་དུ་བཞུགས་སུ་གསོལ་ནས་ལྷག་པའི་ལྷར་བསྐྱེད།ཁྲུས་གསོལ་མཆོད་བསྟོད་དབང་བསྐུར་རྫོགས་པ་དང་།གཤེགས་སུ་གསོལ་ཏེ་གཟུགས་སྐུ་རགས་པའི་ཟ་མ་ཏོག་ཁྱད་པར་ཅན་གྱི་སྲེག་སྦྱངས་ཞུགས་འབུལ་རྣམས་ཆོ་ག་བཞིན་དུ་དགོངས་པ་ཡོངས་སུ་རྫོགས་པར་མཛད།ཅེས་པེ་ཅིན་དུ་དགོངས་པར་རྫོགས་པར་ཚེ་སྨོན་གླིང་ནས་ཐུགས་དམ་གསལ་འདེབས་དང་སྐུ་གདུང་ཞུགས་འབུལ་གནང་བར་བཤད།ཡང་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་༼འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན་༽དུ་ས་གླང་ཕྱི་ལོ1769ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་མཚོ་སྔོན་རྒྱལ་ཁག་བསྟན་པ་པའི་སི།ཨར་སྐྱ་ཧོ་ཐོག་ཐུའི་དགོངས་རྫོགས་སྒྲུབ་མི་མཛོད་པ་སོགས་དད་ལྡན་གྱི་སྐྱེ་བོ་རྣམས་ནས་ཉིན་རིམ་པར་ཚོགས་དབུར་དུ་སྤྱན་དྲངས།དངོས་འབུལ་བསམ་གྱིས་མི་ཁྱབ་པ་ཕུལ་ཞེས་བྱུང་།གཞན་སྐུ་མ་གཤེགས་པའི་སྔོན་མེ་ཁྱི་ཕྱི་ལོ1766ལོར་དབུས་སུ་ཕེབས་མིན་མི་གསལ་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་དུ་ཕུ་ཡན་བླ་མ་ཨ་ཀྱ་ཧུ་ཐོག་ཐུ་ནས་བརྒྱ་མཆོད་འབུལ་སྣོད་རྒྱ་ཏིང་ཉིས་བརྒྱ་དྲུག་ཅུ་ཕུལ་བ་དང་ཕྱིས་སུ་དགོངས་པ་རྫོགས་དུས་དགོངས་རྫོགས་སྒྲུབ་མི་ནས་པཎ་ཆེན་མཆོག་ཚོགས་དབུར་སྤྱན་དྲངས་ནས་དངོས་འབུལ་གནང་ཚུལ་གསལ།འདི་དག་ལ་གཞིགས་ན་ཨ་ཀྱཱ་འདི་བ་མེ་ཕག་ཕྱི་ལོ1767ལོའི་ལོ་མཇུག་གི་དུས་ལ་པེ་ཅིན་དུ་སྐུ་གཤེགས་པར་མངོན་ལ།དེ་ནས་དགོངས་རྫོགས་སྒྲུབ་མི་སྒར་བའི་མཛོད་པ་སོགས་ས་བྱི་ཕྱི་ལོ1768ལོའི་ནང་དབུས་སུ་འབྱོར་ཏེ་ས་གླང་ཕྱི་ལོ1769ལོའི་དབུས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ནང་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ཚོགས་མགོན་དུ་སྤྱན་དྲངས་ཏེ་དངོས་འབུལ་དང་དགེ་འདུན་ལ་བསྙེན་བཀུར་ཕུལ་བར་ངེས།གསུང་འབུམ་དུ་པཎ་ཆེན་རིན་པོ་ཆེར་ཕུལ་བའི་ཞུ་ཡིག་ཅེས་པ་པཎ་ཆེན་སྐུ་ཕྲེང་ལྔ་བ་དང་དྲུག་པ་གང་ལ་ཕུལ་བ་མི་གསལ་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་སྔ་ཕྱི་གཉིས་ལ་ཆོས་འབྲེལ་ཡོད་འདུག༼དབེན་གནས་ཤ་བའི་རྫོང་གི་འདུ་ཁང་གི་དཀར་ཆག་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་༽ལས། “དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཁོ་བོའི་མཁན་པོ་རིན་པོ་ཆེ་རྗེ་སྟག་མཚེར་བ་བློ་བཟང་དར་རྒྱས་པའི་ཞལ་སྔ་ནས་ཞེས་གསུངས་པ་ལ་གཞིགས་ན།སྐུ་འབུམ་ཁྲི་ཆེན་ཉེར་གཉིས་པ་སྟག་མཚེར་བློ་བཟང་དར་རྒྱས་ཀྱི་དྲུང་ནས་བསྙེན་པར་རྫོགས་པར་ངེས།

དམ་པ་འདི་སྐབས་དེའི་མདོ་སྨད་ཡུལ་དུ་མདོ་སྔགས་རིག་གནས་དང་བཅས་པ་ལ་འགྲན་པའི་ཟླ་དང་བྲལ་ཞིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད།མན་ཇི་གོང་མས་ཆེ་མཐོང་གིས་ཆོ་ལོ་དང་པེ་ཅིན་དང་སོག་ཡུལ་དུ་ཡང་མཛད་འཕྲིན་ཧ་ཅང་རྒྱས།གསུང་རྩོམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ལེགས་བཤད་ཀྱི་པོད་ཆེན་པོ་གཅིག་དང་།སློབ་མ་ཡང་མཁས་གྲུབ་གཉིས་ལྡན་གྱི་རབ་འབྱམས་པ་བསོད་ནམས་བློ་གྲོས་དང་བསོད་ནམས་རྒྱལ་མཚན་སོགས་ཤིན་ཏུ་མང་།ཨ་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱི་འགོ་གང་ནས་འཛིན་པའི་ཐད་མི་མཐུན་པ་ཡོད་ཀྱང་མང་པོས་འདི་བ་ཨ་ཀྱཱ་སྐུ་ཕྲེང་གསུམ་པ་ལ་འདྲེན།སྐུ་འབུམ་གདན་རབས་སོགས་སུ་རྣམ་ཐར་མདོར་ཙམ་ལས་མི་སྣང་བས་ཞིབ་ཏུ་འཆད་དཀའ་ལ།འདིར་གདན་རབས་ཁག་དང་རྣམ་ཐར་གཞན་དུ་གསལ་བ་དག་གིས་ཁ་བསྐངས་ནས་མདོར་བསྡུས་ཙམ་བྲིས་པའོ།

ཡུལ་གངས་ལྗོངས་ཀྱི་ལུམྦིའི་དགའ་ཚལ་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་བོད་ཤིང་འབྲུག་ཕྱི་ལོ༢༠༢༤ལོའི་ཟླ༩པའི་ཚེས༡༥ཉིན་མཚམས་སྦྱར་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།