དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་བསྟན་འཛིན་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ། །
༄༅། ། སྐྱབས་གཅིག་འཇམ་མགོན་དྷྭ་ཛ་སེང་ཧ་ཡི། །
ལུགས་གཉིས་བྱ་བར་ཕྱག་རྗེས་ཟླ་མེད་པ། །
ས་གསུམ་འགྲོ་བ་ཡོངས་ཀྱི་ལམ་སྟོན་གང་། །
སྐུ་བཞིའི་ཁྲི་ལ་འཛེགས་ཚུལ་མདོ་ཙམ་གླེང་། །
དེ་ཡང་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དཔལ་མཉམ་མེད་དགེ་ལྡན་གསེར་གྱི་ཁྲི་རབས་ང་གསུམ་པ༧ཁྲི་ཆེན་རྒྱལ་མཚན་སེངྒེ་མཆོག་གིས་མདོ་སྨད་སའི་སྙིང་བོར་སྐྱེ་དགུའི་ཕན་བདེའི་ཞིང་དུ་ཕྱག་འདེབས་མཛད་པའི་ཆོས་གྲྭ་ཆེན་མོ་སྟག་ཚང་དཔལ་གྱི་ལྷ་མོ་ཞེས་གྲགས་པ་འདིར། བགྲང་བྱ་ཉིས་བརྒྱ་དྲུག་ཅུ་ལྷག་གི་རིང་ལ་མཁས་དང་གྲུབ་པའི་སྐྱེས་མཆོག་ཟམ་མ་ཆད་པར་བྱོན་པའི་ཁྲོད། དགེ་བའི་བཤེས་གཉེན་འཇམ་དབྱངས་བསྟན་འཛིན་མཆོག་ལ་མཛད་རྣམ་ཡི་གེ《རྔ་ཁུལ་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྡུས》སུ་ས་བོན་ཙམ་བཀོད་པ་མ་གཏོགས་མེད་པས། འདིར་ཁོ་བོས་ལོ་ཁ་ཤས་ཀྱི་རིང་ལ་འབྲེལ་ཡོད་ཀྱི་ཁུངས་སྣེ་དེད་དེ་ཅུང་ཟད་རྙེད་པ་རྣམས་འགོད་པ་ལ།
དམ་པ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཟམ་ཚའི་འབྲོག་ཏུ་བྲོས་པོ་ཚང་ཞེས་པའི་ཁྱིམ་རྒྱུད་ལ་རབ་བྱུང་བཅོ་ལྔ་བའི་ཤིང་སྤྲེལ་སྤྱི་ལོ༡༨༨༤ལོར་འཁྲུངས། ཆུང་ངུའི་དུས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སྟག་ཚང་དཔལ་གྱི་ལྷ་མོ་དགའ་ལྡན་བཤད་སྒྲུབ་གླིང་དུ་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བླངས་ཏེ། ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ་དང་སྙན་ངག བསྡུས་གྲྭ་བློ་རྟགས་སོགས་ལ་ལེགས་པར་སྦྱངས་པའི་ཚུལ་ནི། ཉིད་ཀྱི་གསུང་མགུར་ལས། ཐོག་མར་ཐར་དཀའ་ངན་འགྲོའི་བཙོན་ལས་ཐར། །ལྷོ་རྒྱལ་འཛམ་བུའི་གླིང་དུ་མི་ལུས་ཐོབ། །བར་དུ་ཐར་དཀའ་ཁྱིམ་གྱི་སྒྲོག་ལས་ཐར། །བཤད་སྒྲུབ་གླིང་དུ་མཚན་ལྡན་བཤེས་ཀྱིས་བསྐྱངས། །ཞེས་པ་ལྟར་ཡིན། འགྲེལ་བ་དོན་གསལ་དང་ལེགས་བཤད་སྙིང་བོ་སོགས་ཐུགས་འཛིན་གནང་སྟེ་ཤེར་ཕྱིན་གྱི་གཞུང་ལ་ཐོས་བསམ་མཐར་ཕྱིན་པ་མཛད། ཕར་ཕྱིན་དམ་བཅའི་སྐབས་གཟུར་གནས་མཁས་དབང་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་མཁས་པའི་སྙན་པ་རྒྱས།
དེ་ནས་དབུ་མར་གསན་སྦྱོང་གནང་སྐབས་རྩ་འཇུག་གི་རྣམ་བཤད་གཉིས་སོགས་རྒྱ་བོད་པཎ་གྲུབ་དུ་མའི་གཞུང་གི་སྟེང་ནས་མཁྱེན་དཔྱོད་ཀྱི་ནུས་ཤུགས་རྩལ་དུ་སྤྲུགས་པའི་སློབ་གཉེར་རྡོ་རུས་ཐུག་པ་མཛད་ཅིང་། རྡོ་རྗེ་འཆང་ཁྲི་རྒྱལ་མཚན་སེངྒེའི་སྐུ་དམར་གདུང་དུ་བཞུགས་པའི་མདུན་ནས་ཕྱག་ཐེར་འབུམ་མང་བོ་འཚལ་བའི་བསགས་སྦྱངས་དང་སྦྲགས་པས། ཟབ་མོའི་ལྟ་བའི་གནད་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པའི་ཚུལ་ནི་གསུང་མགུར་ལས། བྱེད་པོ་ལས་དང་བྱ་བའི་འབྲེལ་ཙམ་ལ། །ལྟོས་ནས་གྲུབ་པའི་སྦྱིན་པའི་འཁོར་གསུམ་སོགས། །སྨིག་རྒྱུའི་ཆུ་དང་བྲག་ཆའི་སྒྲ་སྙན་ལྟར། །རང་སེམས་འཁྲུལ་བའི་བློ་ངོར་ཤར་ཙམ་ལས། །བརྟགས་ཤིང་དཔྱད་ན་ཅིར་ཡང་མ་གྲུབ་པས། །བརྗོད་བྲལ་ཡུལ་གྱི་ཀློང་དུ་རོ་གཅིག་ཉིད། །ཆོས་ཀུན་སྒྱུ་མའི་རོལ་རྩེད་ལྟ་བུར་ངོམ། །ཞེས་གསུངས། སངས་རྒྱས་སྟོང་སྐུའི་ལྷ་ཁང་གི་རྟེན་གཙོ་བོ་འཇམ་དབྱངས་ཀུན་གཟིགས་ཀྱི་ཐུགས་ཀ་ནས་ཨ་ར་པ་ཙའི་སྔགས་ཀྱི་རང་སྒྲ་གྲག་པ་དངོས་སུ་ཐོས་པ་སོགས་དག་པའི་གཟིགས་སྣང་མང་བོ་བྱུང་བར་གྲགས། མཛོད་འདུལ་སོགས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་ནས་ལྷ་རམས་པའི་མཚན་རྟགས་ཀྱང་བཞེས།
མདོ་རྒྱུད་མན་ངག་རྒྱ་མཚོའི་མངའ་བདག་ལྷ་མོའི་ཚུལ་ཁྲིམས་ཚང་དང་། མཁན་ཟུར་བསྟན་པ་དར་རྒྱས་གཉིས་ལས་རྒྱུད་སྡེ་བཞིའི་སྤྱི་ཟུར་གྱི་བཀའ་ཆོས་གང་གནང་མ་ཆག་པར་མནོས་ཤིང་། དེ་ཡང་ཐོབ་ལོ་ཙམ་དུ་མ་བཞག་པར་དབང་དུས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྤྱན་གྱི་འབྲས་བུ་ལྟར་སྲུང་ཞིང་། མཚན་བཅས་མཚན་མེད་དང་རིམ་གཉིས་ཀྱི་རྣལ་འབྱོར་སོགས་ལ་བརྩོན་ཚུལ་ནི། དེ་ཉིད་ལས། མ་དག་མི་གཙང་འབྱུང་བཞིས་བསྐྱེད་པའི་ལུས། །དག་པ་ཡི་དམ་ལྷ་ཡི་སྐུ་རུ་བསྒོམས། །གཏོ་ཆོག་གཏམ་ལ་སྟོང་བར་ཟད་པའི་ངག །ལྷག་པའི་ལྷ་ཡི་གཟུངས་སྔགས་ཟབ་མོ་བགྲང་། །རྣམ་གཡེང་གཉིད་ཀྱིས་ཉིན་མཚན་འདའ་བའི་སེམས། །བདེ་ཆེན་ཡེ་ཤེས་མཆོག་གི་རྣམ་པར་སྒོམ། །སྒོ་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཞེས་དང་། །ཕྱི་རོལ་ཡུལ་གྱི་གཟུགས་སུ་སྣང་བ་ཀུན། །གང་འདུལ་སྤྲུལ་བའི་སྐུ་ཡི་རྣམ་པར་བསྒོམས། ། ཐོས་འཛིན་དབང་བོའི་ཡུལ་གྱུར་སྒྲ་གྲག་ཀུན། ། འགག་མེད་ཚངས་དབྱངས་གསུང་གི་རྣམ་པར་བསྒོམས། །ཐ་མལ་དྲན་རྟོག་སེམས་ཀྱི་འཆར་སྒོ་ཀུན། །སྒྲིབ་བྲལ་རྒྱལ་བའི་ཐུགས་ཀྱི་རྣམ་པར་སྒོམ། །གང་ཤར་དག་པ་ལྷ་ཡི་འཁོར་ལོར་ངོམ། །ཞེས་པ་ལྟར་སྔགས་ཀྱི་རྟོགས་པ་མཐོན་པོར་ཕེབས་ཡོད་པ། སྐུ་གདུང་ཞུགས་ལ་ཕུལ་བའི་གདུང་རུས་ཀྱི་སྟེང་ནས་གཟུངས་ཀྱི་ཡིག་འབྲུ་བྱོན་པ་དང་། ཐུགས་ལྗགས་སྤྱན་གསུམ་བབས་པ་ལས་ལྷག་པའི་འབྲས་རྟགས་མི་དགོས་སོ། །
སྔ་རྗེས་སུ་ཚོགས་ཆེན་ཞལ་ངོ་དང་རྒྱུད་པའི་ཁྲི་བ་སོགས་ཀྱི་ལས་ཁུར་བཞེས་ཞོར་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་ཅི་ལྕོགས་མཛད། དགུང་ལོ་བཞི་བཅུའི་ནང་ཚེ་འདི་སྣང་གི་བྱ་བ་མཐའ་དག་ཆུ་ཤིང་གི་སྙིང་བོ་ལྟར་གཟིགས་པའི་ངེས་འབྱུང་གིས་བསྐུལ་ཏེ་གནས་ངེས་མེད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཡང་དེ་ཉིད་ལས། ཐོག་མར་ཐར་དཀའ་འདུས་སྡེ་སྒྲིག་ལས་ཐར། །རྩེ་གཅིག་དམ་ཆོས་སྒྲུབ་པའི་འདུན་པ་རྙེད། ། ཅེས་དང་། ནངས་པར་མལ་ལས་ལངས་ཚེ་དེང་གི་ཉིན། །དོན་ལྡན་ཆོས་ཀྱིས་འདའ་བའི་འཕེན་པ་བཏང་། །སླར་ཡང་རང་གི་སྒོ་གསུམ་བྱ་བ་ཀུན། །རྣམ་དཀར་ལས་ལ་བརྩོན་པའི་སྐུལ་མ་མཛད། །ཉལ་ཁ་ཉིན་དེར་དགེ་སྒྲུབ་གང་བྱས་ལ། །ཡི་རངས་བྱས་ཏེ་གཉིད་ཀྱི་རྣལ་འབྱོར་བསྐྱངས། །ཉིན་མཚན་ཁོར་ཡུག་ཆོས་ཀྱིས་འདའ་བས་ངོམས། །ཞེས་གསུངས་པ་ལྟར། རྩེ་གཅིག་དམ་ཆོས་སྒྲུབ་པའི་ཐུགས་མདུན་གྱིས་དབེན་པ་བསྟེན་དུ་ཕེབས་པ་ལས། འགའ་ཞིག་གི་ལུགས་སྲོལ་ལྟར་ཤོག་ཁ་ག་གེ་མོའི་ཁྲི་བ་དང་ཨ་མཆོད་ཀྱི་མིང་བཏགས་ནས་ཡུལ་དེའི་ཆགས་སྡང་གི་ཁ་འཛིན་དུ་མངགས་པ་ལྟ་བུ་གཏན་ནས་མིན་མོད། 《རྔ་ཁུལ་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས》དེབ་དགུ་བར་ཐང་སྐོར་འགོ་བ་དང་གསེར་ཁྲིའི་དབོན་པོ་གཉིས་གྲོས་བསྡུར་ཏེ་འགོ་བ་བླ་མ་འཇིགས་མེད་རྣམ་རྒྱལ་ཐང་སྐོར་གྲོང་ཁྲི་བྱས་ན་ཡོངས་འཛིན་ཡང་དེ་གར་མངགས་ཆོག་པའི་གྲོས་མཐུན་ལྟར་མཛོད་དགེ་ཐང་སྐོར་དུ་གདན་དྲངས། རྗེས་སོར་ཐང་སྐོར་འགོ་ཁག་ནང་མ་འཆམས་པའི་འཁྲུགས་རྐྱེན་གྱིས་བླ་སློབ་བར་ལ་སེར་ཅུང་ཟད་བྱུང་བས་ཡོངས་འཛིན་ཚང་སོག་ཚང་རི་ཁྲོད་བསམ་གཏན་དགེ་འཕེལ་གླིང་དུ་བརྟན་ཆགས་སུ་བཞུགས་ཞེས་བྲིས་པ་ནི་རྒྱུས་མེད་ཀྱི་རྒྱུས་གཏམ་ཁོ་ན་སྟེ། ཕྱོགས་དེར་ཕེབས་རྐྱེན་གོང་དུ་བརྗོད་ཟིན་པས་འཐུས་ལ། རི་ཁྲོད་བསམ་གཏན་དགེ་འཕེལ་གླིང་ཞེས་པ་ཞིག་ཏུ་བརྟན་ཆགས་སུ་ཕར་ཟད་གཏན་ནས་མ་བཞུགས་པར་མངོན་ཏེ། གསུང་འབུམ་ཆོས་ཚན་དྲུག་ཅུ་ལྷག་ལ་གནས་དེར་སྦྱར་བ་གཅིག་ཀྱང་མི་སྣང་བ་དང་། རྣམ་ཀུན་དམ་ཆོས་བདུད་རྩིའི་བཅུད་ཀྱིས་འཚོ་བའི་བསམ་གཏན་པ་ཞིག་སྤྲང་ཚོགས་སློང་ཕོར་རྩོད་པའི་གཡུལ་ལ་འཇུག་པའི་གནས་མེད་པས། རྩོམ་པ་བོས་རང་དཔེ་གཞན་ལ་བཀབ་པའི་འོལ་ཚོད་དོ། །དེས་ན《རྔ་ཁུལ་དཔྱད་གཞིའི》ནང་དུ་འདི་དང་འདྲ་བར་ཆགས་སྡང་གདོན་གྱིས་བརླམས་པའི་ལབ་བརྡོལ་དོན་དངོས་འཁྱོག་པོར་བསྒྱུར་བ་ཙམ་འདུག་པས། གཟུར་གནས་ལོ་རྒྱུས་སྨྲ་བ་དག་གིས་ཡིད་རྟོན་པའི་གནས་སུ་མི་འོས་སོ། །
རི་ཁྲོད་ན་བཞུགས་སྐབས་ཐང་སྐོར་དགོན་གྲོང་ཐུན་མོང་གི་རེ་ཞུས་ལྟར་སོག་ཚང་དགོན་དུ་ཕེབས་ཏེ་གསང་བདེ་འཇིགས་གསུམ་དང་། རྟ་མགྲིན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སེང་གདོང་བདུད་འདུལ་དྲག་མོའི་དབང་སོགས་དང་། དམ་ཅན་སྡེ་དགུའི་རྗེས་གནང་། གཡུ་ཐོག་སྨན་དབང་ཆེན་མོ། ལམ་རིམ་ཆེ་ཆུང་དང་། རྒྱུད་སྡེ་ཁག་གི་བསྐྱེད་རྫོགས། འདུལ་བའི་བསླབ་བྱའི་སྐོར་གྱི་ཁྲིད་སོགས་གནང་། ཐང་སྐོར་གྲོང་གི་སེར་སྡེ་ཚངས་སྤྱོད་དགེ་འཕེལ་གླིང་ལ་བདེ་གསང་འཇིགས་གསུམ་གྱི་བདག་འཇུག་གསར་དུ་ཚུགས་ཤིང་། ཐིག་རྡུལ་ཚོན་ཕྱག་རྒྱ་དང་བཅས་ཞིབ་ཏུ་ཁྲིད། འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན་དང་། དབྱར་དགག་གསོ་གསུམ་གྱི་ཉམས་བཞེས་བཅས་དགའ་ལྡན་བཤད་སྒྲུབ་གླིང་གི་ཕྱག་ལེན་དྲི་མ་མེད་པ་བཞིན་ངོས་གཙང་བ་གསར་དུ་ཚུགས་ཤིང་བརྩེ་བས་བསྐྱངས།
བྱམས་མེ་དགོན་པར་གདན་དྲངས་པས་དེར་དབང་དཀའ་རྗེས་གནང་། ཁྲིད་ལུང་མན་ངག་སོགས་མཐའ་ཡས་པ་ཞིག་བསྩལ་ཅིང་། སྡེ་དེའི་ལས་སྣེ་རྣམས་ཀྱིས་སྐུལ་ངོར《དབང་གི་རྣམ་བཤད་རྣམ་གསལ་སྒྲོན་མེ》དང་《ཞལ་ཤེས་ཨུ་ཏྤལ་དཀར་བོའི་ཕྲེང་བ》གཉིས་ཀྱང་དགོན་དེར་བཞུགས་རིང་ལ་བརྩམས། དེ་དག་ལ་སྐབས་འགར་ཕེབས་པ་མ་གཏོགས་དབེན་གནས་བསམ་གཏན་དགའ་འཁྱིལ་དུ་བརྟན་ཆགས་སུ་བཞུགས་ཏེ་ཨ་མཆོག་མཚན་ཉིད་དགོན་དང་། སྟག་ཚང་ལྷ་མོ། གཙོས་དགོན་པ་སོགས་ནས་ཆེད་གཉེར་གྱིས་ཕེབས་པ་རྣམས་དམ་པའི་ཆོས་ཀྱིས་བསྐྱངས་ཤིང་། སྒོམ་སྒྲུབ་དང་ལེགས་བཤད་རྩོམ་པ་སོགས་ཀྱིས་སྐུ་ཚེ་འདའ་བར་མཛད། དགུང་ལོ་རེ་དགུ་བཞེས་པ་ཆུ་འབྲུག་སྤྱི་ལོ༡༩༥༢ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་ཐོ་རངས་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། སྐུ་གདུང་ཞུགས་ལ་ཕུལ་སྐབས་ཐུགས་ལྗགས་སྤྱན་གསུམ་རྩ་འདབ་དང་བཅས་མ་ཉམས་པར་བབས་པ་སྙིང་བོར་བཞུགས་པའི་དངུལ་གྱི་མཆོད་རྟེན་སོག་ཚང་དགོན་པའི་འདུ་ཁང་དུ་བཞུགས།
བཀའ་རྩོམ་ལ། 《འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ》དང་《ལྟ་བའི་གནད་བཞིའི་དཔྱོད་ཚུལ》《ཕྱི་རྒྱུད་རྩྭ་ཆུའི་ཊཱིཀ》《སྨན་རྫས་ངོས་འཛིན་སྐལ་བཟང་སྙིང་ནོར》《གུང་ཐང་འདུལ་སྡོམ་གྱི་མཆན》སོགས་པོད་གཉིས་བཞུགས་པ་དཔར་དུ་བསྐྲུན་མུས་སོ། །གསུང་སྐྱེས་སློབ་མ་ཡང་ཤིང་བཟའ་རྡོ་རྗེ་འཆང་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། སྨྲ་བའི་ཁྱུ་མཆོག་སྨོན་ལམ་མཐའ་ཡས། ཡབ་རྗེ་བླ་མ་རིན་པོ་ཆེའི་ཡོངས་འཛིན་དཀོན་མཆོག་རྒྱལ་མཚན་པའི་ཞལ་སྔ་ནས་ལ་སོགས་པ་བསྟན་འགྲོར་སྨན་པའི་དམ་པ་མང་དུ་བྱོན་ནོ། །
བཙན་པོའི་བཀའ་ལུང་ཐོག་གིས་མ་བསྐུལ་ཞིང་། །འདོད་ཡོན་སྒྱུ་མའི་འཕྲུལ་གྱིས་བྲིད་མིན་
པར། །རྨད་བྱུང་མཁས་བཙན་བཟང་བོའི་རྣམ་ཐར་འདིར། །ཁོ་བོས་འབད་པ་དོན་དང་ལྡན་པར་སྙམ། །
ཞེས་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་གི་སྙོམ་ལས་པ་འབོའུ་ཆོས་འཛིན་ནས་སྦྱར་བ་དགེའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn