མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །
བསོད་ནམས་ཞིང་མཆོག་ཐུབ་བསྟན་ཀུན་གསལ་ཏུ། །
གྲགས་པའི་འོད་སྟོང་འཕྲོ་ལ་ཟླ་མེད་པ། །
དཔལ་ལྡན་མཁས་མང་འདབ་བརྒྱའི་གཉེན་གཅིག་པུ། །
སྨྲ་བའི་ཉིན་བྱེད་དབང་པོས་རིང་དུ་སྐྱོངས། [1]།
བསོད་ནམས་ཛམྦུ་ནཱ་དའི་རྩིབས་སྟོང་གིས། །
ཐུབ་བསྟན་ས་གསུམ་ཁྱོན་ལ་དབང་སྒྱུར་བའི། །
གྲགས་པའི་དབྱར་རྔ་སྟོང་དུ་དགོད་པ་ཅན། །
ཟླ་མེད་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག [2]།
ཅེས་བསྟོད་ཡུལ་དུ་གྱུར་པའི་འཇམ་མགོན་རྒྱལ་བ་གཉིས་པའི་མི་འཇིགས་གསེར་གྱི་ཁྲི་ལ་དབང་བསྒྱུར་བའི་རྩོད་དུས་ཀྱི་མ་ཧཱ་པཎྜིཏ་ཆེན་པོ། སྐབས་དོན་བཤད་བྱ་རྩ་བའི་གཞུང་ཡུམ་དོན་གསལ་བའི་སྒྲོན་མེའི་བྱེད་པོ། བུ་སྟོན་ཐམས་ཅད་མཁྱེན་པའི་སྐྱེ་བའི་ཕྲེང་བ་འཛིན་པ[3]། མདོ་སྔགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཁྲི་ཆེན་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེ་ནི[4]། རབ་བྱུང་བརྒྱད་པའི་ས་ཁྱི་སྟེ་ཕྱི་ལོ་༡༤༧༨ལོར་ལྷོ་ཁ་ [5]རྩེད་ཐང་གི་ཉེ་འདབས་སུ་ནང་པར་ལམ་པའི་སྲས་སུ་འཁྲུངས[6]། སྐུ་ན་ཤིན་ཏུ་ཕྲ་བའི་དུས་རྩེད་ཐང་གི་ལས་ཆེན་པ་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་ལའང་བསོད་ནམས་གྲགས་པ་ཞེས་གསོལ་པར་བཤད་དེ། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་ལས། ཆེན་པོ་བསོད་ནམས་བཀྲ་ཤིས་ལ་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པར་གསོལ། [7]ཞེས་དང་། གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་ལས། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་དཔལ་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལའང་བསོད་ནམས་གྲགས་པ་ཞེས་གསོལ། [8]ཞེས་གསུངས་མོད། འོན་ཀྱང་། པཎ་ཆེན་རང་ཉིད་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས། མཁན་སངས་རྒྱས་བཟང་པོ་བས་ནི་ར་ཚག་བཟུང་ནས་གཞན་དོན་མཛད་པ་ལས་ཞལ་སྔ་ནས་མཁས་བཙུན་རིན་པོ་ཆེ་དང་ཐམས་ཅད་མཁྱེན་པ་ལྟ་བུ་ཞལ་སློབ་ཏུ་བྱོན། ཁོ་བོས་ཀྱང་རབ་བྱུང་གི་མཁན་པོ་ཞུས་པ་ཡིན་ནོ། [9]།ཞེས་གསུངས་པར་ལྟར་ན། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལ་བརྟེན་ནས་རབ་བྱུང་བཞེས་ཚུལ་གསལ་པོ་མི་སྣང་བ་མ་ཟད། རབ་བྱུང་གི་མཁན་པོ་འོད་སྣེའི་ཆོས་རྗེ་སངས་རྒྱས་བཟང་པོ་ཡིན་པར་གསུངས་སོ། །གནད་འདིར་གཟིགས་པའི་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་དུང་དཀར་ཚིག་མཛོད་ཆེན་མོ་ལས། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་གསོལ་ཞེས་ལོ་རྒྱུས་གཞན་ཞིག་ལས་གསལ་ཡང༌། རང་ཉིད་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ལས། འོད་སྣའི་བླ་མ་ལ་རབ་བྱུང་གི་མཁན་པོ་ཞུས་ཞེས་གསུངས་ཡོད། ཅེས་གསུངས་སོ། ། མདོར་ན་རང་ཁུངས་བཙན་བར་སྙམ་མོ། ། ཡིན་ན་ཡང་པཎ་ཆེན་བསོད་ནམས་གྲགས་པའི་དངོས་སློབ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད་ལས། རྩེད་ཐང་ལས་ཆེན་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་ཞེས་བཏགས་པར་གསུངས་སོ། [10]། པཎ་ཆེན་རང་ཉིད་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས། གསུང་ཆོས་གསན་པའི་སྡེ་སྣོད་འཛིན་པའི་དབང་ཏུ་བྱས་ན་རིན་པོ་ཆེ་སྨོན་ལམ་དཔལ། ཆོས་རྗེ་པཎ་ཆེན། རྒྱུད་པ་ཀུན་དགའ་དོན་གྲུབ། ཆོས་རྗེ་འཕགས་པ་ལྷ། པཎ་ཆེན་ཡེ་ཤེས་རྩེ་མོ། བྱང་སེམས་ཤ་མི་གསོལ་བ། དྲུང་གཞོན་གྲགས་པ། གྲུ་དཀར་ཆོས་མཛད། ཆོས་རྗེ་བསོད་བཀྲས་པ། སྤོ་འབོར་བ་སེང་གེ་རྒྱལ་མཚན་ཞེས་དང་། དེའི་འོག་ཏུ་ཤོག་གྲངས་གཅིག་ཙམ་ན་ཁོ་བོས་ཀྱང་རབ་བྱུང་གི་མཁན་པོ་ཞུས་པ་ཡིན་ནོ། ཞེས་གོང་གསལ་ཆོས་རྗེ་བསོད་བཀྲས་པ་ཞེས་པ་ནི་བསོད་ནམས་བཀྲ་ཤིས་ཡིན་ནམ་སྙམ་པའི་དོགས་པའི་རྦ་རླབས་ཆེར་ཆེས་འཕེལ་སོང་། གང་ལྟར་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་སྡོམ་པ་བཞེས་པར་བཤད་ན་ལེགས་པོ་ཡོད་དེ། ཕྱིས་སུ་པཎ་ཆེན་རང་ཉིད་ཀྱི་བླ་མ་རྒྱལ་མཆོག་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་སྐུ་མྱང་ངན་ལས་འདས་ནས། དེའི་ཡང་སྤྲུལ་རྒྱལ་མཆོག་གསུམ་པའི་ཡོངས་འཛིན་མཛད་དེ་རྒྱལ་མཆོག་གསུམ་པའི་མཚན་ལའང་བསོད་ནམས་རྒྱ་མཚོ་ཞེས་གསོལ་ལོ། །དེང་སང་འགའ་རེས་འོད་སྣེའི་བླ་མར་བསྟེན་ནས་དགེ་ཚུལ་དང་བསྙེན་རྫོགས་མཛད་པར་བཤད། [11]།རྒྱུ་མཚན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོར་བརྟེན་ནས་བཤད་ཚུལ་ཞིག་སྣང་སྟེ། དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ་ལས། འོད་སྣེའི་བླ་མ་སངས་རྒྱས་བཟང་པོ་ལ་དགེ་ཚུལ་དང་བསྙེན་པར་རྫོགས། རྒྱུད་སྟོད་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་པ་བསྟེན་ནས་སྔགས་ལ་སྦྱངས་པས་དགེ་བཤེས་ཆེན་པོར་གྱུར་ཏེ། རྒྱུད་སྟོད་པའི་འཆད་ཉན་ལོ་བཅུ་བཞི་མཛད། [12]ཅེས་གསུངས། གང་ལྟར་སྡེ་སྲིད་པས་གསུངས་བ་བཞིན་ལས་ཆེན་བསོད་ནམས་བཀྲ་ཤིས་ནི་རབ་བྱུང་གི་མཁན་པོ། ཆོས་རྗེ་སངས་རྒྱས་བཟང་པོ་ནི་བསྙེན་རྫོགས་མཁན་པོ་ཡིན་པས་འགལ་བར་མི་སེམས་སོ། ། དེ་ནས་རྩེད་ཐང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་དག་ལ་གསན་བསམ་མི་ཉུང་བ་མཛད། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་ཚད་མའི་གཞུང་ལ་དོགས་གཅོད་ཞུ་སྟེ་ཁྱད་པར་དུ་འཕགས། དེ་ནས་སྦྲགས་གཡང་བཟང་དུ་ཕེབས་ཏེ། ཆོས་རྗེ་དྭགས་པོ་རབ་འབྱམས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་སོགས་བསྟེན་ནས་བགྲང་བྱ་དུ་མའི་རིང་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་། དགུང་ལོ་བཅུ་དྲུག་པ་ཆུ་གླང་༡༤༩༣ལོར་རྗེ་ཙོང་ཁ་པའི་ཐུགས་སྲས་[13]བྱམས་ཆེན་ཆོས་རྗེས་ཕྱག་འདེབས་པའི་མཁས་གྲུབ་བྱེ་བའི་འབྱུང་གནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་གནང་ཞིང་། གདན་ས་སེ་ར་ཐེག་ཆེན་གླིང་དུ་[14]ཀུན་མཁྱེན་དོན་ཡོད་དཔལ་ལྡན་མཆོག་དང་། [15]གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་ལ་ཡོངས་འཛིན་དུ་བསྟེན་ནས་བགྲང་བྱ་བཅུ་གཉིས་ཀྱི་བར་ལ་ཚད་མའི་མདོ། རྣམ་འགྲེལ། རྣམ་ངེས། རིགས་ཐིག་སོགས་གསན་ཏེ་དོགས་གཅོད་མང་དུ་མཛད་ཅིང་། གཞན་ཡང་ལམ་རིམ་ལ་སོགས་པའི་གཞུང་ཆེན་དག་ལ་ཐོས་བསམ་རྒྱ་ཆེན་མཛད་དེ། རྒྱ་བོད་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན། དགུང་ལོ་ཉི་ཤུ་ལ་འོད་སྣའི་བླ་མ་སངས་རྒྱས་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས[16]། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བསྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་བ་ལ་རྕེད་ཐང་ཆོས་གྲྭར་སླར་ཡང་རབ་འབྱམས་པའི་གྲྭ་སྐོར་པ་དང་། རྩེད་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གི་དྲུང་ནས་གཙང་ཊིཀྐའི་སྟེང་ནས་མདོ་རྩ་བའི་ཞིབ་བཤད། འདུལ་བ་མེ་ཏོག་འཕྲེང་བརྒྱུད་ཀྱི་བཤད་ལུང་སོགས་ལ་ཐོས་བསམ་རྒྱ་ཆེན་མཛད་དེ་འདུལ་བར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་། རིམ་བཞིན་དབུས་སུ་ཕེབས་ཏེ། འབྲས་སྤུངས་སུ་ [17]ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་དྲུང་ནས་གསང་བདེ་འཇིགས་གསུམ། དུས་འཁོར་གྱི་ཀུན་རིག་སོགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མང་པོའི་དབང་དང་། བདེ་གསང་དུས་འཁོར་རྣམས་ཀྱི་བསྐྱེད་རིམ། ལྷ་ཚོགས་མང་པོའི་རྗེས་གནང་སོགས་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པར་ཐོས་བསམ་མཛད། དེ་ནས་དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་ས་འབྲུག་༡༥༠༨ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་ཀྱི་ཞབས་ལ་གཏུགས་ནས་དཔལ་གསང་བ་འདུས་པའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་གསན་ཅིང་། བགྲང་བྱ་གསུམ་གྱི་བར་དུ་བླ་མ་འདི་ཉིད་ལ་བསྟེན་ནས་རྗེ་བླ་མའི་སྔགས་གཞུང་དག་ལ་སྦྱངས་པར་མཛད། དེ་ནས་གདན་ས་དགའ་ལྡན་དུ་ཆོས་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཐོག་བཅུ་གཉིས་པ་[18]འཇམ་དབྱངས་ཤེས་རབ་དར་ལེགས་པར་བློ་གྲོས་ཀྱི་དྲུང་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་ཀརྨ་ཤ་ཏམ། དཔལ་གསང་བ་འདུལ་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ། རྗེ་བདག་ཉིད་ཆེན་པོའི་གསུང་འབུམ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་འབུམ་སོགས་གསན། བེ་རི་དགེ་བཤེས་ཀྱིས་སྐབས་ཤིག་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་སྐུ་ཁམས་སྙུན་བའི་ཚུལ་བསྟན་པའི་ཚེ། རྗེ་བླ་མ་འདི་ཉིད་ཀྱིས་སྙུན་གཡོག་སོགས་སྐུའི་རིམ་གྲོ་ཉིན་མཚན་ཁོར་མོ་ཡུག་ཏུ་འབད་པ་ཆེན་པོས་བསྐྲུན་པས་ཐུགས་ཤིན་ཏུ་དགྱེས་ཤིང་། ཞིང་གཤེགས་ཁར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་པའི་བྱ་བའི་ཁུར་ཐམས་ཅད་དམ་པ་འདི་ཉིད་ལ་ཕོག་ཏེ། རྒྱུད་གྲྭ་འདིའི་འཆད་ཉན་ནམ་ཡང་མི་ཉམས་པར་བྱ་དགོས་ཚུལ་སོགས་ཀྱི་བཀའ་ཆེམས་མང་དུ་གནང་ནས་ཚོང་ཁེ་སྤོགས་ལོན་པ་བཞིན་དུ་ཞིང་གཞན་དུ་གཤེགས། དེ་ནས་པཎ་ཆེན་མཆོག་ཀྱང་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་ཀྱི་བཀའ་བཞིན་དགུང་ལོ་སོ་བཞི་སྟེ། རབ་བྱུང་དགུ་པའི་ལྕགས་ལུག་༡༥༡༡ལོར་རྒྱུད་ཀྱི་མཁན་ཁྲིར་ཕེབས། དུས་དེ་ནས་བཟུང་སྟེ་དགུང་ལོ་ཞེ་བདུན་གྱི་བར་དུ་རྒྱུད་ཀྱི་ཐུགས་ཁུར་བཞེས་ནས་བསྟན་པའི་བྱ་བ་རྒྱ་ཆེ་མཛད། དེའི་རིང་ནང་དགུང་ལོ་སོ་དྲུག་པའི་དུས་གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་འགྲེལ་ཆེན་བརྩམས་ཤིང་།《དཔལ་གསང་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་རྫོགས་རིམ་ཐར་ལམ་སྒྲོན་མེ། [19]》མདོར་ན་དགེ་འདུན་གྱི་འདུ་ཁང་བརྩིགས་པ་སོགས་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པས་གྲྭ་ཚང་ཡང་ཆེས་ཆེར་འཕེལ་ཏེ་རྒྱུད་སྟོད་སྨད་ཅེས་ཕན་ཚུན་འགྲན་པ་བཞིན་དུ་གནས་པའང་དམ་པ་འདི་ཁོ་ནི་ཕྱག་རྗེས་ཡིན་ནོ། །དགུང་ལོ་ཞེས་བདུན་པ་ཤིང་སྤྲེལ་༡༥༢༤ལོ་ནས་སློབ་དཔོན་ཡོན་ཏན་འོད་བཤད་ཉན་དུ་བྱོན་པས་གྲྭ་ཚང་ནང་བསྡུམས་ནས་འགལ་མེད་ཀྱི་སྤྱི་ཁྱབ་ཡོད་པ་བྱུང་གསུངས་སོ། [20]།
ཡང་རྗེ་ཉིད་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས།[21] ཤིང་སྤྲེའི་ལོ་གསར་བ་ན་དངོས་ཅག་ལ་ཆོས་འཆད་དུ་སླེབས་དགོས་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱག་དམ། མི་སྣའི་ངག་དང་བཅས་པ་འགའ་ཟུང་ཕེབས་ཤིང་། སྨིན་པའི་མཐར་རྒྱུད་ཀྱི་འཆད་ཉན་བསྐོ་བ་དང་། དགོན་པ་གཅིག་གཉིས་གཏོང་གྲུབ་ན། བཀའ་ངག་མ་བཅག་ཙམ་ཅི་ཡོང་བལྟ་ཞེས་ཞུས་ཤིང་སྨྲས་པ་ན། ཞུས་ལན་ཕྱག་དམ་དུ་དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་ཞེས། །གྲགས་པ་སྙིང་ལ་ཡི་དམ་ཉིད་དུ་བགྱིད། །དེ་དག་སྒྲུབ་པའི་ཐབས་ལ་མཁས་པ་ཡང་། །སྨོས་པར་ཅི་འཚལ་ཚུལ་བཞིན་མཛད་དུ་གསོལ། །ཞེས་ཕེབས་པ་ཉིད་ཁུར་དུ་ལྕི་སྟེ། ལོ་དེའི་མཇུག་ནས་གྲྭ་ཚང་བཟུང་བ། དགེ་ལྡན་དུ་སླེབ་དགོས་པ་སོགས་ནས་བཤད་ཉན་རྒྱུད་ན་འཐུད་པ་ཞིག་མ་བྱུང་ཡང་ཅི་སྡོད་ཀྱི་རིང་བསྟན་པ་ལ་བསམ་ནས་བརྩོན་འགྲུས་བཟང་པོའི་གོ་ཆ་གྱོན་ཏེ་གོ་ཚོད་དང་བསྟུན་པའི་གཞུང་བཤད་བགྱིས་སོ། །ས་གླང་འདི་ལ་བོ་དོང་རབ་འབྱམས་པ་དགེ་འདུན་དོན་གྲུབ་འཆད་ཉན་གྱི་གོ་སར་བྱོན་ཡོད་དོ། ། ཅེས་གསུངས་པ་ལྟར་ལོ་དེར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་དུ་ཕེབས། ཤིང་བྱ་ལོ་༡༥༢༥ལོར་དབེན་གསན་བྱམས་པ་གླིང་དུ་ཕར་ཕྱིན་རྣམ་བཤད་ཀྱི་འགྲེལ་བ་བརྩམས་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྣམ་བཤད་སྙིང་པོ་རྒྱན་གྱི་དོན་ལེགས་པར་བཤད་པ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །[22]》 འདིར་ཤེས་དགོས་པ་ཞིག་ལ། བདག་གི་བཤེས་གཉེན་རིན་པོ་ཆེ་མཆོག་གིས་ཕར་ཕྱིན་རྣམ་བཤད་ཀྱི་དཔེ་ཁྲིད་སྐབས་སུ་འདི་ལྟར་གསུངས་ཏེ། སྔ་མའི་གསུང་རྒྱུན་ལ་ཕར་ཕྱིན་སྤྱི་དོན་ནི་པཎ་ཆེན་རང་ཉིད་ཀྱིས་མཛད་དེ་ཡིག་ཐོག་བཀོད་པ་རེད། ཡིན་ན་ཡང་མཐའ་དཔྱོད་ནི་པཎ་ཆེན་རང་ཉིད་ཀྱི་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་མཛད་པར་གསུངས་རྒྱུན་ཞིག་ཡོད་རེད། སྐུ་ཞབས་བློ་མཆོག་རིན་པོ་ཆེ་མཆོག་ལ་སྤྱི་མཐའི་བཤད་ལུང་ཞུས་པའི་སྐབས་སུ་སྐུ་ཞབས་ཀྱིས་མཐའ་དཔྱོད་ནི་ཁོང་རང་མཁན་པོས་རྩེ་ཞྭ་སྐྱོར་སྐབས་ཆད་མ་མྱོང་། གསུངས་པ་ལ་ལྟར་ན་མཐའ་དཔྱོད་ནི་པཎ་ཆེན་རང་ཉིད་ཀྱིས་ཡིག་ཐོག་བཀོད་པ་མིན་པས་ཁོང་གི་སློབ་མ་རྣམས་ཀྱིས་ཡིག་ཐོག་བཀོད་པ་ཕལ་ཆེར་ཡིན་མིན་འགྲོ་ཞེས་གསུངས་ཀྱང་། མཐའ་དཔྱོད་དུ་པཎ་ཆེན་རང་ཉིད་ཀྱི་མཛད་ཚུལ་གསུངས་ཏེ། དེ་ཉིད་ལས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་མང་དུ་ཐོས་པའི་བཙུན་པ་དབང་ཕྱུག་བཟང་པོའོ།།འདིས་ཀྱང་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས་སོ། ། འདི་ལ་ཁ་ཅིག་གིས་ཡི་གེ་པ་ནི་བཙུན་པ་དབང་ཕྱུག་བཟང་པོ་ཡིན་པས་པཎ་ཆེན་རང་ཉིད་ཡིག་ཐོག་འགོད་མཁན་མ་ཡིན་ནོ་ཞེ་ན། འོ་ན། སྤྱི་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་གྱི་མཛད་བྱང་དུའང་ཡི་གེ་པ་ནི་ཤར་ཕྱོགས་ཨེའི་བཙུན་པ་བྱང་ཆུབ་དཔལ་བཟང་པོའོ། །ཞེས་གསུངས་པའི་ཕྱིར། གང་ལྟར་དཔྱད་པའི་མཐའ་མ་རྫོགས་པས་བློ་གྲོས་དང་ལྡན་པ་དག་གིས་དཔྱད་པར་བྱའོ། །
དགུང་ལོ་ལྔ་གཅིག་པ་ས་ཕོ་བྱི་བ་ལོའི་ཚུལ་ཞུགས་ཟླ་བའི་ཡར་ཚེས་བཟང་པོ་༡༥༢༨ལོར་དབུ་མའི་རྣམ་བཤད་ཀྱི་འགྲེལ་བ་བརྩམས་《དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པ་ཟབ་དོན་གསལ་བའི་སྒྲོན་མེ། [23]》གཞུང་འདི་གཉིས་ལ་བརྟེན་ནས་ཕར་ཕྱིན་དང་དབུ་མའི་འཆད་ཉན་དབྱར་གྱི་མཚོ་ཆེན་ལྟར་འཕེལ་བར་གྱུར་ཏེ་དུས་ད་ལྟའང་འཕྲིན་ལས་མཉམ་པར་གནས་སུ་གྱུར། དགུང་ལོ་ང་གཉིས་པ་ས་གླང་༡༥༢༩ལོར་བམ་གདོང་རབ་འབྱམས་པ་དགེ་འདུན་དོན་འགྲུབ་མཁན་ཁྲིར་བཀོད། ལོ་དེར་དགའ་ལྡན་དུ་བྱོན་རྗེས་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་ཀུན་གྱིས་མངའ་གསོལ་ཞིང་། དགའ་ལྡན་གསེར་ཁྲིར་ཕེབས་ཏེ་གསུང་ཆོས་སྐབས། ཁོང་གིས[24]།
ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །
ཆོས་ཚུལ་རྣམ་པར་འཕེལ་བ་ལ། །
བགེགས་ཀྱི་མཚན་མ་ཞི་བ་དང་། །
མཐུན་རྐྱེན་མ་ལུས་ཚང་བར་ཤོག།
ཅེས་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཏེ་རྒྱས་པའི་ཐུགས་སྨོན་ཚིགས་བཅད་འདི་མཛད་དེ། མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་གྱུར། ལོ་དེར་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་བརྩམས་《བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན[25]》དགུང་ལོ་ང་གསུམ་པ་ལྕགས་སྟག་༡༥༣༠ལོར་འདུལ་བའི་རྣམ་བཤད་བརྩམས། 《འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ། [26]》དེའི་ཕྱི་ལོ་སྟེ་དགུང་ལོ་ང་བཞི་པ་ལྕགས་ཡོས་༡༥༣༡ལོར་དབུ་མའི་མཐའ་དཔྱོད་བརྩམས།《 དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ[27]》དགུང་ལོ་ང་བདུན་པ་ཤིང་རྟ་༡༥༣༤ལོར་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་བརྩམས། 《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ། [28]》གཞན་ཡང་དེའི་རིང་ལ་མཛོད་ཀྱི་རྣམ་བཤད་བརྩམས། 《དམ་པའི་ཆོས་མངོན་པ་མཛོད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ། [29]》 དང་རྒྱུད་བླ་མའི་རྣམ་བཤད་བརྩམས། 《ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད། [30]》 དགུང་ལོ་ང་བརྒྱད་པ་ཤིང་ལུག་༡༥༣༥ལོར་རྡོ་རྗེ་འཛིན་པ་ཆེན་པོ་[31]ཆོས་སྐྱོང་རྒྱ་མཚོར་དགའ་ལྡན་ཁྲི་གཏད་ནས་རང་ཉིད་ཟུར་བཞུགས་མཛད་དེ་ལོ་ངོ་བརྒྱད་ཀྱི་རིང་གཙོ་བོར་དགའ་ལྡན་རང་དུ་རྒྱུན་བཞུགས་ཐོག་ཉེ་འཁོར་གྱི་དགོན་པ་འགའ་ཞིག་གི་འདོད་མོས་ལྟར་མཁན་པོ་མཛད། དེའི་རིང་ལ་འདུལ་བའི་ཆོས་འབྱུང་བརྩམས། 《དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས། [32]》
དགུང་ལོ་རེ་གཅིག་པ་ས་ཁྱི་༡༥༣༨ལོར་བོད་ཀྱི་ལོ་རྒྱུས་ཀྱི་རྣམ་བཤད་དེབ་ཐེར་དམར་པོ་བརྩམས། 《 རྒྱལ་རབས་འཕྲུལ་གྱི་ལྡེ་མིག [33]》སོགས་རྨད་བྱུང་བའི་སྔོན་མེད་ལེགས་བཤད་མངས་སུ་མཛད་ཅིང་། དེང་སང་པཎ་ཆེན་ཡིག་ཞེས་པ་རླུང་ལྟར་གྲགས་དེར་སློབ་གཉེན་གནང་མཁནའང་གྲངས་ལས་འདས་སོ། ། མདོར་ན་ཁོང་གི་ལེགས་བཤད་ཀྱི་སྐོར་ནི། རྣམ་ཐར་དད་པའི་རོལ་རྩེད་ལས[34]། མདོ་སྔགས་ཀྱི་ལེགས་པར་བཤད་པ་ཆེན་པོ་ཟབ་ལ་རྒྱ་ཆེ་བ་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བ་རྣམས་ཀྱི་དགོངས་དོན་བདེ་བླག་ཏུ་གསལ་བར་བྱེད་པའི་མན་ངག་ཡི་གེར་བཀོད་པ། ཕར་ཕྱིན་རྩ་ཊིཀ་རྣམ་བཤད་ཚིག་དོན་རབ་གསལ། སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། མཐའ་དཔྱོད་ཡང་གསལ་སྒྲོན་མེ། རྣམ་འགྲེལ་གྱི་སྤྱི་དོན་རྣམ་བཤད་དགོངས་པ་རབས་གསལ། འདུལ་བའི་སྤྱི་དོན་རྣམ་བཤད་ལུང་རིགས་ཉི་མ། མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། རྒྱུད་བླ་མའི་གཞུང་འགྲེལ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ། བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་ཨུཏྤ་ལའི་ཕྲེང་བ། ལེགས་བཤད་སྙིང་པོའི་དཀའ་གནད་དོགས་གཅོད། སྡོམ་གསུམ་ནོར་བུའི་བྱི་དོར་རྒྱས་བསྡུས་གཉིས། བྱང་ཆུབ་གཞུང་ལམ་གྱི་དོན་བསྡུས་སོགས་མདོ་ཕྱོགས་ཀྱི་ཡིག་ཆ་དང་། རྒྱུད་སྡེ་སྤྱིའི་རྣམ་གཞག། དཔལ་གསང་བ་འདུས་པའི་འཛུབ་ཁྲིད། བསྐྱེད་རིམ་མཁས་པའི་ཡིད་འཕྲོག རྫོགས་རིམ་ཐར་ལམ་གསལ་སྒྲོན། སྤྱོད་པའི་ཟུར་བཀོལ་གཉིས། ཕྱག་རྒྱ་ཆེན་པོ་ལ་རྒྱན་དྲུག་ཏུ་མཛད་པའི་རྣམ་བཤད། ན་རོ་ཆོས་དྲུག་དང་གསང་སྔགས་ཀྱི་གཅོད་དང་། སྙིང་པོ་དོན་གསུམ་དང་། ལྟ་ཁྲིད་དྲན་པ་བཞི་ལྡན་རྣམས་ཀྱི་ཁྲིད། ཚེ་དཔག་མེད། སྒྲོལ་དཀར། རིགས་བྱེད་མ་སོགས་ཀྱི་སྒྲུབ་ཐབས་སྟེ་གསང་སྔགས་ཀྱི་ཡིག་ཆ་དང་། འདུལ་བའི་དུས་ཚིགས། གྲུབ་མཐའི་རྣམ་གཞག འདུལ་བའི་ཆོས་འབྱུང་། རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཕན་བདེ་འབྱུང་གནས། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ཏེ་ལོ་རྒྱུས་རྣམ་ཐར་དང་། དགེ་ལྡན་ལེགས་བཤད། བསྟན་རྩིས་རིན་ཆེན་ཕྲེང་བ། བཀའ་གདམས་གླེགས་བམ་གྱི་དོན་བསྡུ། ཚེ་ཁྲིད་རྒྱུད་པ་དང་གཅོད་ཡུལ་རྒྱུད་པ་སོགས་ཀྱི་གསོལ་འདེབས། ཀརྨ་པའི་ཕར་ཕྱིན་་ཊིཀྐའི་དགག་ལན་དང་དགག་ལན་གྱི་ཡང་ལན་སོགས་ཐོར་བུ་བ་དུ་མ་དང་ཞུ་ལན་བཀའ་ཤོག་གསུང་མགུར་དུ་བྱུང་བ་སོགས་གླེགས་བམ་བཞུགས་མི་ཆུང་བ་ཞིག་རྣམས་མཛད་ལ། ཉིད་ཀྱི་ཞལ་ནས། ཡང་ན་གདན་ས་མཐོན་པོར་འཕགས་པ་ཙམ། །སྐྱེ་བོ་མཁས་དང་མི་མཁས་ཀུན་ལ་ཡོད། །ཟུག་རྔུ་ལྡང་ན་རྩོམ་འཆད་རྩོད་པ་ཡི། །མཁས་པའི་རྣམ་འགྱུར་འདི་ལ་ལྡང་བར་འོས། །ཞེས་དང་། ཁྱད་པར་ལོ་རྒྱུས་ལ་ནི་ལྷག་པར་མཁྱེན་པ་མཆོག་ཏུ་རྒྱས་པར་ཞལ་གྱིས་ཆེར་བཞེས་པར་མཛད་དེ། ཤཱཀྱའི་བསྟན་ལ་ལོ་རྒྱུས་སྨྲ་བའི་མཆོག་བུ་སྟོན་ཁ་ཆེ་ཞ་ལུ་ནས་གཤེགས་པ། གངས་ཅན་དབུས་ཀྱི་ལོ་རྒྱུས་མཁན་གཅིག་པུ། །བསོད་ནམས་གྲགས་པའི་དཔལ་དུ་གྱུར་པས་སྦྱར། །ཞེས་དང་། ཚལ་པ་སིདྷུ་དགེ་བའི་བློ་གྲོས་དེ། །འཇིག་རྟེན་གཞན་དུ་གཤེགས་པ་སུ་ཞིག་གདུང་། །རྒྱལ་རབས་དེབ་གཏེར་སྒྲིག་ལ་ཟླ་མེད་པའི། །བྱེད་པོ་གཉིས་པ་ཡོད་དོ་ཤེས་པར་གྱིས། །ཞེས་གསུངས་སོ། །ད་དུང་གཞན་མང་པོ་ཡོད་ཀྱང་ལྷོ་དབང་མཆོག་ནི་པཎ་ཆེན་གྱི་དངོས་སློབ་ཡིན་པས་ཁུངས་བཙན་པར་སྣང་ངོ་། །
དགུང་ལོ་རེ་ལྔ་པ་ཆུ་སྟག་༡༥༤༢ལོར་དུས་ཚིགས་ཆེན་མོ་བརྩམས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཞིང་གཤེགས་པའི་རྗེས་ཏེ། དགུང་ལོ་རེ་དྲུག་པ་ཆུ་ཡོས་༡༥༤༣ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས་དགོས་བྱུང་ཞིང་། དེའི་རིང་ལ་སྐྱོར་མོ་ལུང་[35]། སེ་རྭ་སོགས་ནས་གསོལ་བཏབ་པ་ལྟར་དེ་དག་གི་གདན་ས་ལའང་ཕེབས་ཏེ་གདན་ས་ཕན་ཚུན་ཐམས་ཅད་དུ་གང་ལ་དེ་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བས། བསྟན་པའི་བྱ་བ་རྒྱ་ཆེན་པོར་མཛད་དེ་ཡུལ་ཕྱོགས་ཀུན་ཏུ་དམ་པ་གང་གི་མཛད་འཕྲིན་གྱིས་ཁྱབ་སོང་། སྐབས་དེར། ཁོང་གིས།
བདག་དང་གཞན་གྱི་དུས་གསུམ་དང་། །
འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །
རྒྱལ་བ་བློ་བཟང་གྲགས་པ་ཡི། །
བསྟན་པ་ཡུན་རིང་འབར་གྱུར་ཅིག།
ཅེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་དགེ་ལྡན་པའི་བསྟན་པ་ཡུན་རིང་དུ་གནས་པའི་སླད་དུ་ཐུགས་སྨོན་བྱིན་རླབས་ཅན་འདི་བརྩམས། ཚིགས་བཅད་འདི་དང་གོང་གི་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཚིགས་སུ་བཅད་པ་གཉིས་ནི། དེང་སང་གདན་ས་སེ་འབྲས་དགའ་གསུམ་གཙོ་བོར་བྱས་པའི་དགེ་ལྡན་པའི་དགོན་སྡེ་ཆེ་ཆུང་ཡོངས་སུ་རྫོགས་པས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་ཞལ་འདོན་མཛད་བཞིན་པ་ཡིན། དེ་ནས་གོང་གསལ་ལྟར། རྒྱལ་མཆོག་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་མཛད་ཅིང་། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་ཏེ་མཁན་པོ་མཛད་དེ། རྒྱལ་མཆོག་གི་མཚན་ལ་བསོད་ནམས་རྒྱ་མཚོར་གསོལ། གཞན་ཡང་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དགུང་ལོ་དོན་བཞི་པ་ས་ཕག༡༥༣༩ལོར་བསྟན་པའི་ཁུར་ཕོག་འབྲས་སྤུངས་དང་སེ་རྭ་གཞན་ཡང་སྐྱོར་མོ་ལུང་སུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགུང་ལོ་དོན་བདུན་པ་རབ་བྱུང་དགུ་པའི་ཤིང་སྟག༡༥༥༤ལོ་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ཐོ་རངས་དཔའ་བོ་གཡུལ་ལས་རྒྱལ་བ་བཞིན་དུ་དགའ་ལྡན་ཆོས་ཀྱིས་མཐོ་བའི་ཕོ་བྲང་དུ་གཤེགས་སོ། །སྐབས་དེར། ངོ་མཚར་བའི་རྟགས་མང་པོ་བྱུང་བར་བཤད་ཀྱང་། དེར་དམིགས་བསལ་གྱི་དགོས་པ་མི་སྣང་བས་འདིར་མ་སྤྲོ། གསུང་ལས་སྐྱེས་པའི་སློབ་མ་ནི། རྒྱལ་མཆོག་བསོད་ནམས་རྒྱ་མཚོ། ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་དགེ་ལེགས་དཔལ་བཟང་། ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་སོགས་ཤིན་ཏུ་མང་། ཡིག་ཆ་འདིར་སློབ་གཉེན་བྱེད་མཁན་ནི། རྒྱུད་གྲྭ་སྟོད་དང་། འབྲས་སྤུངས་བློ་གསལ་གླིང་། དགའ་ལྡན་ཤར་རྩེ་གྲྭ་སོགས་ཤིན་ཏུ་མང་ངོ་། ། ཞེས་པ་འདི་ནི་འཁོན་དཀོན་ཅོག་རང་རྒྱལ་གྱིས་༢༠༢༣ལོར་ཁམས་བྲག་མགོ་ནས་བྲིས་པར་དགེ་ལེགས་འཕེལ།
དཔྱད་གཞིའི་ཡིག་ཆ།
[1] 《རྗེ་བཙུན་ཐམས་ཅད་མཁྱེན་པ་བཀའ་དྲིན་ཅན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུ་བ་དད་པའི་རོལ་རྩེད། 》པཎ་ཆེན་གསུང་འབུམ། ཀ་པ། ཤོག་གྲངས། 386 མཛད་པ་པོ། པཎ་ཆེན་གྱི་དངོས་སློབ་བྱ་བྲལ་ལྷོ་དབང་རྒྱ་མཚོ།
[2] 《པཎ་ཆེན་བསོད་ནམས་གྲགས་པའི་དཔལ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་པད་ཚལ་བཞད་པའི་ཉིན་བྱེད།》ཤོག་གྲངས། 177 མཛད་པ་པོ། དགའ་ལྡན་ཁྲི་ཆེན། ཡོངས་འཛིན་གླིང་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས།
[3] 《ཁྲི་རབས་ཡོངས་འདུའི་ལྗོན་བཟང་།》ཤོག་གྲངས། 59 མཛད་པ་པོ། སྒོ་མང་མཁན་ཟུར་དགེ་བཤེས་བསྟན་པ་བསྟན་འཛིན། དེ་ཉིད་ལས། 《བུ་སྟོན་གྱི་སྐྱེ་བར་གྲགས། 》ཞེས་གསུངས་སོ། །
《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 82 མཛད་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།། དེ་ཉིད་ལས། 《རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་བསྟན་བཅོས་མང་དུ་བརྩམས་ཤིང་ཀུན་མཁྱེན་བུ་སྟོན་གྱི་སྐུའི་སྐྱེ་བར་གྲགས། 》
[4] 《ཞལ་འཛུམ་པ་དང་སྤྱན་ཟུང་འབུར་ཚུགས་ཀྱིས་སྨིན་མ་ཅུང་བསྡུས་པས་ཞི་དྲག་གཉིས། པཎ་ཞྭ་ལེབ་མོར་གསོལ་བས་འཆད་པ། རྕོད་པའི་ཕྱག་རྒྱས་རྩོད་པ། གཡས་ཀྱི་གླེགས་བམ་གྱིས་རྩོམ་པ་སྟེ་འཆད་རྩོད་རྩོམ་གསུམ་མཚོན་པར་བཞེངས་དགོས་པ་ནི་སྔ་མོའི་གསུང་རྒྱུན་ལ་ཡོད། 》
[5] རྩེད་ཐང་ནི། དེང་སང་ལྷོ་ཁ་སྣེ་གདོང་རྫོང་གི་དབུས་ཁུལ་ཡར་ཀླུང་གཙང་པོའི་ལྷོ་ན་ཡོད། ལྷོ་ཁ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡང་ཡིན། རྩེད་ཐང་གི་འབྲི་ཚུལ་འདྲ་མིན་སྣང་སྟེ། རྩེས་ཐང་། རྩེ་ཐང་།
རྩེད་ཐང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཆོས་འབྱུང་ལས་རྩེས་ཐང་ཞེས་བྲིས་ཀྱི་འདུག ཡོངས་གྲགས་སུ་རྩེད་ཐང་ཞེས་བྲིས་ཡོད། རྒྱུ་མཚན་ནི། ༡༣༥༡ལོར་ཕག་གྲུ་བཀའ་བརྒྱུད་ཀྱི་བཤད་གྲྭ་
རྩེད་ཐང་དགོན་པའི་ཕྱག་བཏང་པ་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་《རླངས་ཀྱི་པོ་ཏི་སྭེ་རུར》བྱུང་བ་བཞིན་བེད་སྤྱོད་བྱས་ཀྱི་འདུག
[6] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 81 མཛད་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། དེ་ཉིད་ལས། 《ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ནི། རྩེས་དང་དུ་ནང་པར་ལམ་པའི་སྲས་སུ་ས་ཁྱིར་འཁྲུངས།》 ཞེས་གསུངས་སོ། །
[7] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》ཤོག་གྲངས། 81
[8] 《གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ། 》ཤོག་གྲངས། 563
[9] 《པཎ་ཆེན་གསུང་འབུམ། ད་པ། བཀའ་གདམས་ཆོས་འབྱུང་།》 ཤོག་གྲངས། 182
[10] རྣམ་ཐར་འདི་ཉིད་འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་གིས་༢༠༡༥ལོར་ཕྱོགས་བསྒྲིགས་བྱས་པའི་གསུང་འབུམ་ཀ་པ་ནང་དུ་བཞུགས། བྱ་བྲལ་ལྷ་དབང་རྒྱ་མཚོ་མཆོག་ལ་འཚོལ་ཞིབ་བྱས་ཀྱང་དེའི་སྐོར་གསལ་བོའམ་རྒྱས་པ་ཞིག་རག་མ་སོང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད།
[11] 《བོད་ཀྱི་མཚན་ཉིད་རིག་པའི་གཞུང་བཀའ་པོད་ལྔའི་ཡིག་ཆ་ཆེན་པོ་སྒོ་བློ་རྗེ་གསུམ་དུ་གྲགས་པ་མཚམས་སྦྱོར་མདོར་གསལ། 》མཛད་པ་པོ། ཁྱུང་ཕྲུག་བློ་བཟང་དར་རྒྱས། དེ་ཉིས་ལས། འོད་སྣེའི་བླ་མ་ཆོས་རྗེ་སངས་རྒྱས་བཟང་བོ་ལས་དགེ་ཚུལ་དང་བསྙེན་རྫོགས་མཛད་ཅིང་། ཞེས་པར་ལེགས་པའི་ཆ་འདུག
[12] 《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ། 》 ཤོག་གྲངས། 82
[13] རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་<1352-1435>་ཕྱི་ལོ་༡༤༡༩ལོར་མི་དབང་གྲགས་པ་རྒྱལ་མཚན་གྱིས་མཐུན་འགྱུར་སོགས་རོགས་རམ་གནང་པར་བརྟེན་ནས་ཕྱག་བཏང་།
[14] སེ་ར་ཐེག་ཆེན་གླིང་གི་མཁན་ཐོག་བཅུ་པ། ཀུན་མཁྱེན་དོན་ཡོད་དཔལ་ལྡན།<1445-1524>དམ་པ་འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ནི་འོག་ཏུ་མཆོད་བརྗོད་ཀྱི་ཚིག་འགྲེལ་སྐབས་སུ་གཟིགས་པར་བྱ།
[15] སེ་ར་དགོན་གྱི་ཁྲི་ཐོག་བརྒྱད་པ་འདི་ཉིད་རབ་བྱུང་བདུན་པའི་མེ་ལུག༡༤༢༧ལོར་གཉལ་ཁུལ་དུ་སྐུ་བལྟམས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་མཛད་དེ་ཆོས་རྗེ་རིན་ཆེན་བྱང་ཆུབ་ཀྱི་ཞབས་ལ་གཏུགས་ནས་ཆོས་སློབ་མཛད། དེ་ནས་འབྲས་སྤུངས་ཟུར་ཁང་དུ་མཁས་པ་མུས་སྲས་པ་དང་དགའ་ལྡན་དུ་བ་སོ་ཆོས་རྗེ་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱང་བརྩོན་མཛད་པས་མཁས་པར་གྱུར། རྗེ་གྱེ་རེ་བཀའ་བཞི་བ་སོགས་ལས་བསྙེན་རྫོགས་བསྒྲུབས། བྱང་རྩེ་གྲྭ་ཚང་དང་གསང་ཕུ་སྤེ་སེར་གྲྭ་ཚང་གཉིས་ལ་མཚན་ཉིད་ཀྱི་འཆད་ཉན་མཛད། དེ་ནས་གསང་ཕུར་སྦེ་སེར་གྱི་འཆད་ཉན་མཛད་པ་ན་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། རྩེ་ཉག་པ་ཐལ་འགྱུར་གྱིས་བཅོམ་པས་མཚན་སྙན་གྲགས། གཞིས་ཀ་སྣེའུ་པའི་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་ས་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སེ་ར་བྱེས་གྲྭ་ཚང་བཙུགས་པའི་བྱེས་ཀྱི་སློབ་དཔོན་དང་པོ་དེ་རྗེ་འདིས་མཛད། ལོ་བཅོ་ལྔའི་རིང་གྲྭ་ཚང་དེའི་མཚན་ཉིད་ཀྱི་འཆད་ཉན་སྤེལ། དགུང་ལོ་ང་ལྔ་པ་ལ་སེ་ར་ཐེག་ཆེན་གླིང་གི་ཁྲིར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བཀའ་རྩོམ《རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་བྱེད་པའི་བསྟན་པའི་སྒྲོན་མེ》སོགས་ཕྱག་རྩོམ་མཛད། དགུང་ལོ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་ཁྱི(༡༥༡༤)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
[16]སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་གཉིས་པ། ཉ་པ། ཤོག་གྲངས། 138 མཛད་པ་པོ། སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ། དེ་ཉིད་ལས། དགེ་སློང་སྡོམ་པ་བླངས་པའམ་དགེ་སློང་བསྒྲུབས་པ། འདི་ལ་རྫོགས་པར་བསྙེན་པ་ཞེས་བསྒྱུར་བའང་ཡོད། འདི་ནི་ཤིན་ཏུ་གོ་བདེ་བར་འདུག་གོ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རྫོགས་པར་བསྙེན་པ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་སྤོང་བའི་མཚན་ཉིད་དགེ་སློང་གི་དངོས་པོ་ལ་རྣམ་པར་བཞག་པར་མཛད་དེ། དེ་ལ་རྫོགས་པ་ཞེས་བྱ་བ་ནི་དོན་ཐམས་ཅད་ཡང་དག་པར་གྲུབ་པའི་དཔལ་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་སྐད་དུ་ཡང་། དྲི་མ་ཐམས་ཅད་བཅོམ་བྱས་ཤིང་། །མྱ་ངན་འདས་པ་རྫོགས་པ་ཐོབ། །སྡུག་བསྔལ་ཐ་མར་བྱེད་པ་སྟེ། །ཐམས་ཅད་རྫོགས་པར་གྱུར་པ་ཡིན། །ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེར་བསྙེན་པ་ནི་དེ་དང་ཉེ་བའི་སྒྲ་ཡིན་ཏེ། རྫོགས་པ་དང་། ཉེ་བ་ནི་རྫོགས་པར་བསྙེན་པ་སྟེ། དགེ་སློང་གི་སྡོམ་པ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། ། མིང་ཚིག དགེ་སློང་གི་སྡོམ་པའི་མིང་། མིང་ཚིག དགེ་སློང་ཕ་མ། འདུལ་ཊཱིཀ་རིན་ཕྲེང་ལྟར་རོ། ། མིང་ཚིག སྒྲ་ཡངས་པའི་དབང་དུ་བྱས་ན། བསྙེན་རྫོགས་ཀྱི་སྒྲ་དགེ་བསྙེན་དང་དགེ་ཚུལ་ལའང་འཇུག་པར། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་༡༥ན༣ལས་མདོའི་ཁུངས་དང་བཅས་ཏེ་གསུངས་སོ། །
[17] འབྲས་སྤུངས་དགོན་གྱི་ཁྲི་ཐོག་དགུ་པ་འདི་ཉིད་རབ་བྱུང་བདུན་པའི་ཆུ་ཕག(༡༤༤༣)ལོར་གཙང་སྨད་དུ་ཐོན་པའི་ཞལ་ངོར་འཁྲུངས། དབུས་སུ་ཕེབས་ཏེ་འབྲས་སྤུངས་དགོན་དུ་སློབ་དཔོན་དཔལ་བློ་དང་ཡེ་ཤེས་བཟང་པོའི་ཞབས་ལ་གཏུགས་ནས་དབུ་མ་དང་། ཕར་ཕྱིན། འདུལ་བ། མངོན་པ། ཚད་མ་སོགས་རིག་པའི་གནད་ཆེན་ལ་མཁས་པར་སྦྱངས། པུ་ཏི་བཅུ་ལྷག་གི་གྲྭ་སྐོར་མཛད། བ་སོ་ཆོས་རྗེ་ལས་ཟབ་ཆོས་མང་དུ་གསན། མདོ་ཕྱོགས་ལ་བྱང་ཆུབ་པར་གྱུར། རྒྱུད་པ་སྦྱིན་པ་དཔལ་དང་། མཁས་གྲུབ་གྲགས་བཟང་པ་ལས་བསྙེན་པར་རྫོགས། དགའ་ལྡན་ཤར་རྩེ་ཤེར་འབྱུང་བློ་གྲོས་ལས་ཟབ་ཆོས་གསན་ཏེ་ལྷ་རིར་སྒྲུབ་པ་མཛད། དེ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་ཁྲི་མཐོན་པོར་ཕེབས་ཏེ་དམ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར། སླར་ལྷ་རིར་བྱོན་ཏེ་སྒྲུབ་པར་རྩེ་གཅིག་ཏུ་གཞོལ། དེ་རྗེས་ཐོན་སྙེའི་ཆོས་སྡེ་རྒྱལ་བྱེད་ཚལ་བཏབ་སྟེ་རྗེའི་ལུགས་བཟང་དར་བར་མཛད། དགུང་ལོ་དོན་དགུ་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་སྦྲུལ(༡༥༢༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། དུང་དཀར་ཚིག་མཛོད་ལས་བཤུས།
[18] 《ཁྲི་རབས་ཡོངས་འདུའི་ལྗོན་བཟང་།》ཤོག་གྲངས། 56 དེ་ཉིད་ལས། འཇམ་དབྱངས་ཤེས་རབ་དར་ལེགས་པའི་བློ་གྲོས་ནི། ཕྱི་ལོ་ཆིག་སྟོང་བཞི་བརྒྱ་ལྔ་བཅུ་༡༤༥༠རབ་བྱུང་བརྒྱད་པའི་ལྕགས་རྟ་ལོར་ཨ་ཕྱོགས་སུ་འཁྲུངས། རྒྱུད་པ་ཤེར་བཟང་། དགེ་འདུན་གྲུབ་སོགས་བསྟེན་ནས་ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་འཆད་ཉན་མཛད། དགུང་གྲངས་རེ་གཉིས་ཕེབས་པར་ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་བཅུ་གཅིག་༡༥༡༡རབ་བྱུང་དགུ་པའི་ལྕགས་ལུག་ལ་གསེར་ཁྲི་ཕེབས། ཞེས་ནས། དགུང་གྲངས་རེ་དགུ་ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་བཅོ་བརྒྱད་༡༥༡༨རབ་བྱུང་དགུ་པའི་ས་རྟ་ལོར་ཞི་བར་གཤེགས་སོ། །ཞེས་གསུངས་སོ། །
[19]པཎ་ཆེན་གསུང་འབུམ། ཐ་པ། ཤོག་གྲངས། 135. 304 དེ་ཉིད་ཀྱི་མཛད་བྱང་དུ། 《ཆོས་ཀྱི་སྤྱན་ལྡན་རྡོ་རྗེའི་སློབ་དཔོན་ཆོས་ལྡན་བློ་གྲོས་ཀྱི་གསུང་གིས་ཁ་འགེང་དགོས་པ་རྣམས་བསྐང་། རྗེ་ཉིད་ཀྱི་རྣམ་གཞག་ཊཱིཀྐ་དང་མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྐྱེད་རིམ་རྣམ་བཤད་ཀྱིས་ཅུང་ཟད་རྒྱས་པར་སྤྲོ། བདག་གི་ཆོས་འདིའི་བཀའ་དྲིན་མནོས་པའི་ཡོངས་འཛིན་གཉིས་ཀྱི་གསུང་གིས་ཟུར་ནས་བརྒྱན། མཁས་པ་གཞན་དག་གིས་ཀྱང་ལེགས་བཤད་པ་ཐོས་པས་གསེབ་ནས་འཚངས་ཏེ་ཕྱོགས་གཅིག་ཏུ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་གྲགས་པའི་དཔལ་གྱིས་དབེན་གནས་བྱམས་པ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ། །》
[20] པཎ་ཆེན་གསུང་འབུམ། ད་པ། ཤོག་གྲངས། 144.145 འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས། 144.145 ཐམས་ཅད་མཁྱེན་པ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་གྱི་སྐོར་དུ་གསལ་བ་མཆིས།
[21]གོང་མཚུངས། བཀའ་གདམས་ཆོས་འབྱུང་། ཤོག་གྲངས། 145 འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས།
[22] པཎ་ཆེན་གསུང་འབུམ། ག་པ། འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ༢༠༡༥ལོར་དཔེ་སྐྲུན་བྱས། དེ་ཉིད་ཀྱི་མཛད་བྱང་དུ། ཤོག་གྲངས། 281 ལས། ཅེས་མདོ་རྒྱན་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ལས་རྣམ་བཤད་སྙིང་པོ་རྒྱན་གྱི་སྟེང་ནས་གཞུང་བཤད་ཞིབ་ཏུ་ཐོས་པའི་སྒྲ་དོན་དང་། བྱམས་པས་རྗེས་བཟུང་དཔལ་ལྡན་བློ་གྲོས་ཡབ་སྲས་འཇམ་དབྱངས་དགའ་བའི་བློ་གྲོས་དང་བཅས་པའི་ལེགས་བཤད་ལ་བརྟེན་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ལ་ཉེ་བ་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་ལ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཅུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་སྨྲ་བ་ཤར་ཕྱོགས་ཨེའི་བཙུན་པ་བྱང་ཆུབ་དཔལ་བཟང་པོའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས་སོ། །
[23]གསུང་འབུམ། ཇ་པ། ཤོག་གྲངས་299ལས། ཅེས་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་ནི་བཀའ་དྲིན་མཉམ་མེད་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ཡུན་རིང་དུ་བསྟེན་ཏེ། རྩ་འཇུག་གི་རྣམ་བཤད་ཆེན་མོ། ལྷག་མཐོང་ཆེན་མོ། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ལ་འདྲིས་པར་བྱས་ཤིང་། དབུ་མ་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་བཟང་པོ་དང་། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ལེགས་བཤད་ལ་བརྟེན་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་བདེ་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སངས་རྒྱས་ཀྱི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ལ་ཉེ་བ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་ལོའི་ཚུལ་ཞུགས་ཟླ་བའི་ཡར་ཚེས་བཟང་པོ་ལ་ཚང་བར་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་གསུངས་སོ།
[24] པཎ་ཆེན་གསུང་འབུམ། རྣམ་འགྲེལ་དགོངས་པ་རབ་གསལ། སྟོད་ཆར་བཞུགས།
[25] གསུང་འབུམ། ད་པ། ཤོག་གྲངས། 1-226དེ་ཉིད་ཀྱི་མཛད་བྱང་དུ། ཐུབ་པའི་དབང་པོ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་ལྔ་ལ་ཉེ་བ་ཏིང་ངེ་འཛིན་གྱི་ལེའུའི་དུས་ཀྱི་འགལ་བའི་ལོ་ཞེས་པ་ས་མོ་གླང་གི་སྟོན་ཟླ་ར་བའི་ཡར་ཚེས་བཟང་པོ་ལ་འབྲོག་རི་བོ་དགེ་ལྡན་རྣམ་པར་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་གསུངས་སོ། །
[26] གསུང་འབུམ། ཉ་པ། ཤོག་གྲངས། 419ལས། འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ་ཞེས་བྱ་བ་འདི་ནི། དང་པོར་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་འདུལ་བ་རྩ་བའི་བཤད་པ་ཅི་རིགས་དང་བསླབ་བྱ་ཆེན་མོ་དང་། གཞི་གསུམ་ཆོ་ག་སོགས་ཐོས་ཤིང་། ཕྱིས་སུ་སློབ་དཔོན་རིན་པོ་ཆེན་ཀུན་དགའ་རྒྱལ་མཚན་པའི་ཞལ་སྔ་ནས་གཙང་ཊིཀ་གི་སྟེང་ནས་མདོ་རྩ་བའི་ཞིབ་བཤད་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་བཤད་ལུང་དང་། དཔལ་ལྡན་བླ་མ་དམ་པ་པྲཛྙཱའི་མཚན་ཅན་གྱི་དྲུང་དུ། ཀརྨ་ཤ་ཏམ་གྱི་བཤད་པ་ཉན་པ་སོགས་ལས་ཆོས་འདི་ལ་བག་ཆགས་ཅུང་ཟད་ཞིག་སད་པ། ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ལྕགས་ཕོ་སྟག་གི་ལོ་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག། ཅེས་གསུངས་སོ། །
[27] གསུང་འབུམ། ཇ་པ། ཤོག་གྲངས་393ལས། ཅེས་དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་རང་གི་སློབ་མ་བློ་གྲོས་དང་ལྡན་པ་འགས་ནན་གྱིས་བསྐུལ་བའི་དོན་དུ། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་ལྕགས་མོ་ཡོས་བུ་ལོ་ཡེ་གེར་བཀོད་པའི་གནས་ནི་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ངོ་། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་གསུངས།
[28]པཎ་ཆེན་གསུང་འབུམ། ཁ་པ། སྨད་ཆ། ཤོག་གྲངས། 429 ལས། ཅེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་ཞེས་བྱ་བ་འདི་ནི། ཡོངས་འཛིན་དམ་པ་འཇམ་དཔལ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས། ཐར་ལམ་གསལ་བྱེད་ཀྱི་སྟེང་ནས་གཞུང་བཤད་ཞིབ་ཏུ་ཐོས་པའི་སྒྲོས་ལ་གཞི་བྱས། མདོ་དང་ལུས་ལྟ་བུའི་བསྟན་བཅོས་ཕྱི་མ་གཉིས་ཀྱི་ཏཱིཀྐ་དང་། ས་བཅད་ཆེན་མོ་རྣམས་ཞིབ་ཏུ་བལྟབས་ཤིང་། ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་དཔོན་སློབ་ཀྱི་གཞུང་བཏུས་འགྲེལ་བའི་བཤད་པ་ཡི་གེར་བཀོད་པ་དང་། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བསྒྲིགས་པའི་ས་བཅད་གཞུང་འགྲེལ་རྣམས་ཀྱི་ལེགས་ཆ་བསྡུས་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་བདུན་ཅུ་ལ་ཉེ་བ། རྒྱལ་བའི་ཞེས་པ་ཤིང་ཕོ་རྟའི་ལོ་ལ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ཟླ་བ་རྒྱལ་མཚན་ནོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་གྱུར་ཅིག། ཅེས་གསུངས་སོ། །
[29] པཎ་ཆེན་གསུང་འབུམ། ཏ་པ། ཤོག་གྲངས། 417ལས། ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། དང་པོར་ཡོངས་འཛིན་དམ་པ་འཇམ་པའི་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་ནས་ལས། མཆིམས་ཊཱིཀ་ཆེན་མོའི་སྟེང་ནས། བསྟན་བཅོས་འདི་དང་། ཆོས་མངོན་རྒྱ་མཚོའི་སྙིང་པོའི་སྟེང་ནས་མངོན་པ་གོང་མའི་བཤད་པ་སྦྱར་ཆོས་དང་བཅས་པ་ལན་རེ་ཐོབ་ཅིང་། ཕྱིས་རང་འགྲེལ་དང་འགྲེལ་བཤད་དོན་གསལ་དང་། མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་། མཆིམས་བསམ་གཏན་བཟང་པོའི་མཛོད་པའི་ཊཱིཀ་སོགས་ཞིབ་ཏུ་བལྟས་ནས། མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་ལ་བབས་པ། ཆུ་མོ་སྦྲུལ་གྱི་ལོའི་སྟོན་ཟླ་ར་བའི་ཡར་ཚེས་ལ། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །ཞེས་གསུངས་སོ། །
[30]པཎ་ཆེན་གསུང་འབུམ། ཅ་པ། དྲང་ངེས་ཨུཏྤ་ལའི་ཕྲེང་བའི་མཇུག་ཏུ་ཡོད། ཤོག་གྲངས། 535 ལས། ཅེས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་འགྲེལ་པ་དང་བཅས་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད་ཅེས་བྱ་བ་འདི་ནི་ཡོངས་འཛིན་དམ་པ་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་ལས་ཊཱིཀ་ཆེན་གྱི་སྟེང་ནས་བཤད་པ་ལན་གཅིག་ཐོས་ཤིང་། ཕྱིས་གཞུང་འགྲེལ་པ་བོད་ཊཱིཀ་ཁ་ཡར་དང་བཅས་པ་ལ་ཞིབ་ཏུ་བལྟས་ནས་རྒྱལ་ཚབ་རིན་པོ་ཆེའི་རྣམ་བཤད་ཀྱི་དགོངས་པ་བཞིན་ཤཱཀྱའི་དགེ་སློང་སྤོང་བ་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་ཐུབ་པའི་བསྟན་པ་ལ་ལོ་ཉིས་སྟོང་སུམ་བརྒྱ་བདུན་ཅུ་རྩ་ལ་ཉེ་བ། ལེའུ་བཅུའི་སྟེང་ནས་ཏིང་ངེ་འཛིན་གྱི་ལེའུའི་དུས་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ལ་དགེ་ལྡན་ཟུར་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་འཛིན་པ་ཉི་མ་བཟང་པོའོ། །ཞེས་གསུངས་སོ། །
[31] དུང་དཀར་ཚིག་མཛོད་དུ། (དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ)དབུས་སྟོད་རྒྱ་ར་གུར་དུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་འཁྲུངས། བྲག་དབར་དགོན་དུ་རབ་བྱུང་མཛད། དགུང་ལོ་ཆུང་དུས་སུ་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་སྙིང་ཐིག་སྐོར་གསན། འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ་འཇམ་དབྱངས་དགའ་བའི་བློ་གྲོས་བསྟེན་ནས་གཞུང་ཆེན་པོ་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་མཛད། རྒྱུད་སྨད་དུ་ཞུགས་ནས་རྩེ་པ་ཤེས་རབ་བཟང་པོ་བླ་མར་བསྟེན་ནས་རྒྱུད་འགྲེལ་གྱི་བཤད་པ་དང༌། བསྐྱེད་རྫོགས་ཀྱི་ཁྲིད། མན་ངག་ཁག་མང་པོའི་ཕྱག་བཞེས་བཅས་ཆ་ཚང་བ་གསན། རྒྱུད་ཆེན་ཚུལ་ཁྲིམས་བཟང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། དགུང་ལོ་ཞེ་བརྒྱད་པ་ལྕགས་འབྲུག(༡༥༢༠)ལོར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྐྱུད་འགྲེལ་གྱི་འཆད་ཉན་དང༌། བསྐྱེད་རྫོགས་ཀྱི་ཁྲིད་གནང་བ་སོགས་གོང་འཕེལ་དུ་བསྐྱངས་པས། རྒྱུད་འཛིན་སློབ་མ་ཡང་མང་པོ་བྱུང༌། བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་རྒྱུད་སྨད་ཁྲིད་ཆེན་བརྒྱད་དུ་གྲགས་པའི་མན་ངག་མཐའ་དག་དར་སྤེལ་ཐོག《གསང་འདུས་བསྐྱེད་རྫོགས》རྒྱས་བསྡུས་གཉིས་དང༌། 《དབུ་མའི་ལྟ་ཁྲིད》བཅས་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་དགུ་པའི་ཤིང་ལུག(༡༥༣༥)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བཞིའི་བར་བསྐྱངས། (ལོ་རྒྱུས་འགའ་ཞིག་ཏུ་ཁྲི་ཆེན་འདིའི་རིང་འབྲི་གུང་ཁུལ་དུ་ཡོད་པའི་དགེ་ལུགས་དགོན་པ་རྣམས་ཀྱི་མཆོད་གཞིས་འབྲི་གུང་པས་ཕྲོགས་པ་དང་ཞྭ་སྟབས་བསྒྱུར་བ་སོགས་བྱུང་བ་དང༌། ཁྲི་ཆེན་འདི་དང་ཤར་པ་ཆོས་རྗེ་དཀོན་མཆོག་དར་རྒྱས་གཉིས་ཕན་ཚུན་གཏོར་མ་འཕེན་རེས་མཛད་པ་སོགས་བཤད་པ་ནི་ལོ་རྒྱུས་མ་དག་རྒྱུན་འབྱམས་ཤིག་ཡིན་པ་སྟེ《རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར》དང《འབྲི་གུང་ཆོས་འབྱུང》གཉིས་ཀར་གོང་གསལ་གནས་ཚུལ་དེ་ཁྲི་ཆེན་རིན་ཆེན་འོད་ཟེར་གྱིས་དགའ་ལྡན་ཁྲི་ཐོག་གནང་རིང་གི་མེ་ཁྱི(༡༥༢༦)ལོར་བྱུང་ཚུལ་གསལ་བར་འཁོད་འདུག དགུང་གྲངས་རེ་བདུན་པ་རབ་བྱུང་དགུ་པའི་ས་ཕག(༡༥༣༩)ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་མཆོད་རྟེན་ནི་དགའ་ལྡན་དུ་མཁས་གྲུབ་རིན་པོ་ཆེའི་སྐུ་གདུང་གི་གཡོན་ཟུར་དུ་བཞུགས། གསུང་རྩོམ་སྐོར། 《གསང་བ་འདུས་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད》རྒྱས་བསྡུས་གཉིས། 《བདེ་མཆོག་བསྐྱེད་རིམ་འདོད་འཇོའི་ཡང་སྙིང》 《ཕྱག་རྡོར་འཁོར་ཆེན་གྱི་བསྐྱེད་རྫོགས་ཀྱི་བྱིན་རླབས་བཞི་ལྡན》 《ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག》 《ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག》 《དབུ་མའི་ལྟ་ཁྲིད》བཅས་ཡོད་པ་དང༌། དེ་དག་གི་ཁྲིད་རྒྱུན་ཡང་མ་ཆད་པར་ཡོད་མུས་ལགས། ལོ་རྒྱུས་སྐོར། འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི《འཇིགས་བྱེད་ཆོས་འབྱུང》ལྷ་ས་ཞོལ་དཔར་མའི་ཤོག་གྲངས༢༡༥ནས༢༡༧བར་གསལ།
[32][32]པཎ་ཆེན་གསུང་འབུམ། ཅ་པ། ཤོག་གྲངས། 268ལས། ཅེས་ དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ཞེས་བྱ་བ་འདི་ནི། བུ་སྟོན་རིན་པོ་ཆེ་མཛད་པའི་འདུལ་བའི་ཆོས་འབྱུང་དང་དེབ་སྔོན་པོ་ནས་བྱུང་བའི་ལོ་རྒྱུས་རྣམས་གུང་བསྒྲིགས། གཞན་ཡང་ཡིག་ཆ་ཁ་འཐོར་བ་རྣམས་ལས་ཀྱང་བསྡུས་ཏེ་ཕྱོགས་གཅིག་ཏུ། ཤཱཀྱའི་དགེ་སློང་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ཐུབ་པའི་བསྟན་པ་ལོ་ཉིས་སྟོང་སུམ་བརྒྱ་བརྒྱད་ཅུ་རྩ་ལྔ་འདས་པ། ཏིང་ངེ་འཛིན་གྱི་ལེའུའི་དུས་ཀྱི་ཚེ། ལྕགས་ཕོ་ཁྱིའི་ལོ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམ་ཁང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་འདི་བྲིས་བས་ཉེར་འཚེ་ཀུན་ཞི་ནས། འདུལ་བ་ལྷུར་ལེན་ཚུལ་ཁྲིམས་རྣམ་པར་དག་ངུར་སྨྲིག་རྒྱལ་མཚན་འཛིན་པའི་རིགས་དག་ཏུ། །སྐྱེ་ཞིང་སྐྱེ་བར་སྨོན་ལམ་འགྲུབ་གྱུར་ཅིག། ཅེས་གསུངས་སོ། །
[33] པཎ་ཆེན་གསུང་འབུམ། ད་པ། ཤོག་གྲངས། 387ལས། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་བྱིན་པ་ཡི། །རྣམ་པར་དཀར་བའི་དགེ་ལས་དེང་དུས་ཀྱི། །ས་བདག་མ་ལུས་ཆོས་བཞིན་བྱེད་པ་དང་། །ཡངས་པའི་རྒྱལ་ཁམས་རྟག་ཏུ་བདེ་གྱུར་ཅིག། གྲོགས་ངན་གཡོ་སྒྱུས་བསླུས་པའི་གཞན་དབང་གིས། །རྟག་ཏུ་སྡེ་འཁྲུགས་ཁོ་ནས་ས་སྐྱོང་བ། །དེ་འདྲ་མཐོང་བ་ལྟ་ཞོག་ཐོས་ཀྱང་ནི། །རྣ་བའི་བུ་གར་འོན་པ་ཐོབ་གྱུར་ཅིག །དཔལ་ཞིང་བརྟུལ་ཕོད་མཛངས་པའི་རྣམ་དཔྱོད་ཀྱིས། །མངའ་འབངས་བྱམས་པའི་རྭ་བར་འཛུད་པ་ནས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ཡར་ཟླ་བཞིན། །རྒྱས་ནས་འགྲོ་ཀུན་བདེ་བའི་བཀྲ་ཤིས་ཤོག། ཅེས་སོ། །
[34] རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བ་དད་པའི་རོལ་རྩེད། གསུང་འབུམ། ཀ་པ། ཤོག་གྲངས། 409-411 མཛད་པ་པོ། པཎ་ཆེན་གྱི་དངོས་སློབ་བྱ་བྲལ་ལྷོ་དབང་རྒྱ་མཚོ།
[35] སྔོན་དུས་བཀའ་གདམས་པའི་དགེ་བཤེས་སྦལ་ཏི་དགྲ་བཅོམ་པས་ཐོག་མར་བཏབ་ཅིང་། རྗེས་སུ་ཙོང་ཁ་པའི་དུས་སུ་དགེ་ལུགས་པར་གྱུར་པ་ཡིན། དེང་སང་བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་ཁུངས་་སུ་ཡོད། སྔར་བོད་དབུས་་ཁུལ་དུ་གདན་ས་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་དབུས་ཁུལ་དུ་ཡོད་པའི་གདན་ས་ཆེན་པོ་དྲུག་གི་གྲས་ཤིག་ཡིན།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn