ལྷ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ༧རྗེ་བཙུན་བློ་བཟང་རྒྱལ་མཚན་སེང་གེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-02-13 07:38:48     རྩོམ་པ་པོ།   འཇིགས་མེད་གྲགས་པ།     ཀློག་ཐེངས།  

ཁྲི་ཆེན་སྐུ་ཕྲེང་གཉིས་པ་༧རྗེ་བཙུན་བློ་བཟང་རྒྱལ་མཚན་སེང་གེ་དཔལ་བཟང་བོ་ནི། མདོ་སྨད་འབོ་རའི་ཁྲོམ་ཐོག་ཏུ་ཡབ་དྲུང་བ་ལྕགས་པོ་བྱམས་དང་ཡུམ་ལྕགས་མོ་བྱམས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ༼1757༽ལོར་སྐུ་འཁྲུངས།

ཡུམ་གྱི་ལྷུམས་ནས་འཁྲུངས་དུས་ཞབས་སྐྱིལ་ཀྲུང་བཅས་ཤིང་ལྗགས་ལ་འོ་མས་བྲིས་པ་ལྟ་བུའི་ཟླ་དཀྱིལ་དང་སྨིན་མཚམས་སུ་དགའ་འཁྱིལ་གྱི་རི་མོ་ཤིན་ཏུ་གསལ་བ་སོགས་ཕྱི་ནང་གི་ངོ་མཚར་བའི་རྟགས་མཚན་བསམ་ལས་འདས། ཨ་ལག་ཤ་དར་རྒྱས་ནོ་མོན་ཧན། གུང་ཐང་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན། དྲུང་བ་བླ་མ་རྒྱལ་མཚན་སེང་གེ་སོགས་དམ་པའི་ལུང་བསྟན་ལས་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་རྒྱལ་མཚན་སེང་གེའི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད་ཅིང་། རྗེ་རང་ཉིད་ནས་ཀྱང་ཁྲི་ཆེན་རྒྱལ་མཚན་སེང་གེ་ཡིན་ཚུལ་གྱི་གསུང་མང་དུ་བྱོན།

  དགུང་ལོ་བདུན་པར་ཁྲི་ཟུར་དགེ་བའི་བཤེས་གཉེན་ཆེན་པོ་རྔ་བ་ཆོས་སྐྱོང་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་རྒྱལ་མཚན་སེང་གེ་ཞེས་གསོལ། རྗེ་གོང་མའི་གདན་ས་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་གླིང་དུ་གདན་སར་འཁོད། འབྲས་སྒོ་མང་ལྷ་རམས་པ་ཁཱ་ཤཱི་བློ་བཟང་ཤེས་རབ་དང་རྔ་བ་ཆོས་སྐྱོང་རྒྱ་མཚོ་སོགས་ཡོངས་འཛིན་མཁས་པ་དུ་མའི་ཞབས་རྡུལ་གཙུག་ཏུ་བཞེས་ཏེ་རིག་པའི་གནས་ལ་གསན་བསམ་མཛད།

དགུང་ལོ་བཅུ་གཅིག་ནས་ཡོངས་འཛིན་བློ་བཟང་ཤེས་རབ་པའི་གསོལ་འདེབས་མཁྱེན་བརྩེ་དཀྱིལ་འཁོར་མ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་རྩོམ་པ་མཛད་པ་སོགས་མཁས་ཤིང་གྲུབ་པའི་རྣམ་ཐར་མཐའ་ཀླས་པ་བདག་གིར་བཞེས། དགུང་ལོ་ཉེར་གསུམ་པར་བྱམས་མེ་དཔོན་བླ་གྲགས་པ་བསམ་འགྲུབ། གླིང་བའི་དཔོན་པོ་ཨ་བཀྲ་དང་དཔལ་མགོན། བཞག་སྡོམ་དཔོན་ཚེ་རིང་རྡོ་རྗེ་སོགས་བོད་སོག་གི་སེར་སྐྱ་ཕོན་ཆེ་བའི་འཁོར་དང་བཅས་ཆུ་མིག་མེ་ལོང་ཁར་པཎ་ཆེན་དཔལ་ལྡན་ཡེ་ཤེས་པར་མཇལ་བར་ཕེབས། རྗེ་དེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས། གདན་སར་དངུལ་སྲང་ཁྲི་ལྷག་གིས་ཚོགས་ཆེན་འདུ་ཁང་གསར་བཞེངས་གནང་།

     དགུང་ལོ་ཉེར་དྲུག་པ་ཆུ་སྟག་ལ་དབུས་སུ་ཕེབས་ཏེ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྒོ་མང་མཁན་རིན་པོ་ཆེ་ཧོར་སྐལ་བཟང་དངོས་གྲུབ་དང་རིགས་པའི་དབང་ཕྱུག་ཟུང་ཆུ་ངག་དབང་བཀྲ་ཤིས་སོགས་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་བརྩོན་མཛད། འཇིགས་བྱེད་བཅུ་གསུམ་མ་དང་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་གསོལ། ལྷག་ལྷ་མང་བོའི་བཟླས་བརྗོད་སོགས་རྒྱུན་གྱི་ཞལ་འདོན་འཆག་མེད་ཀྱི་ངོས་ནས་ཉིན་རེར་དཔེ་རིང་བཅུ་གསུམ་རེ་ཐུགས་འཛིན་མཛད། ཀུན་མཁྱེན་འཇམ་དབྱངས་པའི་དྲང་ངེས་ཆེན་མོ། ཕར་ཕྱིན་མཐའ་དཔྱོད་སྐབས་དང་བོ། སྐབས་གསུམ་པ་དང་བཞི་བ། ལེགས་བཤད་གསེར་ཕྲེང་། སྟོང་ཐུན་ཆེན་མོ་རྣམས་ཐུགས་ལ་བཟུང་། སྐབས་བབ་ཀྱི་ཐལ་ཕྲེང་ཟུར་བཀོལ་ལ་ལུང་རིགས་ཀྱི་བརྡར་ཤ་བཅད་པས་མཁས་པའི་གྲགས་སྙན་འབར། སློབ་གཉེར་གྱི་ཞར་ལ་དོན་གཉེར་ཅན་མང་བོར་ཕར་ཕྱིན་དང་སྒྲ་སྙན་ངག་སོགས་ཀྱི་དཔེ་ཁྲིད། བླ་མཆོད་ཁྲིད་སོགས་གནང་། དེའི་དུས་ཀྱི་གྲྭ་སའི་གསུང་རྒྱུན་དུ། རྗེ་འདིའི་འཆད་པ་དང་གུང་ཐང་བསྟན་པའི་སྒྲོན་མེའི་རྩོམ་པ་དང་། ཧལ་ཧ་བསྟན་པའི་སྒྲོན་མེའི་རྩོད་པ་གསུམ་འཛོམས་ན་རྗེ་རིན་པོ་ཆེ་འགྲན་ནུས་ཞེས་གྲགས་ཡོད་པར་བཀྲ་ཤིས་སྒོ་མང་གི་གྲྭ་རྒན་པ་མང་བོའི་ངག་ལས་ཐོས་ཤིང་། རྗེ་རང་ཉིད་ཀྱི་ཞལ་ནས་ཀྱང་། འཆད་པ་འདི་ལ་མདོ་རྒྱུད་བསྟན་བཅོས་གང་གི་གཞུང་ཟབ་ཅིང་བརླིང་བ་ཞིག་བཤད་དགོས་རུང་སུ་ལའང་ངོ་གནོང་དགོས་དོན་མེད་གསུངས།

     ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་བླ་མ་རིན་པོ་ཆེ། ཕ་བོང་ཁ་བ་རྒྱ་མཚོ་མཐའ་ཡས། ཉི་ཐང་བ་ངག་དབང་དོན་གྲུབ་སོགས་ལས་དབང་ལུང་ཁྲིད་སོགས་མཐའ་ཡས་པ་གསན། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་སྨོན་ལམ་ཆེན་མོའི་ཚོགས་དབུར་སྤྱན་དྲངས་ཏེ་ཆིབས་ཆེན་ཉེར་ལྔས་ཐོག་དྲངས་པའི་རྟ་ལྔ་བརྒྱ། དངུལ་རྟ་རྨིག་མ་ལྔ་བཅུ། གོས་ཡུག་བརྒྱ་སོགས་རྣམ་གྲངས་ཁྲི་ཚོ་བརྒལ་བའི་འབུལ་ཆེན་བཏེགས། སྨོན་ལམ་ཆེན་མོའི་ཚོགས་སུའང་མང་འགྱེད་གང་ལེགས་མཛད།

      དབུས་སུ་ལོ་བདུན་བཞུགས་པའི་ཡུན་ལ་ཐོས་བསམ་སྒོམ་པ་ཁོ་ནས་དུས་འདའ་བར་མཛད། རྒྱལ་མཆོག་བརྒྱད་པས་དགེ་ལྡན་བསྟན་པའི་གསལ་བྱེད་ཨེར་ཏི་ནི་པཎྜི་ཏ་ཞེས་པའི་ཆོ་ལོ་དང་ཐམ་ཀ་གྲུ་སྒོར། བཀའ་ཤོག་རྒྱས་པ། དེའི་རྗེས་འབྲངས་གདུགས་རྟ་དར་སོགས་ཀྱི་གནང་སྐྱེས་དང་གཟིགས་སྐྱོང་ཆེ་བར་མཛད། ཕྱོགས་མཐར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དགོས་པའི་བཀའ་ཕབས། སོ་གཉིས་པ་ས་སྤྲེལ་ལ་མདོ་སྨད་དུ་ཕེབས། ཉིད་ཀྱི་གདན་ས་སྟག་ཚང་ལྷ་མོར་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་དང་ལམ་རིམ་ཆེན་མོའི་བཤད་ལུང་སོགས་བསྩལ།

དགུང་ལོ་སོ་དྲུག་པར་གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་ལུང་བསྟན་བཞིན་རི་བོ་རྩེ་ལྔར་ཕེབས། ལམ་བར་དུ་ཅོ་ནེ། ཨ་ལག་ཤ་སོགས་ཀྱི་སེར་སྐྱ་མཆོག་དམན་དུ་མར་ཆོས་ཀྱི་བདུད་རྩིས་སྨིན་པར་མཛད། རྩེ་ལྔར་ཕུ་སཱ་ཏིང་གི་མཁན་པོ་སོགས་ཀྱིས་གཞིས་ལེན་གཟབ་རྒྱས་ཞུས། ང་གཉིས་པ་ས་འབྲུག་ལོར་སླར་ཡང་དབུས་སུ་ཕེབས། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གསན་རྒྱུའི་སྔ་ནུབ་ནམ་མཁའ་ནས། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། ། དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང་། ། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ། ། འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། ། ཞེས་གསུངས་པར་གྲགས། རྗེ་རྒྱ་མཚོ་དབང་ཕྱུག་སྐེད་ཚང་ནུབ་ཏུ་བཞུགས་པ་ལྷ་སར་ཆེད་གཉེར་གྱིས་གདན་ཞུས་ཏེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན། རྟ་མགྲིན་ཡང་གསང་གི་དབང་ཆེན། བཀའ་སྡོད་རྣམས་ཀྱི་རྗེས་གནང་། ལས་བྱང་རྒྱས་བསྡུས་ཀྱི་ལུང་སོགས་ཞུས། བསྟེན་ཚུལ་ཡང་འབྲོམ་རིན་པོ་ཆེའི་རྣམ་ཐར་ཇི་བཞིན་བྱུང་གསུངས། རྭ་སྒྲེང་ཁྲི་ཆེན་བསྟན་པ་རབ་རྒྱས། རྩེ་སློབ་གྲྭའི་དགེ་རྒན་སྨིན་གྲོལ་བ་འགྱུར་མེད་ཆོས་མཆོག་སོགས་ལས་ཀྱང་ལེགས་པར་བཤད་པའི་བདུད་རྩི་མནོས། སྒོ་མང་བྲ་ཉེ་དང་གུང་རུ། ཀླུ་འབུམ་ཁམས་ཚན་གསུམ་ལ་ཆམ་རིམས་དྲག་པོ་ཞིག་བྱུང་བ་རྗེ་ཉིད་ཀྱིས་འཇིགས་བྱེད་ཀྱི་སྦྱིན་སྲེག་དང་ལྷ་མོར་གཤེགས་གཏོར་ཕུལ་བས་འཕྲོ་ཆད། ཏཱ་དབོན་ཁམས་ཚན་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གནང་བ་སོགས་དོན་གཉེར་ཅན་མང་བོ་འདོད་ཆོས་ཀྱིས་ཚིམ་པར་མཛད། ང་ལྔ་བར་ཆུ་བཟང་། གསེར་ཁོག་སོགས་བརྒྱུད་དེ་དཀར་མོའི་དགོན་དུ་བྱོན། མདོ་སྔགས་རིག་གནས་ཀྱི་དཀའ་གནས་ལས་བརྩམས་པའི་དྲི་བ་ཞུ་མཁན་རྣམས་ལ་སྐབས་སུ་བབ་པའི་ལན་གྱིས་སྒྲོ་འདོགས་བཅད། གང་དུ་ཕེབས་པ་དེ་དང་དེར་སེར་སྐྱ་སྟོང་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད།

     དགུང་ལོ་ང་དགུ་བ་ཤིང་ཁྱི་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཉིན་བཅོ་བརྒྱད་ཀྱི་བར་བཞག་སྡོམ་པར་དབང་རྡོ་རྗེ་འཕྲེང་བ་གནང་དུས་མེ་ཏོག་གི་ཆར་བབས་པ་དང་། ས་ལ་དྲོད་རྒྱས་ཏེ་མེ་ཏོག་བཞད་པ། ནམ་མཁའ་ལ་འཇའ་ཚོན་གྱི་གུར་ཕུབ་པ་སོགས་དང་། ཡང་གཙོས་དགའ་ལྡན་ཆོས་གླིང་དུ་རྡོར་འཕྲེང་གནང་སྐབས་ཡེ་ཤེས་པ་བབས་པའི་རྟགས་སུ་འགའ་ཞིག་བར་སྣང་ལ་གར་སྟབས་དང་སྐྱིལ་ཀྲུང་བྱེད་པ། ལྷའི་སྐད་སྨྲ་བ་སོགས་ངོ་མཚར་བའི་རྣམ་ཐར་མང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གདན་ས་རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཁྲིར་ལོ་གསུམ་བཞུགས།

     བྱང་རྩེ་སྤྲུལ་སྐུ་དགེ་འདུན་བསྟན་འཛིན་དང་ཨ་རོལ་ལུང་རིགས་རྒྱ་མཚོ་སོགས་བླ་སྤྲུལ་སུམ་ཅུ། དགེ་འདུན་སུམ་སྟོང་བརྒལ་བ་ལ་མི་ཏྲ་བརྒྱ་རྩ་སོགས་ཆོས་ཀྱི་ཆར་ཕབས། ཨ་ལག་ཤ་དྭགས་པོ་ནོ་མོན་ཧན་སོགས་ཀྱིས་གདན་ཞུས་བཞིན་དགུང་ལོ་རེ་དྲུག་པར་སོག་ཡུལ་དུ་ཕེབས། སྤྲུལ་བའི་སྐུ་དེ་ཉིད་དང་གཞན་ཡང་སུ་ཉིད། ཆ་དཀར། ཨོར་ཏུ་སུ་སོགས་ཞབས་ཀྱིས་བཅགས་ཏེ་སྡེ་དགོན་ཆེ་ཕྲ་དང་བླ་ཆེན། ཝང་ཙ་ལང་སོགས་སེར་སྐྱ་ཁྲི་ཕྲག་དུ་མར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བསྒྲུབ་བྱ་སྟོང་ལ་ཉེ་བར་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་ཕོག     །དངུལ་སྲང་ཁྲི་ལྷག་བཏང་སྟེ་གསེར་ཟངས་ཀྱི་འོད་དཔག་མེད་སྐུ་ཆག་ཚད་བཅྭོ་ལྔ་ལོངས་པས་གཙོས་སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་རྫས་ཕོན་ཆེ་བ་བཞེངས། དེས་མཚོན་དད་རྫས་ཕལ་ཆེར་ཉེ་དུ་དང་དགོས་མེད་ཀྱི་ངོ་འཛིན་ལ་མ་བཏང་བར་སྐུ་གསུང་ཐུགས་རྟེན་བཞེངས་མཆོད་དང་དགེ་འདུན་གྱི་བསྙེན་བཀུར་ཁོ་ནའི་ཆེད་དུ་བཏང་བ་ཡིན་གསུངས། དགའ་ལྡན་ཆོས་གླིང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་ཚུགས་ཀྱི་འཆམ་དང་མེ་ཏོག་མཆོད་པ་ཚུན་ཆེད་ལྷ་ལྡན་སྨོན་ལམ་ཆེན་མོའི་ཕྱག་བཞིས་ཇི་བཞིན་ཞིབ་ཚགས་སུ་མཛད་པ་སོགས་མདོར་ན། ཉིད་ཀྱི་རྩ་བའི་གདན་ས་སྟག་ཚང་ལྷ་མོ་དང་། གཙོས་དགའ་ལྡན་ཆོས་གླིང་། བྱམས་མེ་དགོན་གོང་འོག་གིས་མཚོན་རོང་བོ་དགོན་ཆེན། ཆུ་བཟང་། གསེར་ཁོག    །ལྷ་མོ་ཀིརྟི་དགོན། རྭ་རྒྱ་བཀྲ་ཤིས་འབྱུང་གནས་སོགས་དགོན་སྡེ་ཆེ་ཆུང་། རྒྱལ་རོང་། རྔ་བ། དབལ་ཤུལ་ཁག་གསུམ། ཐེ་བོ་སྟོད་སྨད། ཅོ་ནེ། མཛོད་དགེ་ཕྱོགས་བཅུ་གཉིས། རོང་བོ། མགོ་ལོག   །དཔའ་རིས། ཆེན་པོ་ཧོར་གྱི་ཡུལ་གྲུ་ཚུན་ཆད་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཚུལ་ཉིད་ཀྱི་རང་རྣམ་ཉིན་མོའི་འོད་སོགས་སུ་གསལ་བ་བཞིན་ནོ། །

     དགུང་ལོ་གོ་གསུམ་པར་དགའ་ལྡན་ཆོས་གླིང་དུ་བཞུགས་པའི་སྐབས་ཤིག       །སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བར་བཞེད་པས་ཡངས་པ་ཅན་དང་བྲི་རྫི་སོགས་སུ་ལྗོངས་ཞིང་མཐར་གྱིས་རྩྭ་མཆོག་གྲོང་དུ་ཕེབས་ནས་གཟིམ་ཁྲིའི་མཐའ་མ་མངོན་དུ་མཛད་པ་དང་ཆ་འདྲ་བར། སྐུ་ཚེ་འདིའི་བསྟན་འགྲོའི་བྱ་བ་མཐའ་དག་ཐུགས་བཞེད་བཞིན་དུ་གྲུབ་སྟེ། མཛད་པའི་མཐའ་མ་སྟོན་པར་བཞེད་པ་ན། སྐབས་གསུམ་གནས་ཀྱི་དགེ་མཚན་འཕོས་འདྲ་བའི། ། ལྷོ་ཕྱོགས་མཛོད་དགེ་ས་ཡི་ཐིག་ལེ་རུ། ། ཁོ་བོ་བསྟན་འགྲོའི་བྱ་བ་མཐར་ཕྱིན་པའི། ། དགའ་སྟོན་དག་ལ་ལོངས་སུ་སྤྱོད་ཕྱིར་འགྲོ། ། ཞེས་གསུངས་ཏེ། ཉིད་ཀྱི་རྩ་བའི་གདན་ས་སྟག་ཚང་ལྷ་མོ་སོགས་མཛོད་དགེ་ཕྱོགས་སུ་ཆིབས་བསྒྱུར་གནང་། བཞི་བ་རྗེས་མའི་ཚེས་བཅུ་གཅིག་ཉིན་གདན་སར་གཤེགས། ཚེས་བཅྭོ་ལྔ་ཉིན་ཁྲི་ཆེན་གོང་མའི་སྐུ་གདུང་ཡིད་བཞིན་ནོར་བུ་རིལ་བོ་མ་ཉམས་པར་བཞུགས་པ་སྨ་ར་དང་ཨག་ཚོམ་སྐྱེ་བཞིན་པ་དེར་མཆོད་སྤྲིན་རྒྱ་ཆེར་བསྟར། གྲྭ་ཚང་ལ་ལམ་གཙོ་དང་རྟེན་འབྲེལ་བསྟོད་པའི་ཁྲིད། འཇིགས་བྱེད་ཀྱི་དབང་སོགས་གནང་། མཚུངས་མེད་མཆོག་སྤྲུལ་དམ་པ་བློ་བཟང་བསྟན་པའི་སྒྲོན་མེར། དགོན་པ་འདིར་ཁྲི་ཆེན་རིན་པོ་ཆེས་པོ་ཏི་ལྔའི་འཆད་ཉན་གཙོ་བོར་མཛད་འདུག་པ་བཞིན་ཁོ་བོས་ཀྱང་ལོ་ན་གཞོན་དུས་སྒོ་དུ་མ་ནས་དགོན་པ་འདིའི་སྒྲིག་ལམ་སྤྱི་དང་ཁྱད་པར་དུ་འཛིན་སྐྱོར་དང་དཔེ་ཀློག     །ཁས་ལེན་འཛིན་ལུགས། བགྲོ་གླེང་གཏོང་ལུགས། ཐ་ན་འཁོར་གསུམ་རིང་བོ་དང་ཐལ་མོ་རྡེབ་ལུགས། གཟན་སྐེད་པར་དཀྲི་ལུགས། ཚིག་ལྷག་བཞག་མི་ཆོག་པ་སོགས་ཞིབ་ཚགས། ཁས་ལེན་གྱི་རྒྱུན་དང་འཕྲོས་གླེང་དོགས་གཅོད་བྱེད་པ་རྣམས་མི་ཉམས་པར་བྱ་རྒྱུའི་ཐབས་ཚུལ་དང་བཅས་ཆོས་འཆད་ཉན་འདི་ལ་འབད་པ་ཆེན་པོ་བྱས་པའི་ལག་རྗེས་སུ་གྲྭ་ཚང་འགྲན་བྲལ་ཞིག་བྱུང་བ་ཡིན། ད་དུང་ཁོང་གིས་ཀྱང་ཆོས་འཆད་སྤེལ་སྒྲིག་ལམ་སོགས་ལ་ཚུལ་བཞིན་དུ་འབད་བརྩོན་ཅི་ནས་ཀྱང་བྱེད་དགོས་ཞེས་བསྟན་པའི་ཁུར་གཏད།

      དེ་ནས་ལྷ་མོ་ཉིན་སྲིབ། རྐྱང་ཚ། གླིང་བ། བྱམས་ཐང་། དབལ་ཤུལ་སོགས་སུ་ཕེབས་ཏེ་དགོན་གྲོང་སེར་སྐྱ་སོ་སོའི་སྤྱི་སྒེར་གྱི་འདོད་ཆོས་ཀྱི་རེ་བ་ཡོངས་སུ་བསྐངས། བརྒྱད་པའི་ཉེར་གཉིས་ཉིན་བཞག་སྡོམ་ཉི་མ་ལུང་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་མཛད། གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱ་བོད་ཧོར་གསུམ་གྱི་སྐྱེ་བོ་མཐའ་ཡས་པ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི། མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་སྒྲོན་མེ། ཁྲི་ཆེན་ངག་དབང་ཆོས་འཕེལ། ཤིང་བཟའ་པཎྜི ་ཏ་བློ་བཟང་དར་རྒྱས། རྗེ་གསེར་ཁང་བ་སྐུ་མཆེད། ཨ་རིག་དགེ་བཤེས་རྒྱལ་མཚན་འོད་ཟེར། སྐལ་ལྡན་བློ་བཟང་ཆོས་གྲགས་རྒྱ་མཚོ། ཆུ་བཟང་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རབ་རྒྱས། ཀིརྟི་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཆོས་ཀྱི་ཉི་མ། བསེ་མཆོག་སྤྲུལ་བློ་བཟང་བཀྲ་ཤིས་རབ་རྒྱས། ཨ་མཆོག་འཇམ་དབྱངས་སྤྲིན་རྒྱ་མཚོ་སྐུ་སྔ་ཕྱི། མཚེ་དཔོན་སློབ། སྐ་སར་ལྷ་རིས་པ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཨ་ལག་ཤ་བསྟན་དར་ལྷ་རམས་པ། མཛོད་པའི་ཚ་བོ་བསྟན་པའི་རྒྱལ་མཚན། ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་སོགས་སོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།