བསེ་ངག་དབང་བཀྲ་ཤིས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-03-11 07:22:05     རྩོམ་པ་པོ།   ཤེས་རབ་བསྟན་དར། བསེ་ངག་དབང་བཀྲ    ཀློག་ཐེངས།  

བསེ་ངག་དབང་བཀྲ་ཤིས་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་ཐུགས་སྲས་གཅིག་པུ་སྟེ། མདོ་སྨད་རེབ་གོང་ཕྱོགས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་ལ(སྤྱི་ལོ1678)བོད་ཀྱི་རུས་ཆེན་བསེའི་རིགས་སུ་སྐུ་འཁྲུངས།

གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ་མཚན་ངག་དབང་བཀྲ་ཤིས་སུ་གསོལ། དབུས་སུ་ཕེབས་ཏེ་འབྲས་སྤངས་སྒོ་མང་གྲྭ་ཚང་དུ་ཞུགས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བཀའ་པོད་ཆེན་པོ་ལྔས་མཚོན་པའི་མདོ་ཕྱོགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད།

གསང་ཆེན་རྒྱུད་སྡེའི་མཛོད་འཛིན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞི་དང་ཁྱད་པར་རྒྱུད་པའི་ཁྲིད་ཆེན་བརྒྱད་སོགས་ལ་མཐའ་ཆོད་པར་སྦྱངས་ཏེ་ཐུགས་ཉམས་སུ་བསྟར། ཁྱད་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མཐེའ་ཡས་པ། རིག་གནས་དང་བཅས་པར་སྦྱངས་ཏེ་ཐུགས་ཟིན་གྱི་སྲས་པོར་གྱུར།

རབ་བྱུང་བཅུ་གཉིས་པའི་ས་གླང་ལོར་ཀུན་མཁྱེན་བླ་མའི་སྐུ་རྗེས་སུ་འབྲངས་ནས་མདོ་སྨད་དུ་ཕེབས། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་རྗེས་བསེ་ངག་དབང་བཀྲ་ཤིས་ཀྱིས་ཐོག་མའི་དགེ་སྐོས་མཛད།

དེའི་ཕྱི་ལོ་ལྕགས་སྟག་ཟླ་བ་བརྒྱད་པའི་ཡར་ཚེས་ལ་ཀུན་མཁྱེན་ཉིད་ནས་བཞེས་བཞིན་པའི་ཞྭ་སྣེ་རིང་དང་གོས་བེར་བཅས་གནང་སྟེ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ།

དེ་ནས་བཟུང་ལོ་ངོ་སུམ་ཅུ་ཙམ་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ས་བཟུང་སྟེ་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཤིང་། མཐར་རབ་བྱུང་བཅུ་གཉིས་པའི་ས་རྟ་ལ་སྐུ་འདས།

འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའི་དགེ་བཤེས་ཡིན་གཤིས་གསུམ་རྩོམ་ཤིན་ཏུ་མང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་པར་དུ་བཀོད་པ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ། རྟེན་འབྲེལ་ཆེན་མོ། དགེ་འདུན་ཉི་ཤུ་རྒྱས་བསྡུས་གཉིས། བསམ་གཟུགས་མཐའ་དཔྱོད། གསང་རྣམ་འོག་མིན་མ་དང་འོག་མིན་མ་མཆན་ཅན་སོགས་དང་ཁྱད་པར་དུ་བསེ་བསྡུས་གྲྭ་འདི་ཉིད་གྲགས་ཆེ་ཞིང་མདོ་དབུས་ཀུན་ཏུ་དར་སོ་ཆེ། ཁ་གསལ་ཞིང་རིགས་ལམ་གྱི་འགྲོས་བཟང་བས་འདི་ལ་བརྟེན་པའི་རིགས་པ་སྨྲ་བ་གྲངས་ལས་འདས་པ་བྱུང་ངོ་། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།