ངང་རུང་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་ མཆོག་གི་རྣམ་ཐར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 18:40:14     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

ཟབ་གསལ་ཤེས་རབ་འོད་ཀྱི་སྣང་བ་ཡིས། །མུན་པའི་དྲ་བ་མཐའ་དག་འཇིག་མཛད་པ། །

རྣམ་ཐར་གཙང་མ་ཞི་ལྷག་ཟུང་འབྲེལ་གྱིས། །སྲིད་པའི་རྩེ་མོ་མངོན་པར་རྒྱན་དེ་མཆོད། །

བདེན་སྣང་སྤྲིན་གྱི་ཀུན་གསལ་དག །དྲི་མེད་མཁའ་ཡི་རང་བཞིན་ཅན། །

དཔལ་ལྡན་འགྲོ་བའི་ཉི་མ་ཡིས། །དགེ་ལེགས་འོད་ཀྱི་སྣང་བ་སྩོལ། །

དེ་ཡང་རིག་པའི་གནས་ལྔ་ཡོངས་སུ་གཟིགས་པའི་པཎ་ཊི་ཏ་ཆེན་པོ།  བདག་པས་གཞན་གཅེས་པའི་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ལེགས་པར་གཏམས་པ།  མདོ་རྒྱུད་གསང་བའི་ཟབ་གནད་མ་ལུས་པར་མཁྱེན་པ།  རིག་པའི་རྣམ་དཔྱོད་ཀྱིས་ཕས་ཀྱི་རྒོལ་བ་སྟོང་གི་སྙན་པའི་རལ་བ་ས་ལ་འཕེན་པ།  ངེས་པ་དོན་གྱི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ།  མོག་ཀྱཱ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་བརྗོད་པ་ལ་གསུམ། 

དང་བོ།   གནས་དང་རིགས་ཕུན་སུམ་ཚོགས་པ་ནས་སྐྱེས་པ་བཞེས་པའི་ཚུལ།

 གཉིས་པ།   རྟེན་དེ་ལ་ཡོན་ཏན་མ་ལུས་པ་ཁོང་དུ་ཆུད་པའི་ཚུལ། 

གསུམ་པ།  ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །

དང་བོ་ནི།  དེ་ཡང་མི་མཇེད་འཇིག་རྟེན་གླིང་བཞི་རི་རབ་དང་བཅས་པའི་ནང་ཚན་ཛམ་བུ་པྲིཀྵའི་སྙེ་མ་རྒྱ་མཚོར་ལྷུང་བའི་སྒྲ་ལས་ཛམ་བུ་གླིང་ཞེས་གྲགས་ཤིང་བསྐལ་བཟང་རྣམ་འདྲེན་སྟོང་གི་ཆོས་ཀྱི་གདུལ་ཞིང་དུ་གྱུར་བ།  ཤར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བའི་བཀོད་པ་གནས་མཆོག་རི་བོ་རྩེ་ལྔ།    ལྷོ་ན་འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་རི་བོ་དྲི་འཛིན།  ནུབ་ན་དཔའ་བོ་དང་མཁའ་འགྲོ་མ་གསང་བའི་མཛོད་གནས་ཆེན་པོ་ཨོ་ཊ་ཡ་ན།  བྱང་ན་རིགས་ལྡན་ཆོས་ཀྱི་རྒྱལ་བོ་རྣམས་ཀྱི་བསྟི་གནས་གྲོང་ཁྱེར་ཤམ་བྷ་ལ་སོགས་ཕྱོགས་དང་ཕྱོགས་མཚམས་བརྒྱད་ན་ཟུང་འཇུག་གྲུབ་པའི་དཔའ་བོ་དཔའ་མོ་རྣམས་བདེ་སྟོང་ཏིང་ངེ་འཛིན་གྱི་དཔལ་ལ་དགྱེས་རྒུར་རོལ་བའི་དབུས་ན་དུས་གསུམ་བདེ་གཤེགས་ཐམས་ཅད་མངོན་པར་བྱང་ཆུབ་པའི་གནས་མཆོག་རྡོ་རྗེ་གདན་ལས་བྱང་དུ་དཔག་ཚད་བརྒྱ་ཕྲག་དུ་མ་བརྒལ་བའི་ཁ་བ་ཅན་གྱི་ཡུལ་གྲུ་འདི་ལ།  དབུས་གཙང་ཆོས་ཀྱི་ཆོལ་ཁ།  མདོ་སྟོད་རྟའི་ཆོལ་ཁ།  མདོ་སྨད་མིའི་ཆོལ་ཁ་གསུམ་དུ་གྲགས་པའི་ཕྱི་མ།  རྨ་ཀླུང་དལ་གྱིས་འབབ་པའི་ཁུག་སོ་གཡས་སུ་འཁྱིལ་ཤིང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན།  གཅན་ཚ་མིའི་དཀྱིལ་འཁོར་ཡངས་པའི་ཆོལ་ཁ་ཞེས་སྙན་པའི་གྲགས་པ་སྲིད་པའི་ཁོང་ལས་བརྒལ་བའི་ནོར་འཛིན་གྱི་ཐིག་ལེ་ལ།  ཤར་དུ་རྒྱ་བོད་གཉིས་ཀྱི་སོ་མཚམས་ན་དར་རྒྱལ་མཐོན་པོའི་ཕོ་བྲང་དུ་རིག་བྱེད་ཀྱི་གྲངས་དང་ལྡན་པའི་གླང་ཆེན་གྱི་ཁྲི་ལ་དགྱེས་རྒུར་རོལ་བའི་ལྷ་ཆེན་ཚངས་པ་དཀར་བོ།   ལྷོ་ན་རྩྭ་ལྗང་གོས་ཆེན་ཐགས་སུ་བཀྲ་བའི་ཕོ་བྲང་དབུས་མའི་ནང་དུ་ལྷ་ཆེན་བསེ་ཆེན་གཉེན་པོས་ཐུབ་བསྟན་སྲུང་ཞིང་སྐྱོང་བའི་ལས་ལ་ཉིན་མཚན་དབྱེར་མེད་དུ་བརྩོན་པ།ནུབ་ཏུ་རྫུ་འཕྲུལ་ཤུགས་ཀྱིས་ཕྱུག་པའི་ལྷ་ཆེན་སྲིན་པོ་དོན་ཀུན་འགྲུབ་པས་ལེགས་ཉེས་བླང་དོར་གྱི་གནས་ལ་ཞ་ར་མཛད་པ།  བྱང་དུ་རྔམས་ཤིང་བརྗིད་ཆགས་པའི་རི་བོ་རྡོ་བརྩེགས་ཀྱི་ཕུང་བོ་ནོར་བུ་སྤུངས་འདྲའི་ཕོ་བྲང་ན་དྲེགས་པ་ཡོངས་ཀྱི་སྡེ་དཔོན་དུ་བཞུགས་པའི་ཙོང་ཁའི་སྐྱེས་ལྷས་ཞྭ་སེར་བསྟན་པའི་ལུགས་བཟང་ཕྱོགས་དུས་སུ་སྤེལ་བ།  གཞན་ཡང་ཤར་དུ་རྨ་ཀླུང་དལ་གྱིས་འབབ་པའི་འཛུམ་དཀར་གྱི་མུ་ཏིག་མཁའ་རུ་འཐོར་བ།  ལྷོར་ནགས་ཀློང་གི་ཡལ་ག་འཐབ་པས་རང་སྒྲའི་ཀླུ་དབྱངས་ཀྱིས་སྐྱེ་འགྲོ་རྣམས་ཀྱི་ཡོད་དབང་འཕྲོག་པ།  ནུབ་ཏུ་བྲག་དཀར་ཧེ་རུ་ཀའི་གནས་སུ་མཁའ་འགྲོ་མ་རྣམས་ཀྱིས་བྲོ་གར་འཁྲབ་པ།  བྱང་དུ་བྱ་རྒྱལ་ཁྱུང་ཆེན་མཁའ་ལ་ལྡིང་འདྲའི་གནས་སུ་ལུང་རིགས་ཀྱི་ངར་སྐད་བསྒྲོག་པའི་དབུས་སུ།  ཇི་སྐད་དུ།  ཙོང་རིའི་རྨ་ཆུ་ཁུག་སོའི་གནས། །སྐྱེ་རྒུའི་རོ་འཛིན་ས་སྲུང་ཕྲག །མཛེས་པའི་དོ་ཤལ་རྒྱན་བྱེད་པ། །ནོར་བུའི་ཕྲ་ཚོམ་དྲུག་ཏུ་གྲགས། །ཞེས་དོན་མཐུན་གྱི་བསྔགས་བརྗོད་དུང་དཀར་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཀྱིས་བསྟོད་པའི་གནས་འདིའི་མི་རྣམས་ཀྱི་བརྒྱུད་པ་ནི་བོད་ཀྱི་རུས་ཆེན་བཞིའམ་དྲུག་ཏུ་གྲགས་པའི་ནང་གི་ལྡོང་དྲུག་ཅེས་པ་འདི་ནས་ངེས་འཛིན་པར་མངོན་ཏེ།  དེ་ནི་སྲིད་པའི་རྒྱལ་བོ་སངས་པོ་འབུམ་ཁྲི་དང་ཡང་ན་ཡེ་སྨོན་རྒྱལ་བོ་ནས་ལྷ་རབས་སུམ་ཅུ་རྩ་ལྔ་དང་།  བོད་མི་གདུང་དྲུག  ཁྲི་ཆེན་གཉིས་བཅས་བྱུང་བར་བཤད་ལ།  དེ་དག་གི་ཐ་མ་ཨ་མྱེས་མུ་ཟི་ཁྲི་ཏོ་ཆེན་པོ་ལས་བོད་མི་བོ་གདུང་དྲུག་གམ།  བོད་ཀྱི་རུས་ཆེན་དྲུག་བྱུང་སྟེ།  དེ་དག་གང་ཞེ་ན།  ཁྲི་ཏོ་ཆེན་པོས་སྙན་ཟ་ཤ་མིག་མ་ཁབ་ཏུ་བཞེས་པས་སྲས་གསུམ་འཁྲུངས་པ་ལ།  ཆེ་བ་ཆུ་ལྡོང་ལས་ལྡོང་གི་ང་ཆེན་བཅོ་བརྒྱད་དང་ལྡོང་གི་རུས་ཆེན་བཅོ་བརྒྱད།  སྨུག་པོ་ལྡོང་གི་ཆེ་དྲུག   ལྡོང་གི་བཙུན་དྲུག་བཅས་ནི་ལྡོང་གི་བརྒྱུད་པའི་མཆེད་ཁུངས་གཙོ་བོ་ཡིན་ལ།  དེ་ལས་རིམ་གྱིས་མཆེད་པའི་སྨུག་པོ་ལྡོང་གི་བརྒྱུད་པ་ལ་ཚ་ཆེན་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་མདོ་སྨད་གཅན་ཚའི་སྒང་སྟོད་ཚོ་བ་དྲུག་གི་ཡ་གྱལ་མོག་ཀྱཱ་ཞེས་པ་ནས་ཡབ་བོད་ཚའི་དགེ་འདུན་སྐྱབས་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གཉིས་པ་ས་འབྲུག་རྣམ་འབྱུང་གི་ལོ་སྟེ་སྤྱི་ལོ་༡༦༨༨་ལོར་མཐོང་གྲོལ་མཚན་དཔེའི་པད་དཀར་གྱི་ལང་ཚོ་མངོན་པར་བཞད།

སྨྲས་པ།

ཐོས་པས་གོ་རྒྱ་གཅོད་པའི་མཁས་པ་མིན། །བསམ་པས་སྒྲོ་བཏགས་མ་བཅད་འཆལ་བོ་མིན། །

སྒོམས་པས་ཉམས་མྱོང་མ་རྙེད་རྣལ་འབྱོར་མིན། །དོན་དམ་སྤྲོས་དང་བྲལ་བའི་མཁན་ཆེན་ཡིན། །

བདེན་པར་མེད་ཀྱང་དངོས་རྣམས་སྣང་། །དོན་དམ་མེད་ཅེས་རང་བཞིན་ཡལ། །

བློ་གྲོས་མཉམ་གཞག་ཡེ་ཤེས་ཀྱིས། །དངོས་པོ་རྣམས་ཀྱི་དེ་ཉིད་རྟོགས། །

དེ་ལྟར་ཉམས་དང་རྟོགས་པའི་ཀློང་བརྡོལ་ཀྱང་། །འགྲོ་བ་རྒྱུད་ལྔའི་སྒྲིབ་གཉིས་མ་གྲོལ་བར། །

དེ་དང་དེ་ལ་འཚམ་པའི་སྤྲུལ་བའི་སྐུ། །གཤེགས་བྱོན་མཛད་པ་རྒྱལ་སྲས་རྣམས་ཀྱི་གཤིས། །

ཅེས་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབ་དང་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་གནས་དང་རིགས་ཕུན་སུམ་ཚོགས་པར་སྐྱེས་པ་བཞེས་པའི་ཚུལ་བརྗོད་པ་སྟེ་དང་བོའོ། །

གཉིས་པ། 

རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ།  དེ་ཡང་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ས་བཅུ་ལམ་ལྔ་ཡོངས་སུ་རྫོགས་ཏེ་རྒྱུན་མཐའི་བར་ཆད་མེད་ལམ་པ་དེ་ལ་/དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱང་དེ་བཞིན་གཤེགས་པའི་ཐུགས་སུ་ཆུབ་པ་ནི་མ་ཡིན་ནོ/།  ཞེས་ཉི་ཁྲི་ལས་གསུང་བ་ལྟར།  ས་བཅུའི་རྒྱུན་མཐའ་བ་དེར་སྔགས་བླ་མེད་ཀྱིས་སྣོན་པ་འདབ་དགོས་ན་དོན་གྱི་འོད་གསལ་གྱི་རིམ་པ་ནས་བཞུགས་པ་མ་ཡིན་ཏེ་ལམ་གཞན་གྱིས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་རྫོགས་པ་དེ་རིམ་པ་གསུམ་པ་སྒྱུ་ལུས་མན་ཆད་ཀྱིས་དོད་ཐུབ་པའི་ཕྱིར་ན།  རིམ་པ་བཞི་བ་དོན་གྱི་འོད་གསལ་ནས་བཞུགས་ཏེ་དེའི་སྟོང་བ་བཞི་བས་དག་པའི་སྒྱུ་མའི་སྐུ་དང་། འོད་གསལ་གཉིས་ཟུང་དུ་སྤྲེལ་ནས་སྒོམས་པས་ཤིན་ཏུ་ཕྲ་བའི་རླུང་དང་ཤིན་ཏུ་ཕྲ་བའི་སེམས་གཉིས་དབྱེར་མེད་གཅིག་ཏུ་འདུས་པ་དེར་ཟུང་འཇུག་རྡོ་རྗེ་འཆང་ཞེས་མདོ་རྒྱུད་ཐམས་ཅད་ཀྱི་རྩེ་མོ་དཔལ་ལྡན་འདུས་པའི་རིམ་པ་ལྔ་བ་ནས་ཡང་དང་བསྐྱར་དུ་གསུང་བ་དེ་མངོན་དུ་མཛད་ན་ཡང་།   དུས་དང་ཚེ་དང་ལྟ་བ་དང་སེམས་ཅན་དང་ཉོན་མོངས་སྙིགས་མ་སོགས་ལ་དམིགས་ནས་སླར་ཡང་སོ་སྐྱེས་རྣམ་པ་ཅན་གྱི་ཚུལ་བཟུང་སྟེ་གནས་མཆོག་མོག་ཀྱཱའི་པདྨོ་སྟེང་དུ་སྐུ་འཁྲུངས་ཏེ་དགུང་ལོ་བདུན་གྱི་བར་དུ་ཉིད་ཀྱི་ཁུ་བོ་བོད་ཚའི་ཆོས་གྲགས་རྒྱ་མཚོ་ཞེས་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་ཞིང་མཆད་རྩོད་རྩོམ་པ་ལ་ཐོག་པ་མེད་པ་དེའི་མདུན་ནས་ཡི་གེ་འབྲི་ཀློག་ཞིབ་ཏུ་སྦྱངས།

སྐུ་ན་ཆུང་དུས་ནས་བྱིས་པའི་སྤྱོད་ལས་འདས་ཤིང་སེམས་དཔལ་ཆེན་པོ་ཀོའུ་བ་ཆོས་རྒྱ་མཚོའི་སྐྱེ་བ་ཞལ་གྱིས་བཞེས་པ་སོགས་པའི་དམ་པའི་རང་རྟགས་མངོན་དུ་མཛད།  གཞོན་ནུའི་དུས་སུ་འཁྲུངས་ཡུལ་མོག་ཀྱཱའི་རྒྱབ་རི་པདྨོ་སྟེང་དུ་སའི་སྟེགས་བུར་བཞུགས་ནས་ན་མཉམ་གྱི་བྱིས་པ་རྣམས་ལ་འཇལ་ཁ་གནང་བ་དང་བྱ་ཁྱུང་དང་ལཱ་མོ་བདེ་ཆེན་གཉིས་ཀྱི་ཕྱོགས་སུ་འཁོར་ནས་ཐལ་སྐད་དང་བགྲོ་གླེང་གནང་བའི་ཚུལ་མཛད།  དགུང་ལོ་ལྔ་དྲུག་ནས་རྒྱུན་པར་བདེ་ཆེན་ལ་འགྲོ་ཞེས་ཡབ་ཡུམ་གཉིས་ལ་ཡང་ཡང་གསུངས་པས།  ཡབ་ཡུམ་གཉིས་ཀྱིས་ཀྱང་བསྟན་པ་ལ་བྱ་བ་མཛད་ཐུབ་པའི་སྐྱེས་ཆེན་ཞིག་གི་ཐུགས་རེ་བཟུང་སྟེ།  སྟ་གོན་ལེགས་པར་གྲུབ་ཏེ་དགུང་ལོ་བདུན་གྱི་སྟེང་མདོ་སྔགས་རིག་གནས་ཀྱི་བསྟི་གནས་ཆེན་པོ་བདེ་ཆེན་ཆོས་གླིང་གི་བྲག་རྒན་ནམ་ཆོས་རྗེ་བློ་བཟང་བཀྲ་ཤིས་དཔལ་ལྡན་པའི་ཞལ་སྔར་འཇལ་བར་ཕེབས་པའི་དགུང་མོར།  དམ་པ་དེ་ཉིད་ཀྱི་མཚན་ལམ་དུ་མི་ཞིག་གིས་ཁོང་ལ་གསེར་གྱི་རྒྱལ་མཚན་འོད་འཕྲོ་ཞིང་མཚན་ཉིད་ལྡན་པ་ཞིག་ཕུལ་བ་སྨིས་པས།  དགྱེས་པའི་ཉམས་དང་བཅས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཞིག་འབྱོན་པར་དགོངས་ནས་ཉེ་གནས་དང་ནང་མི་རྣམས་ལ།  དེ་རིང་བདག་ལ་འགྲུལ་བ་གལ་ཆེན་ཞིག་ཡོང་གི་ཡོད་པས་ཁྱེད་རྣམ་པས་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་མཛད་དགོས་པའི་བཀའ་ཕབས་པ་ནི།  ཇི་ལྟར་མར་བ་ཆོས་ཀྱི་བློ་གྲོས་མཆོག་གིས་རྗེ་བཙུན་མི་ལ་རས་པ་ཆེན་པོ་ལ་ཞལ་སྐྱེམས་ཀྱི་ཚུལ་དུ་བདུད་རྩིའི་བུམ་པ་སྐུང་བ་དང་།  མཉམ་མེད་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་གུང་ཚིགས་ཀྱི་གསོལ་ལྷག་དང་བདུད་རྩིར་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་བའི་རང་བཞིན་ལས་མ་འདས་སོ། །

དེའི་ཕྱི་ཉིན་ཕ་མ་གཉིས་ཀས་ཁོང་ཁྲིད་ནས་བདེ་ཆེན་ཆོས་གླིང་དུ་ཐོན་ལ་ཉེ་བའི་ལམ་སེར་བྱ་བར།  མས་ཁྱེད་ལ་སྐྱག་ལྕིད་ཆེ་ཞུས་པས།  སྐྱག་ལྕིད་མ་ཡིན་ཆོས་ལྕི་ཡིན་གསུངས་པ་དང་།  རྗེས་སུ་ང་དབུས་སུ་འདི་ལྟར་འགྲོ་རྒྱུ་དང་དགོན་པ་འདི་ལྟར་འདེབས་རྒྱུ་ཡིན་ཞེས་ཕྱག་རྒྱ་དང་བཅས་པས་གསུང་སྙན་གང་མང་བྱུང་།  དེ་དུས་ཁུ་བྱུག་གི་སྐད་དང་ལྷོ་ཕྱོགས་ཀུན་གསལ་གྱི་བཞིན་རས་ལ་ཆུ་འཛིན་གསར་དུ་དཀྲིགས་པ་ལས་དབྱར་སྐྱེས་རྔ་གསེང་གི་སྐད་སྙན་ལེགས་པར་བསྒྲོགས་པས།  ཡབ་ཡུམ་སྲས་དང་བཅས་པ་དགྱེས་ཚོར་ཆེན་པོས་རྟེན་འབྲེལ་གྱི་གནད་དམ་པར་དགོངས་ཏེ་གང་བརྩམས་ཆོས་ཀྱི་བྱ་བ་མཐར་འཁྱོལ་བའི་དཀོན་མཆོག་ལ་གསོལ་བ་དང་ཐུགས་སྨོན་མཛད་པ་ནི་ཕལ་བའི་སྤྱོད་ཚུལ་ལས་ཆེས་རིང་དུ་སོང་བ་ཞིག་གོ། །

ཉིན་དེར་ལཱ་མོ་བྲག་རྒན་དམ་པའི་ཉེ་གནས་རྣམས་ཀྱིས་མགྲོན་པོ་གལ་ཆེན་དེ་སུ་ཡིན་བསམ་ནས་གདན་བཤམས་གཡོས་སྦྱོར་ལེགས་པར་གྲུབ་སྟེ་ཡང་ཡང་བལྟས་པས་གལ་ཆེན་གྱི་མགྲོན་པོ་ཐོན་རྒྱུ་མ་བྱུང་།  སྐབས་དེར་ཁྱོ་ཤུག་གཉིས་ཀྱིས་བུ་ཞིག་ཁྲིད་ཡོང་བ་མཐོང་ནས་ཆོས་རྗེ་བླ་མ་བྲག་རྒན་པར་ཞུས་པས་ན།  ཁོང་གིས་དེ་ག་རང་ཡིན་ནས་སྐུ་མདུན་དུ་གདན་དྲངས་ཏེ་ཕྱག་དབང་དང་སྲུང་མདུད་གནང་ནས་ཐུགས་དགྱེས་དགྱེས་གནང་ཞིང་།  ཡབ་ཡུམ་གཉིས་ལའང་གནང་སྤྱིན་དཔག་མེད་སྩལ།  དེ་ནས་འདོན་ཆོས་སྤྱོད་ཀྱི་རིམ་པ་དང་ཕར་ཕྱིན་གྱི་རྩ་བ་མངོན་རྟོགས་རྒྱན་དང་དབུ་མའི་རྩ་བ།  གྲུབ་མཐའི་རྩ་བ།  རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་བོའི་གནད་བསྡུས་ཏེ་གཏན་ལ་ཕབ་པ་བྱང་ཆུབ་ལམ་གྱི་རིམ་པ་སོགས་ཐུགས་འཛིན་མཛད།  གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཞིག་ལ་ལཱ་མོ་བྲག་རྒན་ཚང་ངམ་བདེ་ཆེན་ཆོས་རྗེ་ངག་དབང་བློ་བཟང་བཀྲ་ཤིས་མཆོག་གི་ཞལ་སྔ་ནས་མངོན་མཐོ་ངེས་ལེགས་ཀྱི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་སྡོམ་པ་ལ་ཡང་དག་པར་བཞེས་ཏེ་མཚན་འཇམ་དབྱངས་རྒྱ་མཚོར་གསོལ།  དམ་པ་དེ་ཉིད་ཀྱི་མདུན་ནས་དབང་ལུང་མན་ངག་དང་ཟབ་རྒྱས་ཀྱི་ཉམས་ཁྲིད་མང་དུ་གསན་ཏེ་ཆོས་གྲྭར་བཞུགས།  རིགས་ལམ་གྱི་སྒོ་འབྱེད་པའི་ལྡེ་མིག་ཚད་མའི་གཞུང་ལུགས་ལ་སྦྱང་བརྩོན་ལེགས་པར་མཛད་པས་རིག་ལམ་སྤྱི་དང་བྱེ་བྲག་གི་གོ་བ་གཏིང་ཚུགས་པར་གྱུར།  དེ་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་ཕར་ཕྱིན་རྣམ་བཤད་སྙིང་བོའི་རྒྱན་དང་གསེར་ཕྲེང་།  དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་མཐའ་བཞི་དང་བྲལ་བའི་གནས་ལུགས་ཡང་དག་པར་སྟོན་པའི་རིགས་ཚོགས་དྲུག་འཇུག་ཊིཀ་དགོངས་པ་རབ་གསལ།   ཤེས་བྱའི་ཆོས་ཐམས་ཅད་གཞི་ལྔར་བསྡུས་ཏེ་གཏན་ལ་ཕབས་པ་ཆོས་མངོན་པ་མཛོད།  དེ་ཐམས་ཅད་ཀྱི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་གཞག་གསལ་བར་སྟོན་པ་དམ་པའི་ཆོས་འདུལ་བ་ལུང་སྡེ་བཞི་དང་བཅས་བཀའ་པོད་ལྔའི་གཞུང་དོན་མཐའ་དག་ཚིག་སྤྱི་དང་ཁས་ལེན་མི་ཤོར་བ་ཙམ་ཞིག་ལ་འཆལ་བ་མ་ཡིན་པར་རྗེ་རྒྱལ་བ་གཉིས་པའི་ལམ་རིམ་ལས་གསུང་བ་ཇི་བཞིན་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་ཐོས་པ་དང་བསམ་པ་སྒོམ་པ་མཐའ་དག་ལུང་རིགས་རྣམ་དག་གིས་རྐྱ་བར་ནས་དྲངས་ཏེ་ཆོས་གྲྭར་འགྲིམས་པ་དང་། སྐབས་ཤིག་ཏུ་ཟླ་བའི་སྲས་མོ་དབྱངས་ཅན་མའི་བརྙེན་པ་མཛད་པས་ལྷ་མོ་དེ་ཉིད་ཀྱི་ཞལ་མངོན་སུམ་དུ་གཟིགས་པས་འགྲན་ཟླ་མེད་པའི་ཤེས་རབ་འཕེལ་ཞིང་འཕགས་པ་ཡབ་སྲས་ཀྱི་ལྟ་བའི་ཆ་ཕྲ་མོ་ཐུགས་སུ་ཆུད།   སྐབས་དེར་དག་སྣང་ཅན་འགས་སྐུ་མདུན་དུ་བུད་མེད་ཤིན་ཏུ་མཛེས་མ་ཞིག་རྒྱུན་དུ་ཡོད་པར་གཟིགས་པ་ལ་འགའ་ཞིག་ཁ་ཟེར་བ་དག་ཀྱང་བྱུང་། གཙོ་བོ་དགེ་བའི་བཤེས་གཉེན་ཆེན་པོ་བྲག་རྒན་བློ་བཟང་བཀྲ་ཤིས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པའི་ཉེར་ལེན་དང་རང་གིས་ཚོགས་ཆོས་གྲྭ་དང་ཐོས་བསམ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྐྱངས་པས་སྐབས་དེར་འགྲན་ཟླ་མེད་པའི་ཤེས་རབ་འཕེལ།  དམ་པ་དེ་ཉིད་ཀྱི་དྲུང་དུ་བདེ་འཇིགས་གཉིས་དང་ཀུན་རིག་སྨན་བླ་སོགས་དབང་དང་མགོན་ཆོས་རྣམས་ཀྱི་རྗེས་གནང་ཡང་གང་མང་བཞེས། 

དེ་ལྟར་ཆོས་གྲྭ་འཛིན་སྐྱོར་གྱི་རིམ་པ་རྣམས་ལེགས་པར་སོང་སྟེ་རྩོད་པའི་ཁྱུ་མཆོག་ཏུ་གྱུར་པས།  ཉིད་ཀྱི་ཞལ་ནས་/ཆུ་ཐོམ་གང་གི་ནང་དུ་ཉ་འདོམ་གང་མི་ཤོང་/ཟེར་བའི་གཏམ་དེ་དུས་གྲགས།

དམ་པ་ཉིད་དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པ་ཤིང་རྟའི་ལོ་སྟེ་སྤྱི་ལོ་༡༧༡༤་ལོར་སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་མཁས་པ་དང་གྲུབ་པའི་གཙུག་རྒྱན།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་འཕྲིན་ལས་ཀྱི་འོད་ཟེར་ཐུགས་ཀྱི་མེ་ལུང་ལ་བཞུགས་པ།  ཐམས་ཅད་མཁྱེན་པ་སྔགས་འཆང་འཇམ་དབྱངས་བློ་གྲོས་མཆོག་དགུང་ལོ་དྲུག་ཅུ་རེ་གསུམ་སྟེང་བདེ་ཆེན་ཆོས་གླིང་ངམ་དགེ་ཚོགས་གླིང་དུ་ཞབས་བཏེགས་པའི་སྐབས་སུ།  རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་རྗེས་གནང་མང་བོ་དང་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་གསུང་འབུམ་ལ་སོགས་པའི་བཀའ་ཆོས་ཅི་རིགས་གསན།   ལོ་དེར་རྗེ་བླ་མ་འཇམ་དབྱངས་རྒྱ་མཚོ་མཆོག་གཡེར་གཤོང་བསམ་གཏན་གླིང་དུ་ཕེབས་ནས།  སྔགས་འཆང་འཇམ་པའི་དབྱངས་ཀྱི་དྲུང་ནས་འགྲེལ་བ་བཞི་སྦྲགས་ཀྱི་ཞལ་ལུང་དང་འདུས་པའི་བསྐྱེད་རིམ་ཆེན་མོའི་བཤད་པ་དང་ལུང་།  རྫོགས་རིམ་གྱི་ཁྲིད་བཅས་གསན།

དེ་ཡང་བྱ་ཁྱུང་ཐེག་ཆེན་གླིང་གི་མཁན་རབས་དམ་པ་མདོ་བའི་ཞབས་དྲུང་༧[རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ]འི་ཞལ་སྔ་ནས་མཛད་པའི་[རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་ངོ་མཚར་དད་པའི་ཆུ་སྐྱེས་ལས]་/མཁན་ཆེན་དགུང་ལོ་བཅུ་བདུན་ལ་སླེབས་པ་ན།  ཕྱག་ན་པདྨོའི་འཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བརྒྱར་སྤེལ་བར་དགོངས་ཏེ་བསྟན་པའི་པད་ཚལ་རྣམ་པར་རྒྱལ་བའི་གླིང་དུ་འབྱོན་དགོས་ཀྱི་འདུན་པས་ཀུན་ནས་བསླངས་ཏེ་དབུས་འགྱུར་ཆོས་ལྗོངས་སུ་ཕེབས་/།  ཅེས་གསུང་བ་དང་།  བིས་མདོ་བཀྲ་ཤིས་ཐོས་བསམ་ཆོས་འཁོར་གླིང་གི་འགའ་དྭགས་སྤྲུལ་སྐུ་[ངག་དབང་དགེ་འདུན་]གྱིས་བརྩམས་པའི་[འཇམ་དབྱངས་ཆོས་ཀྱི་རྒྱལ་བོ་ངག་དབང་དགེ་འདུན་ཟླ་བ་གྲགས་པ་དཔལ་བཟང་བོའི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་ངོ་མཚར་གསེར་གྱི་སྒོ་མང]་ལས།  /རབ་བྱུང་བཅུ་གཅིག་པ་ལྕགས་ཡོས་བོང་བུའི་ལོ་སྟེ་སྤྱི་ལོ་ ༡༦༥༡ ལོར་སྔགས་འཆང་འཇམ་པའི་དབྱངས་འཁྲུངས་པ་དང་།  རབ་བྱུང་བཅུ་གཉིས་པའི་ཤིང་རྟ་རྣམ་རྒྱལ་ལོ་སྟེ་སྤྱི་ལོ་༡༧༡༤་ལོར་འཇམ་དབྱངས་བློ་གྲོས་མཆོག་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པའི་སྟེང་ལཱ་མོ་བདེ་ཆེན་དུ་ཕེབས་དུས།  མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་ཁོང་དགུང་ལོ་ཉི་ཤུ་རྩ་བདུན་གྱི་སྟེང་དུ་རྗེ་སྔགས་འཆང་བའི་དྲུང་དུ་བཀའ་ཆོས་ཅི་རིགས་དང་འགྲེལ་བ་བཞི་སྦྲགས་སོགས་གསན/་ཞེས་པའི་ལུགས་གཉིས་བྱུང་སྟེ། སྔ་མའི་ལུགས་ལྟར་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་མཆོག་དགུང་ལོ་བཅུ་བདུན་ལ་དབུས་སུ་ཕེབས་པར་བཤད་པ་དེ་བདེན་ན།  དགུང་ལོ་ཉི་ཤུ་རྩ་གྲངས་ཤིག་ཏུ་མདོ་སྨད་རང་ཡུལ་དུ་ཕེབས་ཏེ་ལཱ་མོ་བདེ་ཆེན་དང་གཡེར་གཤོང་དུ་སྔགས་འཆང་པ་ལས་བཀའ་ཆོས་མང་དུ་གསན་ནས་ཕྱིར་དབུས་སུ་ཐེངས་གཉིས་པ་ཕེབས་ཏེ་དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས་དགོས་པ་དང་།  ཕྱི་མའི་ལུགས་ལྟར་ན་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་དགུང་ལོ་ཉི་ཤུ་རྩ་བརྒྱད་སྟེང་དབུས་སུ་ཕེབས་ཏེ།   མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུད་དེ་གཙང་ཕྱོགས་དཔལ་འཁོར་ཆོས་སྡེའི་ཆེན་པོའི་མཁན་པོར་བཞུགས་བཞིན་པའི་སྐབས།  སྔགས་འཆང་འཇམ་པའི་དབྱངས་དགུང་གྲངས་བརྒྱ་ཅུ་གྱ་བདུན་གྱི་སྟེང་དུ་ཞི་བར་གཤེགས་པ་དང་དུས་ཤིན་ཏུ་འགྲིགས་པ།  རྗེ་དེ་ཉིད་ཀྱིས་མཛད་པའི་[རྟོགས་བརྗོད་བྱིན་རླབས་འདོད་འཇོ་]དང་།  བླ་མ་རིན་པོ་ཆེ་རིགས་པའི་བློ་གྲོས་ཀྱིས་མཛད་པའི་[བསྟན་རྩིས་ཀུན་ལས་བཏུས་པ་]གཉིས་བསྡུར་ན་ཤིན་ཏུ་གསལ་པས་ཕྱི་མ་འདི་འཐད་པར་སྣང་སྟེ།   སྔ་མའི་ཁུངས་གང་ཡིན་ལེགས་པར་བརྟག་དགོས་སོ། །

དེ་ནས་མགོན་པོ་གང་གི་འཕྲིན་ལས་འོད་ཟེར་གྱི་སྣང་བ་གངས་ལྗོངས་འཛིན་མའི་མཐའ་རུ་བརྡལ་བའི་ཕྱིར་དང་།  དམ་པའི་ཆོས་ཀྱི་སྐྱེས་ལེན་པའི་ཆེད་དུ་དགུང་ལོ་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་དུ་དབུས་གཙང་ཆོས་ཀྱི་དགའ་ཚལ་དུ་བྱོན།  གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དུ་གཞུང་གསར་ནས་བཞུགས་ཏེ།  མཁས་པ་དུ་མའི་ཞབས་པད་ཡུན་རིང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་མི་འཇིགས་པའི་གདེངས་ཐོབ།  ཚིག་ལ་ཆེ་ཆེར་ཞེན་པའི་རྟོག་གེ་བའི་རྒོལ་བ་ཀུན་གྱི་སྤོབས་པ་རྨེག་མེད་དུ་བཅོམ་ཞིང་།  དོན་ལ་རྟོན་པའི་དཔྱོད་ལྡན་མཁས་པའི་ཚོགས་ལ་རིགས་ལམ་དྲི་མ་མེད་པའི་སྐྱེས་བཟང་བཀའ་དྲིན་དུ་བསྩལ།   ལུང་རིགས་ཀྱི་རླབས་ཕྲེང་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོའི་མཐའ་རུ་འཕྱོ་བས།  ཉིན་ཞིག་དེ་དུས་ཀྱི་རིག་པའི་ཡང་རྩེར་སོན་པ་བསམ་བློ་མི་ཐུང་བསོད་ནམས་རྒྱལ་མཚན་ཞེས་གངས་ལྗོངས་འཛིན་མའི་དཀྱིལ་འཁོར་དུ་གྲགས་སྙན་གྱི་བ་དན་བླ་ན་གཡོ་བ་དེ་ཉིད་ཆེད་གཉེར་གྱིས་དམ་བཅར་ཕེབས།  སྐྱོར་དཔོན་ཚོགས་ལངས་སུ་བཞེངས་པས།  ཁོང་གིས་ཁྱེད་རང་སྡོད་འདི་ན་གསར་བ་ངར་བོ་ཞིག་ཡོད་པས་དེ་ལོངས་གསུངས་པས།   འཇིགས་པ་མེད་པའི་ང་རོས་ཕྱོགས་ཀུན་རྒོལ་བའི་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོས།  ལུང་རིགས་ཀྱི་ལམ་ནས་དཔལ་ལྡན་ཐལ་འགྱུར་བའི་བཞེད་སྲོལ་དང་ཕྱོགས་ཆོས་ཡབ་སྲས་ཀྱི་ཚད་མའི་རིགས་སྟོབས་ཀྱི་སྟེང་ནས་བགྲོ་གླེང་བཏང་སྟེ་ཕན་ཚུན་མཁྱེན་རབ་ཀྱི་རྩལ་དྲངས་པས་གྲྭ་ཇ་ཡང་རེ་ཞིག་ཚོགས་མ་ཐུབ་པ་ནི།   ཇི་སྐད་དུ།  [སྐྱེས་རབས་ལས]། /ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ནའང་མཁས་པ་མགུ་བར་འགྱུར/། །ཞེས་པ་ལྟར་མི་ཐུང་བསོད་ནམས་རྒྱལ་མཚན་གྱིས་རྗེ་བཙུན་བླ་མ་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཕྱག་ནས་འཇུས་ཏེ།  /དམ་པ་ཁྱེད་ཀྱི་ཡོན་ཏན་འདི་སྐྱེ་བ་གཅིག་ལ་སྦྱངས་པ་མ་ཡིན་གྱི་སྐྱེ་བ་སྔོན་ནས་གོམས་གོམས་པ་ཞིག་ཡིན་པ་གདོད་མི་ཟའོ/། །ཞེས་གསུངས་ནས་བསྔགས་བརྗོད་ཀྱི་བསྟོད་ཚིག་མང་དུ་གནང་བ་ནི་ཡ་རབས་ཀྱི་སྐྱེ་བོ་བློ་གཟུར་བོར་གནས་པའི་སྐད་ཆ་རེད། འོན་ཀྱང་དེང་དུས་ཀྱི་མཁས་པ་ལ་ལས་རང་རང་གི་དགོན་པའི་ལོ་རྒྱུས་དང་གདན་རབས་བླ་མའི་རྣམ་ཐར་སོགས་བྲིས་པའི་ནང་དུ་བླ་མ་དེ་དག་གི་མཁན་པོ་དང་སློབ་དཔོན་དུ་གྱུར་པའི་དཔལ་ཆོས་མཁན་པོ་འཇམ་དབྱངས་རྒྱ་མཚོ་མཆོག་གི་མཚན་ཙམ་ཡང་བཀོད་མེད་པ་ནི་རྩོམ་པ་པོ་དེ་དག་ལ་མཚན་སྙན་གྲགས་དང་དབང་ཐང་གོ་གནས་ཀྱི་མིང་སྟོང་སྐམ་པོ་ཞིག་ལས་ངེས་དོན་གྱིས་བླ་མའི་བླ་མར་གྱུར་བའི་དམ་པ་འདིའི་རྒྱུ་མཚན་ཅི་ཡང་མ་བྲིས་པར་སྣང་མེད་དུ་བཞག་པ་ནི་སྒེར་ཤེད་དང་ཕྱོགས་ཞེན་གྱིས་བསླད་པ་རེད་འདོད།

དེ་ནས་མཉམ་མེད་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་མངའ་བདག་ཆེན་པོ་སྣང་བ་མཐའ་ཡས་པན་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་བཞེས་ཤིང་མདོ་སྔགས་ཀྱི་བཀའ་ཆོས་མང་བོར་གསན་བསམ་བཞེས་པར་མ་ཟད། པན་ཆེན་མཆོག་ལ་ལམ་རིམ་བདེ་ལམ་དམར་ཁྲིད་མྱུར་ལམ་ཞུ་བ་པོ་ཡིན་ཞེས་དམ་པའི་ཞལ་ལས་ཐོས།  གཞན་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་མཐའ་དག་ལ་འཇིགས་པ་མེད་པའི་སྤོབས་པ་ལྷན་སྐྱེས་སུ་མངའ་བ་ཞོག་དོན་ཡོན་མཁས་གྲུབ་དང་།   ལམ་གཙོ་གསུམ་གྱི་ཡོན་ཏན་མ་ལུས་པར་ཐུགས་སུ་ཆུབ་ཅིང་གཅིག་ཏུ་བསྟན་པ་དང་འགྲོ་བ་རྣམས་ཀྱི་ཕན་བདེ་ཡིད་ལ་བརྣགས་པའི་འཇམ་དབྱངས་བདེ་བའི་རྡོ་རྗེ།   བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་ཞིང་མཁས་མང་ཀུན་གྱི་གཙུག་གི་རྒྱུན་དུ་གྱུར་བ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའང་ཆོས་འབྲེལ་ཡོད་པ་རྒན་རབས་པ་རེ་གཉིས་ཀྱིས་ངག་ལས་ཐོས་ཀྱང་ཁ་ཚོན་གཅོད་མི་ཐུབ་ཀྱང་།  ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་བོ་སྣང་ར་ནས་འཁྲུངས་པ་དེའི་སྐུ་མདུན་དུ་མཁན་ཆེན་ཁོང་དངོས་སུ་ཕེབས་ཏེ་སྤྱན་ཆབ་དང་བཅས་ཞུ་བ་ནན་གྱིས་ཕུལ་ནས་དབུས་སུ་སློབ་གཉེར་དུ་ཕེབས་པར་བསྐུལ་བ་ལ་བལྟས་ན་ཀུན་མཁྱེན་གོང་མ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲོས་དང་མཁན་ཆེན་རྣམ་གཉིས་ལ་ཆོས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་གཞི་ནས་རྟོགས་ཐུབ།   དམ་པ་དེ་དག་ལས་ཐ་སྙད་རིགས་པའི་གཞུང་ལུགས་སྤྱི་དང་།  སྒོས་སུ་བྱམས་པའི་བསྟན་བཅོས་ཆེན་པོ་ལྔ་དང་།  རྩ་འཇུག་བཞི་གསུམ་དང་མངོན་པ་གོང་འོག་སོགས་མདོ་ཕྱོགས་ཀྱི་བཀའ་པོད་མ་ལུས་པ་དང་། འཇའ་ལུས་རྡོ་རྗེའི་སྒྱུ་མའི་སྐུ་སྒྲུབ་ཚུལ་རྩལ་དུ་བཏོན་པ་ཕ་རྒྱུད་བྱེ་བ་ཕྲག་དྲུག་གི་ཟབ་གནད་ཡོངས་སུ་རྫོགས་པ་དཔལ་གསང་བ་འདུས་པ་དང་།   འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་ཚུལ་རྩལ་དུ་བཏོན་པ་མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཅུ་དྲུག་གི་ཟབ་གནད་ཡོངས་སུ་འདུས་པ་འཁོར་ལོ་བདེ་མཆོག་གི་སྐོར། ཐབས་ཤེས་གཉིས་མེད་ཀྱི་འཕྲུལ་འཁོར་ཇི་སྙེད་པའི་སྙིང་བོ་རྩལ་དུ་བཏོན་པ་བཅོམ་ལྡན་འདས་མ་ཧེ་ཞལ་ཅན་དང་།  སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྒྲུབ་ཚུལ་རྩལ་དུ་བཏོན་པ་དཔལ་ལྡན་རྒྱུ་སྐར་གྱི་བདག་པོ་དུས་ཀྱི་འཁོར་ལོ་ལ་སོགས་པའི་མཁས་པའི་བསླབ་འོས་ཀྱི་རིག་པའི་པའི་གནས་ཡོད་དོ་ཅོག་ལ་ཉིན་མཚན་ཁོར་མི་ཡུག་ཏུ་གསན་སྦྱོང་བླ་ན་མེད་པ་མཛད་པས་རྣམ་དཔྱོད་མཁྱེན་རབ་ཀྱི་གསེར་མིག་ཡོངས་སུ་རྫོགས།  ཁྱད་པར་མཁས་མང་གཙུག་གི་ཅོད་པན་དུ་གྱུར་ཅིང་ཉམས་དང་རྟོགས་པའི་ཀློང་བརྡོལ་བའི་རྒྱུད་སྨད་མཁན་པོ་དགེ་འདུན་ཕུན་ཚོགས་ཀྱི་ཞལ་སྔ་ནས་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་དཀའ་གནད་མང་བོ་གསན།  ཆོས་མཚམས་སུ་སྐུ་མདུན་དུ་ཕེབས་ནས་དོགས་གནས་མང་བོ་ཞུས་པས།  ཁོང་གིས་/ཁྱོད་མགོ་མ་འཚོས་གོང་ནས་ཀླད་པ་བརྙབ་ནས་ཅི་བྱེད་/གསུངས་པར།   /ང་དབུས་སུ་མ་ཡོང་གོང་ནས་ཀླད་པ་ཚོས་ཚར་ཞུས།  དོགས་གནས་ལ་ལན་གསུང་བ་རྣམས་ལ་ངར་ངར་བྱས་ནས་བགྲོ་གླེང་ཕུལ།   ཐལ་མོ་བརྡབས་པས་སྒོ་མང་ན་གསར་བ་ངར་བོ་ཞིག་ཡོད་པ་དེ་ཁྱོད་ཨེ་ཡིན་གསུངས་པས།  ཡིན་ཞུས་པར།  ཁྱོད་ཀྱི་ང་རྒྱལ་འདི་གཟུགས་སུ་གྲུབ་ན་ཁང་བ་འདིའི་ནང་དུ་ཤོང་མི་འདུག་ང་རྒྱལ་མ་བྱེད་གསུངས་ནས་ཊཾ་ཀ་ཁ་ཤས་གནང་/ཞེས་བཤད་ཡོད། འོན་ཀྱང་མཁས་པའི་ཡོན་ཏན་དང་རྣམ་དཔྱོད་ཀྱི་རྩལ། ལུང་རིགས་ཀྱི་རྦ་རླབས་འཕྱོ་བའི་ཚུལ་ལ་རང་འཛིན་ང་རྒྱལ་གྱི་ཐ་སྙད་ཆགས་མིན་བློ་གྲོས་དྭངས་ཤིང་གཟུར་བོར་གནས་པ་དག་གིས་དཔྱད་པར་འཚལ། འདིའི་སྐབས་ཀྱི་དོགས་གནས་སྐྱབས་འགྲོའི་ཐད་ཀྱི་སྐྱབས་སུ་འོས་པའི་རྒྱུ་མཚན་བཞི་སངས་རྒྱས་ལ་མངའ་ན་ཆོས་དང་དགེ་འདུན་གཉིས་ལ་དེ་བཞི་ཚང་མི་ཚང་། ཉན་རང་གཉིས་ཀྱི་རྒྱུད་ན་སྙིང་རྗེ་ཆེན་པོ་ཡོད་མེད་དང་། 

སྙིང་རྗེ་ཆེན་པོ་མེད་ན་ཕྱི་རོལ་པའི་སྙིང་རྗེ་དང་ནང་བ་གཉིས་ཇི་ལྟར་འབྱེད་དགོས་པའི་སྐོར་དང་།  སྡེ་བ་བཞི་བོས་བདག་མེད་མི་འདོད་པ་འདྲ་ཡང་གྲུབ་མཐའ་འོག་མ་གསུམ་གྱི་རིམ་བཞིན་རྣམ་ཤེས་དང་རྫས་གྲུབ་དང་ཡང་ན་བདེན་གྲུབ་དང་སེམས་ཀྱི་བདག་ཉིད་ཙམ་འཐད་པས་དེ་དག་གིས་འདོད་ཚུལ་དེ་དབུ་མར་གནས་ཡོད་མེད།  མདོའི་ལུགས་ཀྱིས་ས་བཅུའི་དེ་བཞིན་གཤེགས་པ་ཞེས་གསུངས་ཡོད་པ་དེ་དེ་བཞིན་གཤེགས་པས་ཐུགས་སུ་ཆུབ་པ་ཡིན་མིན་གྱི་སྐོར།  བསྐྱེད་རིམ་ཕྲ་མོའི་སྐབས་སུ་ཕྱག་རྒྱ་བསྟེན་པ་ཡོད་ན་དེ་རྫོགས་རིམ་གྱི་རྟོགས་པ་ཡིན་མིན།  ངག་དབེན་དང་སེམས་དབེན་གཉིས་ཀྱི་སྐབས་སུ་རླུང་སྙིང་ཁའི་དྷི་ཏི་དང་མི་ཤིགས་པ་ལ་ཇི་ལྟར་ཐིམ་པའི་ཁྱད་པར། སྒྱུ་མའི་སྐུའི་སྒྲུབ་གཞི་གང་ལ་བརྟེན་དགོས་པའི་སྐོར་དང་། སྟོང་བ་བཞི་བ་དང་དོན་གྱི་འོད་གསལ་གཉིས་གཅིག་མི་གཅིག་སོགས་ནི་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་ཁོང་གི་འདྲི་གཞི་ཁོ་ན་ཡིན་པར་འདོད།   

གཞན་ཡང་སེ་ར་དང་དགའ་ལྡན་རྭ་སྟོད་སོགས་སུ་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱི་རྩེ་མོར་ཟོན།   སྐབས་དེར་རྭ་སྟོད་པའི་དགེ་བཤེས་ཅེས་མཁས་པའི་གྲགས་པ་དབུས་གཙང་གི་ཁྱོན་ལ་ཁྱབ་ཅིང་ལུང་རིགས་ཀྱི་ངར་སྐད་ཕྱོགས་མེད་དུ་སྒྲོག་བཞིན་པའི་མཁས་པ་དེ་དང་བརྩད་པའི་སྐབས། དམ་པ་འདི་ཉིད་ཀྱིས་དཔལ་ཆོས་ཀྱི་གྲགས་པ་ཡབ་སྲས་ཀྱི་ཚད་མའི་རིག་སྟོབས་ཀྱི་ལམ་ནས་དྲངས་ཏེ་དྲིས་པ་གཏིང་ཟབ་ལ་རྒྱ་ཆེ་བ་རེ་རེ་ནས་འཕངས་པས།  ཁོས་འཛིན་ཚུལ་ནོར་བ་དང་ལན་རེ་རེ་ནས་འདེབས་རྒྱུ་མེད་པར་གྱུར་བས།  ཁོང་གིས་/ང་སེང་གེ་ལ་ངར་སྐད་མ་གྲག་གོང་དུ།  ཁྱོད་རྭ་སྟོད་པའི་ར་ལྤགས་ལ་ཁྱོག་སྐད་གྲག་/ཅེས་གསུངས་ནས་མཁྱེན་རབ་ཀྱི་རིག་པ་རྣོན་པོའི་མཚོན་ཆས་ཕམ་པར་མཛད།  རྭ་སྟོད་དགེ་བཤེས་ཀྱི་ཐོབ་དང་ཡང་ན་ཆེས་པའི་མཚོན་རྟགས་སུ་བཞུགས་གདན་ཁ་གང་མ་མང་བོ་ཁས་ལེན་རེ་རེ་ནས་ཤོར་བས་གདན་རེ་རེ་བླངས་པའི་མཐར་ཁོང་ས་ལ་བཞུགས་དགོས་པར་ཐུག་པས་ན།  རྩོད་པའི་ལ་རྒྱའི་དམ་བཅའ་ཤོར་བ་ལ་ཞལ་གནོངས་ཏེ་དཔལ་ལྡན་ལྷ་མོར་གཏད་པས།  མཁན་ཆེན་དམ་པའི་སྐུ་ཕྲེང་གཞུག་མ་རྣམས་སྐུ་ཚེ་དེ་འདྲ་རིང་བོ་མི་ཡོང་བའི་རྒྱུ་མཚན་དེ་ཡིན་པར་གྲགས། 

བླ་མ་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་/རྭ་སྟོད་པའི་དགེ་བཤེས་ཁོང་ས་ཐོབ་པའི་གང་ཟག་ཁྱད་པར་བ་ཞིག་ཡིན་པས།  མོག་ཀྱཱ་འཇམ་དབྱངས་རྒྱ་མཚོས་གསུང་རྣོན་པོ་དང་རྩུབ་པོ་དེ་འདྲ་བཏང་བས་ལན་པ་ཡིན་/།   ཞེས་གསུངས་པ་ལུགས་གཉིས་ལ་རྣམ་དཔྱོད་ཀྱི་འཇུག་པ་མཁའ་ལྟར་ཡངས་པའི་གཅན་ཚའི་ཁྲི་ཀའི་ཨ་ལགས་འཕྲིན་གྱི་བདག་ལ་དངོས་སུ་གསུངས།  ཡིན་ན་ཡང་རྭ་སྟོད་དགེ་བཤེས་དང་ཁོང་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་གཉིས་ཀ་ས་ཐོབ་པའི་བྱང་སེམས་ཡིན་པ་འདྲ་ན་ཡང་/བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔལ་ལ་སེམས་ཁྲོས་ནས་རྩོད་པ་བརྩམས་ན་ཉེས་པ་ཡོད་པ/ར་བླ་མ་འཇམ་པའི་དབྱངས་དངོས་ཙོང་ཁ་བ་ཆེན་པོས་གསུངས་ཡོད་པས།  མོག་ཀྱཱ་ཚང་གིས་ཚིག་རྩུབ་སྨྲ་བའི་སྟབས་ཀྱིས་ལོས་ཡིན་འདོད།  དེ་ལྟར་མཁས་པ་གྲགས་པ་འཛིན་མའི་ཁྱོན་ལ་མཚན་སྙན་གྱི་འབྲུག་སྟོང་ལྡིར་བས།  གངས་ཅན་མཁས་པ་རྣམས་ཀྱིས་ཀྱང་ཐུགས་ཡིད་འཕྲོག་ཏེ་དད་པས་ཕྱག་སོར་ཐལ་མོ་སྦྱར་ཏེ་ལེགས་སོས་བསྟོད་དབྱངས་ཀྱི་མེ་ཏོག་གཏོར་བཞིན་གཙང་ཕྱོགས་དཔལ་འཁོར་ཆོས་སྡེ་ཆེན་པོའི་སེང་གེ་ཁྲི་ལ་དགུང་ལོ་བཞི་ཅུ་ཞེ་གསུམ་བཞེས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་༡༧༣༠་ལོར་ཞབས་སེན་གྱི་རི་མོ་བཀོད་དེ་འཇིག་རྟེན་ཀུན་གྱི་ཡོན་གནས་ཆེན་པོ་མོག་ཀྱཱའི་མཁན་ཆེན་མ་ཧཱ་པཎ་ཊི་ཏ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་ཞེས་སྙན་པའི་གྲགས་པ་དབུས་གཙང་ཐེག་ཆེན་ཆོས་ཀྱི་ཞིང་ཁམས་ཡོངས་སུ་ཁྱབ། 

གཙང་ཕྱོགས་དཔལ་འཁོར་ཆོས་སྡེ་ཆེན་པོའི་དགོན་པ་འདི་ལ་གྲྭ་ཚང་བཅུ་བདུན་ཡོད་ཅིང་།  དགེ་ལུགས་པའི་གྲྭ་ཚང་བདུན།   ས་སྐྱའི་ལུགས་ཀྱི་གྲྭ་ཚང་བཞི།  ཞ་ལུའི་ལུགས་ཀྱི་གྲྭ་ཚང་གཅིག  དུས་འཁོར་གྲྭ་ཚང་བཞི།  ས་དགེ་ཐུན་མོང་གི་གྲྭ་ཚང་གསེར་ཁང་འོག་མ་སྟེ་བཅུ་བདུན་ནོ། །

སྨྲས་པ།

གང་གི་གསང་གསུམ་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པའི་ཁྱེའུ་ཆུང་སྦྲུམ་པའི་སྙན་པ་ཅན། །

མདོ་སྨད་མོག་ཀྱཱ་དགའ་མའི་ལྟོ་བ་ནས། །མཚན་དཔེའི་ལང་ཚོ་ཀུན་གྱི་དཔལ་དུ་ཤར། །

དེ་ཚེ་ཚོགས་གཉིས་བསགས་པའི་རླབས་ཕྲེང་གིས། །ངེས་འབྱུང་ཐར་བའི་ཕྱོགས་སུ་ལེགས་བསྐུལ་ཏེ། །

རབ་བྱུང་ཁྲིམས་ལྡན་ཤཱཀྱའི་རྒྱལ་བོའི་སྲས། །འཇམ་དབྱངས་རྒྱ་མཚོའི་མཚན་གྱི་སྙན་པ་འབར། །

ཕྱོགས་ཆོས་ཡབ་སྲས་རིག་པའི་མཚོར། །རྣམ་དཔྱོད་རྩལ་རྫོགས་གསེར་མིག་ཉས། །

ཟབ་དོན་འཚོལ་བར་ལྷན་སྐྱེས་ཀྱི། །ཚངས་སྲས་ལྷ་མོ་ཁྱོད་གྲོགས་གྱུར། །

ཚིག་སྐམ་འཁྲུལ་བར་འཆལ་བའི་གཉིས་འཐུང་ཚོགས། །གངས་ལྗོངས་སྐྱེད་ཚལ་དོ་རར་ཁྱབ་པའི་ཚེ། །

སྨྲ་བའི་སེང་གེའི་ངར་སྐད་གཅིག་གིས་ཀྱང་། །ཆེ་ཆེར་སྙེམས་པའི་སྣ་ཞགས་ས་ལ་འཕངས།

མཁས་པའི་གྲགས་པ་རྔ་བོ་ཆེ། །སྲིད་གསུམ་རྩེ་མོར་བརྒལ་བ་ན། །

སྨྲ་མཁས་དྲོང་སྲོང་བླ་མ་དེ། །སྐྱེངས་ནས་སྐབས་གསུམ་ཚལ་ན་ཡིབ། །

ཆོས་ཀུན་མཁྱེན་པའི་ཤེས་རབ་རལ་གྲི་ཡིས། །མདོ་རྒྱུད་མན་ངག་རྒྱ་མཚོའི་མཐར་ཟོན་ཏེ། །

མཁས་པའི་བསྟི་གནས་དཔལ་འཁོར་བདེ་ཆེན་གྱི། །གཙུག་རྒྱན་མཁན་པོ་དམ་པའི་ཁྲི་ལ་བཞུགས། །

ཞེས་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་ནས་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཏེ་དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས་པའི་ཚུལ་བརྗོད་པ་སྟེ་གཉིས་པའོ། །

གསུམ་པ།  

བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པ་ནི།  དེ་ཡང་སྒྲ་དབྱངས་ལྷ་མོ་རིག་པའི་གྲོགས་སུ་གྱུར་པ་དཔལ་ཆོས་མཁན་ཆེན་མོག་ཀྱཱ་འཇམ་དབྱངས་རྒྱ་མཚོ་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་གྱི་མཁན་པོར་བཞུགས་ནས་ལོ་བཞི་བ་ཆུ་གླང་ལོ་སྟེ་སྤྱི་ལོ་༡༧༣༣་ལོར་དམ་པ་འདིའི་རིགས་ཀྱི་ཅོད་པན་དུ་གྱུར་བ།  ས་གསུམ་ན་འགྲན་ཟླ་མེད་པའི་མཁས་གྲུབ་ཆེན་པོ་སྔགས་འཆང་འཇམ་དབྱངས་བློ་གྲོས་མཆོག་དགུང་ལོ་བརྒྱད་ཅུ་གྱ་གསུམ་བཞེས་པའི་ལོ་དེར།  /གཙང་ཕྱོགས་དཔལ་འཁོར་ཆོས་སྡེ་ནས་སྐུའི་འཚམས་ཞུ་དང་སྐྱབས་འཇུག་ཞུ་མཆིད་ཀྱི་ཕྱག་ཡིག་སྐྱེས་དང་བཅས་པ་བསྐུར་ཀྱང་།  དེ་དུས་རྗེ་སྔགས་འཆང་འཇམ་པའི་དབྱངས་དགོངས་པ་གཞན་དུ་གཏད་པ་ལ་ཉེ་བའི་སྐབས་ཡིན་པས།  རྗེ་སྔགས་རམས་པའི་སྙན་དུ་ཕུལ་བ་དང་།  ལྷག་པར་དཔོན་པོ་རམས་འབྱམས་པའི་ཞལ་ནས།  མོག་ཀྱཱ་མཁན་པོ་འཇམ་དབྱངས་རྒྱ་མཚོ་ཉིད་ནས་བླ་མ་ཁྱེད་ཀྱིས་གང་གསུངས་པ་བདག་གིས་བསྒྲུབ་པའི་ཐུགས་མདུན་བདོག་ཅེས་ཞུས་པས།  རྗེ་སྔགས་རམས་པས།  དེ་ཤིན་ཏུ་ལེགས།  ལྔ་ཅུ་བ་ལས།  ཕན་པའི་ལན་དུ་མཆོད་པར་བྱེད་པ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །གསུངས་ནས་འདིར་གདན་འདྲེན་ཐུབ་ན་འབྱོན་ལེ་ཆེ་གསུངས་ནས་ཐུགས་དགྱེས་དགྱེས་མཛད་/ཅེས་[འགའ་དྭགས་ངག་དབང་དགེ་འདུན་]གྱིས་གསུངས།

དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས་པ་ནས་གདུལ་བྱ་ཕྱོགས་དང་རིས་སུ་མ་ཆད་པ་གྲངས་མེད་པ་རྣམས་ལ་རང་རང་གི་འདོད་མོས་ལྟར་མདོ་དང་སྔགས་ཁྱད་པར་དཔལ་ལྡན་འདུས་པའི་སྒྱུ་ལུས་ཇི་ལྟར་བསྒྲུབ་པ་དང་གཞི་གང་ལ་བརྟེན་དགོས་པ།  མ་དག་པའི་སྒྱུ་མའི་ལུས་དེ་སྟོང་བ་གང་གིས་སྦྱང་དགོས་པ།  སྦྱངས་པའི་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་ལས་གྲུབ་པའི་དག་པའི་སྒྱུ་མའི་སྐུ་དང་།  སེམས་ཤིན་ཏུ་ཕྲ་བའི་འོད་གསལ་གཉིས་གཞི་གཅིག་ཏུ་ཇི་ལྟར་འདུ་བའི་ཚུལ་མཁས་པ་གཞན་གྱིས་གྲོལ་མ་ཐུབ་པའི་མན་ངག་ཟབ་ཅིང་རྒྱ་ཆེ་བ་རྣམས་ལུང་རིག་རྣམ་དག་གིས་བརྒྱན་ནས་གསུངས་པས་ས་གསུམ་ན་ཟླ་མེད་པའི་མཁས་པའི་གྲགས་པ་འབར། གཙང་ཕྱོགས་སུ་མཁན་པོར་བཞུགས་པའི་རིང་ལའང་རང་ཉིད་མདོ་སྔགས་རིག་གནས་ཆོས་རྒྱུན་མཐའ་ཡས་པས་ངོམས་པ་དང་ཚིམས་པའི་གོ་སྐབས་མེད་ཅིང་།  གདུལ་བྱ་གཞན་དག་རྣམས་ལའང་དབང་བོ་རྣོ་རྟུལ་གྱི་མོས་ངོར་དང་བསྟུན་པའི་སྒོ་ནས་དོན་བྱ་བ་བཅུ་གཅིག་གིས་གང་མ་སྨིན་པ་རྣམས་སྨིན་པ་དང་།  སྨིན་པ་རྣམས་གྲོལ་བར་མཛད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར།

མཁན་ཆེན་དབུས་གཙང་ཆོས་ཀྱི་དགའ་ཚལ་དཔལ་ལྡན་འབྲས་སྤུངས་སུ་བཞུགས་པའི་ཚེ།  སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་དང་།  གཡུ་ངོགས་ཆོས་རྗེ་དགེ་འདུན་མཁས་གྲུབ་ཀྱི་ཡང་སྤྲུལ་མཁས་པ་ཆེན་པོ་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱིས།  མོག་ཀྱཱའི་མཁན་པོའི་ཞབས་ལ་གཏུགས་ཏེ་ཟབ་རྒྱས་ཀྱི་གདམས་པ་མང་དུ་བཞེས།  དེ་ལྟར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཁན་ཆེན་གྱི་གོ་ས་དང་མཚན་རྟགས་ཚགས་མེད་རང་བཞིན་གྱིས་ཐོབ་པ་ནི་མཁས་པའི་ཡོན་ཏན་གྱི་ཡང་རྩེར་སོན་ཏེ་བཞེས་པ་ལས།  དེང་དུས་ཀྱི་བླ་སྤྲུལ་མོ་ལུང་ལ་བརྟེན་ནས་དམ་པའི་ཁྲི་སྟེགས་སུ་བསྡད་པ་ལྟ་བུ་མ་ཡིན་ནོ། དེ་ནས་ནམ་ཞིག་གི་ཚེ་གང་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་འབད་མེད་དུ་བཞེས་པའི་སྣང་མཐའི་ཟློས་གར་ཀུན་གཟིགས་པན་ཆེན་བློ་བཟང་ཡེ་ཤེས་དང་མཆོག་དང་ལྷ་ཆེན་པོ་ཚངས་པ་དུང་གི་ཐོད་ཅོག་ཅན་རྣམ་གཉིས་ཀྱི་ཞལ་སྔ་ནས།  བཀའ་གདམས་བསྟན་པའི་གསལ་བྱེད་ཇོ་འབྲོམ་ཡབ་སྲས་ཀྱི་གདན་ས་ཁྱད་པར་ཅན་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་དང་ཀུན་ཏུ་ཆ་མཚུངས་པའི་གནས་མཆོག་ཅིག་ཏུ་དགོན་པ་བཏབ་ན་བསྟན་པ་དང་འགྲོ་བའི་ཕན་བདེའི་སྲོག་གི་རྩ་ལག་ཏུ་འགྱུར་བར་རྡོ་རྗེ་ཚིག་གིས་ལུང་བསྟན་པ་བཞིན།  རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་༡༧༣༧་ལོར་མདོ་སྨད་རང་ཡུལ་དུ་ཞབས་བཏེགས།  [གསར་དུ་བསྒྲིགས་པའི]་ངང་རུང་གི་ལོ་རྒྱུས་ཤིག་གི་ནང་དུ་/ལམ་བར་དུ་མཚོ་སྔོན་དབུས་གཞུང་དུ་ཕེབས་ཏེ་དེ་གའི་སྐྱེས་པོའི་ཚོགས་མང་བོ་ལ་ཕྱག་དབང་དང་ཆོས་ཀྱི་གོ་སྐབས་བསྩལ་/ཞེས་བྲིས་འདུག་ཀྱང་ས་གནས་དེ་གའི་དགོན་པའི་གདན་རབས་དང་རུ་སྡེ་ཚོ་བའི་ལོ་རྒྱུས་མ་ཟད་རྒན་རབས་པ་རྣམས་ཀྱི་ངག་སྒྲོས་སུ་ཅི་ཡང་བཤད་རྒྱུ་མེད་པས་དེ་ནི་འོད་ཚོད་དུ་བཤད་པར་སྣང་།  སྨྲ་བའི་དབང་ཕྱུག་ཀོའུ་བ་ཆོས་རྗེའི་ཡང་སྤྲུལ་ཚང་ལ།  ངེད་འདི་ནས་དགོན་པ་ཞིག་འདེབས་རྒྱུའི་བསམ་པ་ལ།  ཆོས་རྗེ་ཉིད་ནས་བཀའ་དྲིན་སྐྱོངས་ཞེས་རྟ་གཅིག་དང་སྣམ་ཕྲུག་སོགས་དངོས་པོ་སྤོམ་མཐོ་བ་ཕུལ་ཏེ་ཞུས་པས།  སྨྲ་བའི་དབང་ཕྱུག་ཀོའུ་བ་ཆོས་རྗེ་ཡང་སྤྲུལ་ཚང་ནས།  དཔལ་ཆོས་མཁན་པོ་ཚང་ལ་མཁས་པ་ཆེན་པོ་ཁྱེད་ཉིད་ངེད་ཀྱི་དགོན་པའི་བླ་མར་བཞུགས་ཏེ་ཆོས་སྲིད་ཀྱིས་བདག་སྐྱོང་མཛད་དགོས་པའི་ཐུགས་རེ་མང་དུ་བཏོན་ཡང་།  མཁན་ཆེན་དམ་པས་ཞལ་བཞེས་མ་གནང་བར་དགུང་ལོ་ང་གཅིག་ས་རྟ་དུས་ཀྱི་ཕོ་ཉ་སྟེ་སྤྱི་ལོ་༡༧༣༨་ལོར་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་འདི་ཉིད་ཕྱག་འདེབས་མཛད་ཅིང་འཇིག་རྟེན་དཀར་ཕྱོགས་ལྷ་རྣམས་ཀྱིས་ཞབས་ཏོག་མཆོད་པའི་དངོས་པོ་ལྷུར་མཛད།

འཇམ་དབྱངས་བླ་མའི་སྣང་བརྙན་ཞལ་གཟིགས་ཀྱི་བཀོད་པ་ལྟར་མཛད་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རྣམས་གྲུབ་པའི་མཐར།  རབ་ཏུ་གནས་པའི་དགའ་སྟོན་གྱི་ཆོ་ག་མཛད་པའི་ཚེ།  ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམས་པས་བདུད་རྩིའི་གྲུ་ཆར་ཧུབ་ཀྱིས་འཐུང་ཆོག་པར་བབས་པ་ནི་སེམས་དཔའ་ཆེན་པོ་ཉིད་ཀྱི་རྣམ་པར་ཐར་བ་ཆེས་བླ་ན་མེད་པ་ཞིག་གོ །འདི་ནི་འུར་བསྟོད་དང་སྒྲོ་བཏགས་ཙམ་མ་ཡིན་པར་ལྔ་བརྒྱད་ཅེས་དུས་ཟིང་གི་སྐབས་དགོན་པའི་འདུ་ཁང་ནང་རྟེན་དང་བཅས་པ་གཏོར་བཤིག་གཏོང་སྐབས་དེར་འཁོད་པའི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱིས་མཐོང་བར་མ་ཟད།  དད་ལྡན་ཅན་རེ་གཉིས་ཀྱིས་བདུད་རྩི་བབས་པའི་ཤུལ་དང་དེའི་ལྡེབ་བྲིས་ཀྱི་རི་མོ་བླངས་པའི་ངེས་ནའང་དྲི་ཤིན་ཏུ་ཞིམ་པའི་བདུད་རྩི་དངོས་སུ་འཇལ་རྒྱུ་ཡོད།  དེ་ལྟར་ལྷ་ཁང་དཀྱུས་མ་འམ་ཡང་ན་མཐོང་གྲོལ་བཀྲ་ཤིས་གཟི་འབར་དང་།  འདུ་ཁང་བཅས་བརྟེན་དང་རྟེན་པ་ཡོངས་རྫོགས་ཚགས་མེད་རང་བཞིན་གྱིས་གྲུབ་པར་མ་ཟད།  རྣམ་གྲོལ་དགེ་འདུན་ཡང་བརྒྱ་ཕྲག་ལས་བརྒལ་བར་འདུས།  འདིར་ལོ་རྒྱུས་པ་ཁ་ཅིག་གིས་རང་ཅག་དགོན་པའི་མཚན་ལ་ང་རོང་དང་ལ་ལས་ངང་རོང་།  འགའ་ཞིག་གིས་གཡང་རོང་།  ནགས་རོང་ཞེས་མང་དུ་བཤད་ཡོད་ཀྱང་།  དངོས་ཀྱི་དོན་ཅི་ཡིན་པའི་དཔྱད་པ་ཞིག་གཏོང་འདོད་ཀྱང་ཚིག་ཚོགས་ཆེ་བས་འོག་ནས་བཤད་རྒྱུ་ཡིན།

དེ་ཡང་གངས་ལྗོངས་རིགས་པ་སྨྲ་བ་རྣམས་ཀྱི་ཁྱུ་མཆོག་མཁས་པ་དང་གྲུབ་པའི་གཙུག་རྒྱན་དཔལ་ཆོས་མཁན་པོ་མོག་ཀྱཱའམ་ངང་རུང་འཇམ་དབྱངས་རྒྱ་མཚོ་མཆོག   སྔགས་འཆང་འཇམ་དབྱངས་བློ་གྲོས་མཆོག་གི་ཐུགས་སྲས་མཆོག་ཏུ་གྱུར་བ་ཞིག་ཡིན་སྟབས།  རྗེ་སྔགས་རམས་པ་ཞལ་བཞུགས་པའི་ཚེ།  ངང་རུང་མཁན་པོ་ཉིད་ལ་ཕྱག་ཕྲེང་བྱིན་ཅན་ཞིག་གནང་ཡོད།  ལོ་དེར་རྗེ་སྔགས་རམས་པའི་ཡང་སྤྲུལ་དགུང་ལོ་ལྔར་སོན་པའི་ཁྲི་བཞུགས་ཀྱི་དགའ་སྟོན་སྐབས། རྗེ་བླ་མ་མཁན་ཆེན་མཆོག་གཡེར་གཤོང་བསམ་གཏན་གླིང་དུ་ཕེབས་ནས་མཆོག་སྤྲུལ་དགེ་འདུན་ཟླ་གྲགས་ལ་འཇལ་འཕྲད་ཐོག་ནས་ན་བཟའ་ཆ་ཚང་དང་གསོལ་དེམ་སོགས་ལེགས་སྐྱེས་དུ་མ་དང་།  བླ་མ་མཁན་ཆེན་གྱིས་བསྣམས་ཡོད་པའི་ཕྱག་ཕྲེང་སོགས།  མཆོག་སྤྲུལ་ཟླ་གྲགས་ཀྱིས་ངོས་འཛིན་མཛད་པས་ཐུགས་དད་ལྷག་པར་འཕེལ་ཏེ།  ཡབ་སྲས་མ་བུ་འཕྲད་པ་ལྟར་དགྱེས་ཚོར་ཆེན་པོས་གསུང་གླེང་ཡུན་རིང་མཛད་དེ།  བླ་མ་མཁན་ཆེན་མཆོག་ཕྱིར་རང་དགོན་དུ་ཕེབས།  སྤྱི་ལོ་༡༧༤༢་ཆུ་ཁྱི་ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་གདན་སར་བཀོད་པའི་ལོར།  བླ་མ་མཁན་ཆེན་དགུང་ལོ་ལྔ་ང་བཞེས་པའི་ལོ་དེར་རང་དགོན་གྱི་དགེ་འདུན་འདུས་མང་དང་གཞུག་མར་གནས་པའི་དོན་གཉེར་ཅན་ཡོངས་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང་དང་པན་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་བདེ་ལམ་དམར་ཁྲིད་སོགས་ཀྱི་ཁྲིད་བསྩལ། 

དེ་ནས་མེ་བྱི་ལོ་སྟེ་སྤྱི་ལོ་༡༧༤༤ལོར་བླ་མ་མཁན་ཆེན་དགུང་ལོ་ང་བདུན་བཞེས་པའི་ལོ་དེར་རང་དགོན་དགེ་འདུན་འདུས་མང་དང་ཕྱོགས་ཡར་མར་ནས་ཕེབས་པའི་སྐྱ་སེར་གྲངས་མེད་པ་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་གསང་བ་དུས་པའི་བསྐྱེད་རིམ་ཆེན་མོའི་ཁྲིད་དང་།  འདུས་པ་འཕགས་ལུགས་དང་བདེ་མཆོག་ལཱུ་ཨི་བའི་ལུགས།  འཇིགས་བྱེད་རྭ་ལུགས་བཅས་ཀྱི་དབང་དང་།  མགོན་ཆོས་ལྔའི་རྗེས་གནང་།  དེ་དག་ི་ལུང་དང་ཉམས་མགུར་གྱི་ཁྲིད་དང་།  གཞན་ཡང་བསྟོད་ཆེན་བཞི་དང་སྨོན་ལམ་ཡོངས་རྫོགས་ཀྱི་ལུང་བཅས་ཀྱི་ཆོས་སྐལ་བླ་ན་མེད་པ་བསྩལ།  དེ་ཡང་ཆོ་གའི་ཚིག་རྐྱང་གི་དཔེ་ལ་དབུ་འཁོར་ནས་ཟང་ཟིང་འདུ་ལོང་གིས་ལོངས་སྤྱོད་གཙུག་ཏུ་འཛིན་པའི་དེང་དུས་ཀྱི་བླ་སྤྲུལ་མཁན་གསུམ་དུ་བཅོས་པའི་དབང་བསྐུར་བ་ལྟར་མ་ཡིན་པར། རྒྱུད་དང་གྲུབ་ཆེན་གྱི་བཞེད་གཞུང་དང་རང་གི་ཉམས་མྱོང་དང་དཔྱད་སྟོབས་ཀྱིས་གོ་བ་ཟུང་དུ་འབྲེལ་ནས་གདུལ་བྱའི་རྒྱུད་ལ་དབང་གི་རྟོགས་པ་བདེ་བླག་ཏུ་འཕྲོད་དངོས་སུ་གནང་བ་ནི་གོར་མ་ཆག  དམ་པ་འདིས་གཅིག་ཏུ་བསྟན་དང་འགྲོ་བའི་བདེ་སྐྱིད་འབའ་ཞིག་ཐུགས་སུ་གནང་མ་གཏོགས།  སྐྱེ་བོ་ཚོགས་ལ་ངོ་འཛིན་དང་ལོངས་སྤྱོད་འདུ་བཀོད་ཀྱི་འདམ་རྫབ་དག་ཏུ་དུས་ནམ་ཡང་ཞབས་སེན་གྱི་རྡུལ་ཙམ་ཡང་མ་བཀོད་ཅིང་།  སྐུ་ཚེ་ཧྲིལ་བོར་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་བཅས་པ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མིག་གི་འབྲས་བུ་བཞིན་སྲུང་བས།  འདུལ་འཛིན་ཆེན་པོ་ཉེ་བར་འཁོར་ལྟར་གྱུར་བས་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་དང་ཕྱོགས་སུ་ཁྱབ་པ་མ་ཟད།  ད་ལྟའི་དུས་སུའང་མཁན་ཆེན་དམ་པའི་ན་བཟའ་དང་པན་ཞྭ་ཆོས་གོས་སོགས་ལ་དྲི་བཟང་འཐུལ་བ་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ་པ་མ་ཟད།  ཉམ་ཆུང་བདག་ཀྱང་འཇལ་བས་དྲི་བཟང་ཤིན་ཏུ་ཞིམ་པའི་ཚོར་སྣང་དངོས་སུ་མྱོང་།

ཏིང་ངེ་འཛིན་གྱི་བསླབ་བ་ཡང་།  བྱིང་བ་ཕྲ་མོ་ལ་བདེ་གསལ་མི་རྟོག་ཏིང་ངེ་འཛིན་ལ་འཁྲུལ་ནས་བསྒོམས་པ་བོད་སྔ་མའི་ལུགས་ལྟར་མ་ཡིན་པར།  རྗེ་རྒྱལ་བ་གཉིས་པས་གཏན་ལ་ཕབས་པའི་ཞི་གནས་ཀྱི་ཚོགས་དང་ཡིད་བྱེད་བཞི།  སྟོབས་དྲུག་དང་སེམས་གནས་དགུའི་སྒོ་ནས་བསྒྲུབ་པའི་མཐུ་ལས་ལུས་སེམས་ལས་སུ་རུང་བའི་བདེ་ཆེན་ནམ་ཏིང་ངེ་འཛིན་གྱིས།  བདག་ལྟའི་རྩ་བ་དྲུངས་ནས་འབྱིན་པར་བྱེད་པའི་གཉེན་པོར་རིག་པ་ཡེ་ཤེས་མཆོག་གི་སྣང་བ་མདོ་སྡེ་བསྟན་བཅོས་ཚད་མར་གྱུར་བ་ནས་གསུང་བ་བཞིན་ཐུགས་ལ་ལེགས་པར་འཁྲུངས་ཏེ།  སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བའི་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ཀྱི་ངང་ལ་འབྱམས་ཀླས་པས།  ལྷ་དང་ལྷ་མིན་ཐམས་ཅད་ཀྱིས་ངོ་མཚར་བའི་མཆོད་པ་ནམ་རྒྱུན་དུ་སྤྲོ་བར་མཛད།

ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་དང་ཐུགས་ནང་ཤིན་ཏུ་ཉེ་བའི་སློབ་མ་ཡིན་པས།  ཀུན་མཁྱེན་གཉིས་པ་སྣང་ར་ནས་འཁྲུངས་པའི་འཇིགས་མེད་དབང་བོ་མཆོག་དང་རྣམ་གཉིས་ཞལ་འཛོམས་པའི་སྐབས།  དམ་པའི་ཆོས་ཀྱི་འབེལ་གཏམ་མང་དུ་མཛད་པས།  རྗེ་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་ཐུགས་གཏིང་ནས་དད་དེ།  ཀུན་མཁྱེན་གཉིས་པ་མཆོག་ལ་ཁྱེད་ལྟ་བུའི་མཁྱེན་རབ་རྨད་དུ་བྱུང་བའི་སྤྲུལ་སྐུ་ཞིག་འཁྲུངས་བཞིན་དུ་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་ལ་གསན་སྦྱོང་མཐར་ཕྱིན་པ་ཞིག་མ་བྱུང་ན་བསྟན་པའི་ཆག་སྒོ་ཡིན་པས་ཅིས་ཀྱང་འབྱོན་དགོས་ཅེས་སྤྱན་ཆབ་བཏང་སྟེ་ཞུ་བ་ནན་གྱིས་ཕུལ་བ་ནི།  གཅིག་ཏུ་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་ལ་ཐུགས་གཏིང་ནས་འདྲོངས་པའི་སེམས་དཔའ་ཆེན་པོའི་ཕྱག་རྗེས་ཆེས་རྨད་དུ་བྱུང་བ་ཞིག་ཏུ་སེམས་སོ། །ཀུན་མཁྱེན་མཆོག་ནས་ཀྱང་/དཔལ་ཆོས་མཁན་ཆེན་ངང་རུང་འཇམ་དབྱངས་རྒྱ་མཚོ་མཆོག་ལ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་འཆད་པ་དང་རྩོད་པ།  རྩོམ་པ་སོགས་མཁས་པའི་བྱ་བས་བསྟན་འཛིན་གྱི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ཡོངས་རྫོགས་བསྟན་པའི་མངའ་བདག་/ཅེས་བསྔགས་པར་མ་ཟད།  ངང་རུང་མཁན་ཆེན་འཇམ་དབྱངས་རྒྱ་མཚོའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་རིན་པོ་ཆེའི་འཁྲི་ཤིང་ཞེས་བྱ་བའང་མཛད།  དེ་ལྟར་བྱང་སེམས་སར་གནས་ཀྱི་གང་ཟག་ཁྱད་པར་ཅན་གྱིས་ནང་ཡེ་ཤེས་ལ་དམིགས་ནས་བསྟོད་བཀུར་མཛད་པ་འདི།  དེང་དུས་ཀྱི་བླ་སྤྲུལ་མཁན་གསུམ་དུ་བཅོས་པ་ཚོར་བུས་བཙུགས་མོ་ཐལ་སྦྱོར་ཏེ་ཟང་ཟིང་གི་དངོས་པོ་ཕྲན་བུ་ཙམ་ཕུལ་མཁན་དག་ལ་བསྟོད་པ་ལྟ་བུ་གཏན་ནས་མིན།

སྨྲས་པ།

སྲིད་པའི་ཕུན་ཚོགས་བྲང་འགྲོ་ནག་པོའི་ལྕེ། །ཅི་དགར་གཡོ་བ་གར་དང་མཉམ་གཟིགས་པས། །

ཐུབ་བསྟན་ཕྲག་ཏུ་ལེན་པའི་ལྷག་བསམ་མདངས། །ཟླ་བའི་མེ་ལོང་ལྟ་བུར་ཁྱེད་མིན་སུ། །

ཆོས་ཚུལ་ལྷོ་ཡི་དྲི་ལེན་མ། །ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ། །

ཆགས་པས་གྲགས་སྙན་གནམ་མཁའི་རྔ། །ལྡིར་བའི་གཏམ་གཞན་གོ་སྐབས་བྲལ།

རིག་རྩལ་པདྨའི་འདབ་མ་ཕྱོགས་ཀྱི་མཐར། །བྲེས་པའི་རྒྱན་བཟང་འཕྱོ་བའི་བཀའ་པོད་ལྔ། །

དག་བྱེད་མཛེས་མའི་རྫིང་བུ་དེ་དང་དེར། །ལུང་རིགས་གར་གྱིས་རྩེན་པ་ཁྱོད་གཅིག་བུ། །

ལེགས་བཤད་འཆི་མེད་བཏུང་བའི་རོ། །བསྐལ་བཟང་གཉིས་སྐྱེས་ལྟོ་བ་ལ། །

ལྷུགས་པར་འཇོ་བའི་རྣམ་དཔྱོད་ཀྱིས། །ཕྱོགས་ཀྱི་གླང་བོར་སྐྱེངས་པ་སྟེར། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་བཅད་དོ། །

དེ་ཡང་ས་གསུམ་ན་འགྲན་ཟླ་མེད་པ།  ལུང་དང་རྟོགས་པའི་ཡོན་ཏན་གྱི་མངའ་བདག་ཆེན་པོ།  དཔལ་ཆོས་མཁན་ཆེན་མ་ཧཱ་པན་ཊི་ཏ་ངང་རུང་འཇམ་དབྱངས་རྒྱ་མཚོ་ཞེས་གྲགས་སྙན་ལྷའི་རྔ་བོ་གངས་ཅན་འཛིན་མའི་ཁྱོན་དུ་ལྡིར་བ་དེ་ཉིད་ལ། སྔགས་འཆང་འཇམ་པའི་དབྱངས་ཀྱི་ཡང་སྤྲུལ་གནས་ལྔ་ཡོངས་སུ་རྫོགས་པའི་དགེ་འདུན་ཟླ་གྲགས་མཆོག་དགུང་ལོ་ཉེར་དྲུག་གི་སྟེང་དུ།  བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང་སོགས་བཀའ་ཆོས་མང་བོ་རིམ་པར་ཞུ་བའི་སྙན་འབེབས་སུ་མི་སྣ་མངགས་པས།  མཁན་ཆེན་དམ་པ་ཐུགས་དགྱེས་པའི་ཞལ་བཞེས་ཀྱི་གསུང་འཕྲིན་རྨད་དུ་བྱུང་བ་གནང་།  དེ་ནས་རབ་བྱུང་བཅུ་གསུམ་པ་ས་ཡོས་མྱོས་ལྡན་ལོ་སྟེ་སྤྱི་ལོ་༡༧༥༡་ལོར།  གནས་ཕུན་སུམ་ཚོགས་པ་བཀའ་གདམས་བསྟན་པའི་འབྱུང་གནས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནསདང་ཆ་ཀུན་ནས་མཚུངས་པ།  གནམ་ལ་བཀྲ་ཤིས་ཀྱི་འཁོར་ལོ་མངོན་པར་བཀྲ་ཞིང་།  ས་ལ་པད་དཀར་འདབ་བརྒྱད་ཀྱིས་བརྒྱན་པའི་གནས་མཆོག་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ།  དུས་ཕུན་སུམ་ཚོགས་པ་བཅུ་གཉིས་བདག་པོ་མི་བཟད་དགུན་གྱི་གྲང་ལྷགས་ཀྱི་ཆ་ལས་འདས་ཤིང་བསིལ་འཇམ་དབྱར་གྱི་ལེགས་ལམ་ཤེལ་གྱི་སྣང་བ་འབར་ཞིང་།  ཉལ་འགྲོའི་རྒྱུན་ཀུན་ཆབ་རོམ་གུར་གྱི་འཆིང་བ་དམ་པོའི་རྒྱ་ལས་གྲོལ་ཏེ་གང་འདོད་བདེ་བའི་ལམ་དུ་བག་ཡངས་སུ་རྒྱུ་བ།  ནོར་འཛིན་དགའ་མའི་ཐིག་ལེ་རྩི་བཅུད་རྐང་འཐུང་གསར་བའི་གོས་བཟང་མཛེས་པར་ཀླུབས་པ་སོགས་བརྟན་དང་གཡོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་དབྱར་ཟླ་རབ་ཚེས་ཀྱི་སྐྱ་རེངས་ཤར་བ་དང་མཉམ་དུ།

སྟོན་པ་ཕུན་སུམ་ཚོགས་པ་འཇིག་རྟེན་གྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། སྲིད་ཞིའི་དངོས་པོ་མཐའ་དག་སྟོབས་བཅུས་འཇུག་པ་ཡོངས་སུ་དག་པ།  བླང་དོར་གྱི་གནས་ཀུན་ལ་དབང་ཕྱུག་དམ་པས་ཕ་རོལ་ཏུ་སོན་པ།   མི་བཟད་བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་མཐུ་མངའ་བ།  དཔལ་འཁོར་ཆོས་སྡེ་ཆེན་པོའི་མི་འཇིགས་སེང་གེའི་ཁྲི་ལ་མངའ་བསྒྱུར་བ།  དཔལ་ཆོས་མཁན་ཆེན་ངང་རུང་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས།    འཁོར་ཕུན་སུམ་ཚོགས་པ་མཁས་གྲུབ་བྱེ་བའི་གདེངས་ཅན་གཡེར་གཤོང་དགེ་འདུན་ཟླ་གྲགས་དང་རྙེ་གྲུབ་ཆེན་བློ་བཟང་ནམ་མཁའི་མཆོག་སྤྲུལ་ངག་དབང་བློ་བཟང་བསྟན་འཛིན་ཉི་མ།  སྙུང་གནས་སྟོང་ཕྲག་གསུམ་མཛད་པའི་མཁས་གྲུབ་ཆེན་པོ་རྫིས་ཚང་བློ་བཟང་བཀྲ་ཤིས།  རིག་པའི་ལྷ་མོས་རྗེས་སུ་བཟུང་བའི་བོད་ཚའི་ཆོས་གྲགས་རྒྱ་མཚོ་དང་དེའི་ཡང་སྲིད་བློ་བཟང་ཆོས་གྲགས་སོགས་མདོ་སྔགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཐུགས་སྲས་རྣམས་དང་།  བསྔགས་འོས་ཀྱི་ཡོན་ཏན་མངོན་པར་མཐོ་བའི་གཉུག་མར་འཁོད་པའི་སེར་སྐྱའི་ཚོགས་དཔག་ཏུ་མེད་པ་ལ།  ཆོས་ཕུན་སུམ་ཚོགས་པ་དུས་གསུམ་བདེ་གཤེགས་ཐམས་ཅད་ལམ་གང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སར་བྱོན་པ་དང་འབྱོན་པར་འགྱུར་བའི་ལམ་པོ་ཆེ།  བྱང་ཆུབ་ལམ་རིམ་ཆེན་མོ་ལ་བ་སོ་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་དང་སྡེ་དྲུག་མཁན་ཆེན་ངག་དབང་རབ་བརྟན།  ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་བཏབ་པའི་མཆན་གསུམ་དང་སྦྲགས་ཏེ།  སྐབས་སུ་ལུང་རིག་དཔེ་གསུམ་རྒྱ་ཆེན་པོ་དང་བཅས་ཟླ་བ་གཉིས་ལྷག་གི་བར་ལྗགས་བཤད་རྨད་དུ་བྱུང་བ་དང་།  གཞན་ཡང་སྟོན་པའི་སྐྱེས་རབས་སོ་བཞི་བ་དང་།  ལྔ་བརྒྱའི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ།  ཀུན་གཟིགས་ལྔ་བ་ཆེན་པོས་མཛད་པའི་དབུས་བརྒྱུད་ལུགས་ཀྱི་འཇམ་དཔལ་ཞལ་ལུང་།  ཁྲི་ཆེན་བློ་གྲོས་རྒྱ་མཚོས་མཛད་པའི་རིགས་གསུམ་སྤྱི་སྒྲུབ་བླ་མའི་རྣལ་འབྱོར་ལེགས་ཚོགས་ཀུན་འབྱུང་དང་།  ལམ་ཁྲིད་བདུད་རྩིའི་གསེར་གྱི་ཡང་ཞུན་གྱི་ཁྲིད།  རྗེ་ཟླ་གྲགས་མཆོག་ལ་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་མཛད་པ་སོགས་ཀྱིས།  བསྟན་པ་རིན་པོ་ཆེའི་གསོས་སྨན་དམ་པར་དགོངས་པའི་འཆད་ཉན་ཚུལ་མཐུན་ཡང་དག་པར་གནང་། 

དེ་དུས་མཁན་ཆེན་དམ་པས།  རྗེས་སུ་ཉིད་ཀྱི་ཟུང་འཇུག་གི་ཟ་མ་ཏོག་ལས་གཟུགས་སྐུ་རགས་པའི་ཚུལ་བཟུང་སྟེ་རྗེ་ཟླ་གྲགས་མཆོག་གི་སྲས་ཀྱི་ཐུ་བོར་འགྱུར་བའི་བཀའ་གསུང་ངོ་མཚར་ཅན་གྱིས་མ་འོང་འབྱུང་འགྱུར་གྱི་ལུང་བསྟན་ཡང་གནང་། དེ་ལྟར་ཡབ་སྲས་རྣམས་ཀྱིས་འཆད་ཉན་གནད་དུ་སོང་བ་ལ་བརྟེན་ནས།  ནོར་འཛིན་གྱི་དཀྱིལ་འཁོར་རྣམ་པ་དྲུག་ཏུ་གཡོ་བ་དང་།   མེ་ཏོག་གི་ཆར་བབས་པ་སོགས་གང་ཟག་གི་ཆེ་བ་མངོན་དུ་གྱུར་བའི་རྟགས་མཚན་ཁྱད་པར་ཅན་སྣང་བ་འདིས།  བྱང་སེམས་རྟག་ངུས་ཆོས་འཕགས་ཀྱི་དྲུང་དུ་ཤེར་ཕྱིན་གསན་པས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་ཐོབ་པ་ལ་ཆེ་ཆེར་སྨོན་མི་དགོས་སོ། །  རྗེ་ཟླ་གྲགས་མཆོག་ནས་ཀྱང་དོགས་གནས་ལ་གོ་བསྡུར་དང་དྲི་ཞིབ་གནང་བར།  བླ་མ་མཁན་ཆེན་མཆོག་ཐུགས་ཤིན་ཏུ་དགྱེས་པའི་ཉམས་ཀྱིས།  རིགས་ཀྱི་བུ།  དེ་དེ་བཞིན་ནོ། །ཞེས་ལན་བསྩལ་བའི་བཀའ་དྲིན་གྱིས།  དབང་རྣོ་གདུལ་བྱ་རིགས་ཅན་མཐའ་དག་གི་ཡིད་ཀྱི་བུམ་བཟང་ལ་བྱིན་རླབས་བདུད་རྩིའི་ཟིལ་མངར་གྱི་ཡོངས་སུ་གཏམས་པས་རབ་དགའི་གླུ་དབྱངས་སྲིད་རྩེའི་བར་དུ་བསྒྲགས་པར་མཛད་དོ། །དེ་ཡང་དམ་ཆོས་སྩོལ་བའི་བླ་མའི་བཀའ་དྲིན་ནི། པན་ཆེན་ཆོས་ཀྱི་རྒྱལ་བོའི་གསུང་མགུར་ལས། /ཆོས་ཇི་སྙེད་གསུངས་པའི་ཡི་གེ་ལ། །གྲངས་དེ་སྙེད་བསྐལ་བའི་བར་དག་ཏུ། །བདག་ལུས་སྲོག་ལོངས་སྤྱོད་ཀུན་ཕུལ་ཡང་། །རྗེ་ཁྱོད་ཀྱི་དྲིན་ལན་འཁོར་ཐབས་མེད། །/ཅེས་གསུངས་པ་ལྟར་བསྐལ་བ་དཔག་ཏུ་མེད་པར་མཆོད་ཀྱང་བཀའ་དྲིན་འཁོར་ཐབས་མ་མཆིས་པའི་ཡུལ་དུ་དགོངས་ནས།  བླ་མ་མཁན་ཆེན་མཆོག་ལ་རྟེན་འབྲེལ་གྱི་བརྡར།  དངུལ་སྲང་བརྒྱ་ཕྲག་དུ་མ་དང་སྣམ་ཕྲུག་གྲངས་མེད།  བཟང་གོས་སྣ་ཚོགས་དང་ཟམ་རས།  ནང་མཛོད་ཆེ་ལེགས་དང་རྟ་ནོར་ལུག་སོགས་དངོས་པོ་འགངས་ཆེ་བའི་མཆོད་སྤྲིན་རྣམ་གྲངས་མཐའ་ཡས་པ་ཕུལ་ཏེ།  རྗེ་དགེ་འདུན་ཟླ་གྲགས་མཆོག་གསང་འབྲོག་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཕེབས།

བླ་མ་མཁན་ཆེན་རིན་པོ་ཆེས་གདན་ས་མཛད་པ་ནས་བཟུང་སྟེ་རང་དགོན་གྱི་དགེ་འདུན་པ་རྣམས་དང་ཐར་བ་ལ་རྩེ་གཅིག་ཏུ་ཕྱོགས་པའི་གཉུག་མར་གནས་པའི་སེར་སྐྱ་རྣམས་ལ་མདོ་སྔགས་ཀྱི་བཀའ་ཆོས་ཅི་རིགས་གནང་བར་མ་ཟད།  ལོ་དེར་མ་རྒྱུད་གསང་བ་མཐའ་དག་གི་ཟབ་གནད་འོད་གསལ་ལྷན་སྐྱེས་ཀྱི་ཡེ་ཤེས་རྩལ་ཏུ་སྟོན་པ་དཔལ་འཁོར་ལོ་བདེ་མཆོག་གི་དབང་རྒྱུད་དང་གྲུབ་ཆེན་ཚད་ལྡན་གྱི་ཕྱག་བཞེས་བཞིན་གནང་སྟེ་གདུལ་བྱ་དབང་བོ་ཡང་རབ་དག་ལ་དབང་བཞིའི་རྟོགས་པ་བུམ་པ་གང་འཕྱོའི་ཚུལ་དུ་སྣང་བར་བྱས།  ལོ་མཇུག་དེར་རྗེ་དགེ་འདུན་ཟླ་གྲགས་གསང་འབྲོག་ནས་ཕྱིར་རང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས།  བླ་མ་མཁན་ཆེན་མཆོག་གིས་ཁྲི་ཤིན་ཏུ་མཐོན་པོ་ཞིག་བཤམས་ནས་ཐུགས་སྲས་ཟླ་གྲགས་མཆོག་བཞུགས་སུ་གསོལ་ཏེ། གསོལ་སྟོན་རྒྱ་ཆེན་པོ་བཟས་ནས་དོན་དུ་རྗེ་བླ་མ་མཁན་ཆེན་མཆོག་གི་རྒྱལ་ཚབ་ཏུ་དབང་བསྐུར་ཅིང་།  རྗེ་བླ་མ་ངང་རུང་མཁན་ཆེན་མཆོག་ལ་རྒྱལ་ཚབ་དེ་མོ་རིན་པོ་ཆེས་དབུས་ནས་བསྐུར་གནང་མཛད་པའི་སྦུ་རག་གི་སྐུ་གཟན་འགངས་ཆེན་ཞིག་ཡོད་པ་དེ་དང་།  གཞན་ཡང་དངོས་པོ་སྦམས་མཐོ་བ་མང་བོ་གནང་སྟེ།  ཞལ་ནས།/སྔོན་ཆད་དམ་པའི་རྣམ་ཐར་སྐྱོང་བའི་ངང་ཚུལ་ཤིན་ཏུ་ལེགས་ཚུལ་དང་།  ཕྱིས་སུའང་དེ་བཞིན་དུ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་པ་སོགས་ཀྱིས་ཕ་རྗེས་བུས་ཟིན་པ་ཞིག་གིས་བསྟན་པ་དང་འགྲོ་བའི་བདེ་སྐྱིད་བསྐྲུན་པའི་སྨན་གྱི་ལྗོན་ཤིང་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་ཐུགས་རེ་དང་བསླབ་བྱ་མང་བོ་གནང་སྟེ།  ཕན་ཚུན་ཆོས་ཀྱི་འབྲེལ་བ་ལུ་གུའི་རྒྱུད་དུ་སྦྲེལ་བའི་མཛའ་གཅུགས་ཀྱིས་བཅིངས་པའི་གསུང་གླེང་མང་དུ་གནང་བར་མ་ཟད།  བླ་མ་མཁན་ཆེན་མཆོག་གི་ཞལ་ནས་/རང་རེ་དཔོན་སློབ་ཀྱི་ཆོས་མཚམས་འདི་བདུད་རྩིའི་གསེར་གྱི་ཡང་ཞུན་ནས་བྱུང་བ་ཤིན་ཏུ་ལེགས་པ་དཔོན་སློབ་ཀྱིས་ཐུགས་སུ་བསྣམས་ན་ཕྱིས་སུ་རྟེན་འབྲེལ་གྱི་གནད་དམ་པ་ཡོད་/ཅེས་གསུང་བ་ནི་དབེན་གསུམ་གྱི་རྟོགས་པ་ཀློང་དུ་གྱུར་ཅིང་གཤེགས་བྱོན་ལ་རང་དབང་ཐོབ་པའི་གསུང་རིན་ཐང་ཅན་ཞིག་ཏུ་འཁུན།  སྐབས་དེར་གསུང་བ་ལ་གཞིགས་ནས་སྐུ་ཚེ་ཕྱི་མར་རྗེ་བླ་མ་མཁན་ཆེན་རིན་པོ་ཆེ་མཆོག་/ཟླ་གྲགས་མཆོག་གི་ཐུགས་སྲས་ཀྱི་ཁྲོད་ནས་སློབ་མ་གསེར་གྱི་ཡང་ཞུན་ལྟ་བུ་གཅིག་ཏུ་འགྱུར་བའི་ཕྱིས་འབྱུང་མངོན་སུམ་དུ་གཟིགས་པར་གདའ/ཞེས་འགའ་དྭགས་ཞབས་དྲུང་[ངག་དབང་དགེ་འདུན་]གྱིས་གསུངས། 

ལོ་དེར་རྗེ་ཟླ་གྲགས་མཆོག་རང་དགོན་ནས་ཕྱིར་ཆིབས་ཁ་བསྒྱུར་བའི་ཚེ།  དགེ་འདུན་བརྒྱ་ཕྲག་ལྷག་དང་གཞན་ཡང་གཞུག་གནས་ཀྱི་སྐྱ་སེར་གྲངས་མེད་པ་དང་།  ཁྱད་པར་འཇམ་པའི་དབྱངས་ཀྱི་ཤེས་རབ་རལ་གྲི་རྣོན་པོ་ཐུགས་སུ་བསྣམས་པ་དཔལ་ཆོས་མཁན་པོ་ངང་རུང་འཇམ་དབྱངས་རྒྱ་མཚོ་མཆོག་གིས་ཀྱང་སྐྱེལ་ཐུང་མཛད་དེ།  ཡབ་སྲས་ཕན་ཚུན་འབྲལ་མི་ཕོད་པའི་རྣམ་པ་ཅན་གྱིས་ཇི་ལྟར་འདབ་ཆགས་ངང་བའི་ཁྱུ་དུས་གཅིག་ཏུ་རྒྱ་མཚོ་མཛེས་པ་དང་བྲལ་བར་གཟིགས་ནས་རྗེ་གྲགས་མཆོག་གི་ཐུགས་ལ་གདུང་བ་བརྣག་དཀའ་བའི་རྣམ་པ་ཅི་ཡང་བྱུང་བར་གྱུར་ནས་གཡེར་གཤོང་བསམ་གཏན་གླིང་དུ་ཕེབས།  བླ་མ་མཁན་ཆེན་མཆོག་གིས་རང་དགོན་གྱི་དགེ་འདུན་ཡོངས་དང་གཞིས་བྱེས་ཀྱི་དོན་གཉེར་ཅན་མང་བོར་བླ་མ་མཆོད་པ་དང་བྱང་ཆུབ་བདེ་ལམ། གཙང་རྒྱུད་དང་འཇམ་དཔལ་ཞལ་ལུང་དབུས་རྒྱུད་སོགས་ཀྱི་ཁྲིད་དང་།  རིགས་གསུམ་སྤྱི་སྒྲུབ་དང་མགོན་ཆོས་རྣམས་ཀྱི་རྗེས་གནང་།  གཞན་ཡང་འདོད་ཆོས་དུ་མ་སྨིན་རྒྱས་སུ་བསྩལ་བས་གདུལ་བྱ་མཆོག་དམན་བར་མའི་ཉན་པ་པོ་མཐའ་དག་གི་ཡིད་ཀྱི་བུམ་པར་ཟབ་རྒྱས་ཀྱི་གདམས་པས་གང་བར་གྱུར།  དེ་ནས་/ཁྱུ་མཆོག་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ་༡༧༦༡་ལོའི་ཟླ་ལྔ་བའི་ནང་དུ་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་/ཞེས་རྗེ་ཟླ་གྲགས་མཆོག་གི་[འཁྲུངས་རྣམ་གསེར་གྱི་སྒོ་མང་]ལས་བཤད་པ་དང་།  འཇམ་པའི་དབྱངས་དང་གཉིས་སུ་མེད་པའི་བླ་མ་རིན་པོ་ཆེ་[རིགས་པའི་འདོད་འཇོ་]མཚན་ཅན་གྱི་བསྟན་རྩིས་ལས་/ལྕགས་འབྲུག་/ལ་གསུངས། དེ་ལྟར་ན་རྣམ་པ་གཉིས་ཀྱིས་ལོ་ཁམས་གསལ་བོར་གསུངས་པས་ལོ་གཅིག་གི་ཁྱད་ཤོར་ཡོད་ཀྱང་། རང་དགོན་གྱིས་མཁན་ཆེན་མཆོག་གི་དུས་མཆོད་ལྔ་བའི་ཚེས་བཅུ་ལ་གཏོང་སྲོལ་ཡོད་པ་འདིས་གཏན་ཁེལ་བྱས་ཡོད།  དེ་འཕྲལ་གཡེར་གཤོང་དུ་མི་སྣ་མངགས་ཏེ་རྗེ་ཟླ་གྲགས་མཆོག་ལ་ཞུས་པས།  ཁོང་ངང་རུང་དུ་ཆིབས་བསྒྱུར་གནང་སྟེ་ཐུགས་དམ་གསལ་འདེབས་ཀྱི་སྙན་གསན་ཕབས་ཏེ།  ཉིན་ཞག་དུ་མའི་རིང་ལ་རྗེ་ཟླ་གྲགས་དང་བོད་ཚའི་ཆོས་གྲགས་རྒྱ་མཚོའི་ཡང་སྤྲུལ་ཀ་རིང་ནས་འཁྲུངས་པའི་བློ་བཟང་ཆོས་གྲགས་རྣམ་གཉིས་ཀྱི་ཞལ་སྔ་ནས་གཙོས་དགེ་འདུན་པ་རྣམས་ཀྱིས་གདུང་མདུན་དུ་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཕྱིར་དུ་ཆོ་ག་ཆོས་སྤྱོད་དང་ཐུགས་སྨོན་གང་དྲག་མཛད།  མཁན་ཆེན་དམ་པའི་ཡང་སྤྲུལ་མྱུར་བྱོན་གྱི་ལྗགས་རྩོམ་རྗེ་དགེ་འདུན་ཟླ་གྲགས་མཆོག་གིས་གནང་སྟེ་སྐུ་གདུང་ཞུས་པའི་སྐབས་སུ་ནམ་མཁའ་གཡའ་དག་ཀྱང་འཇའ་ཚོན་གྱིས་གུར་ཕུབ་པ།  མཚམས་མཚམས་སུ་ཆུ་འཛིན་གྱི་ཁྲོད་ནས་མེ་ཏོག་གི་ཆར་དང་ཤིན་ཏུ་དྲི་ཞིམ་པོ་རང་དགོན་གྱི་ཁོར་ར་ཁོར་ཡུག་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་གཡོ་བར་མཛད་པ་ཉིན་ཞག་མང་བོའི་བར་དུ་འཇིག་རྟེན་ཡོངས་ལ་ངོ་མཚར་གྱི་བཀོད་པ་རྒྱ་ཆེན་པོར་བསྟན་ཏོ། །

སྨྲས་པ།

ཤིན་ཏུ་ཕྲ་བའི་གཉུག་སེམས་འཇའ་ལུས་འོད། །སྟོང་ཆེན་མཁའ་དབྱིངས་དབུས་སུ་ཐིམ་པའི་ཚེ། །

ཀུན་རྟོག་ལས་ལ་བྱིང་བའི་འགྲོ་བ་རྣམས། །མྱ་ངན་དྲག་པོས་ཡིད་ཀྱི་ཆུ་གཏེར་འཁོལ། །

པདྨའི་ཟླ་བོ་ཆུ་ལྷའི་རྩེར། །ཕྱོགས་པ་གཞན་དོན་འབའ་ཞིག་ཏེ། །

བློ་ཆུང་རྟག་འཛིན་བསམ་པའི་བློ། །ཐར་བར་སྐུལ་བའི་གྲོགས་སུ་གྱུར། །

འོན་ཀྱང་ཟུང་འཇུག་འཆི་མེད་ལམ་ཡངས་པོར། །གཟུགས་སྐུ་ཉི་ཟླའི་འགྲོས་བཟང་གོམ་སྟབས་ཀྱིས། །

སྐལ་ལྡན་འདབ་མའི་སྦུབས་རྒྱ་མ་གྲོལ་བར། །དེ་སྲིད་གཤེགས་བྱོན་སྒྱུ་མའི་གར་ཡང་མཛད། །

ཅེས་ཀྱང་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིག་བཅད་དོ། །

དམ་པ་འདི་དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས་པ་ནས་མ་ཟད།  འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས་པ་ནས་དད་ལྡན་གྱི་སློབ་མ་དང་སྐྱེ་བོ་ཚོགས་སྤྲིན་བཞིན་འདུས་ཏེ་ཉིན་རེར་གསེར་དངུལ་གོས་དར་དང་།  སྣམ་ཕྲུག་གནག་ལུག་སོགས་ཟང་ཟིང་གི་ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་ཡང་།  དེ་ནི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ།  ལུང་རྟོགས་ཀྱི་ཡོན་ཏན་ལ་རྒྱབ་ཀྱིས་ཕྱོགས་ཤིང་འཇིག་རྟེན་ཆོས་བརྒྱད་ཉམས་ལེན་མཐིལ་དུ་མཛད་པའི་བླ་སྤྲུལ་མཁན་གསོབ་ཀྱི་མིང་བཟུང་བ་དག་གི་རྣམ་ཐར་དུ་འོས་མོད་ཀྱང་།   འདི་ནི་སྲིད་པའི་ཕུན་ཚོགས་ཀྱི་ཡོ་ལང་མཐའ་དག་མེ་འོབས་ལྟར་དགོངས་པའི་བདག་ཉིད་ཆེན་པོ་འདི་ལྟ་བུའི་རྣམ་པར་ཐར་བ་ལ་འོས་མིན་པར་སྣང་བས་ཞིབ་ཏུ་མ་བྲིས་སོ། །

རྗེ་བླ་མ་མཁན་ཆེན་མཆོག་གི་བརྩམས་བཅོས་ལེགས་བཤད་ཀྱི་སྐོར་ལ།  ཉམས་མགུར་གྱི་འགྲེལ་བ་དང་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་སོགས་པོད་བདུན་ལྷག་ལྗགས་རྩོམ་མཛད་ཡོད་ན་ཡང་།  དགོན་པའི་མདུན་དུ་མཆོད་རྟེན་ཞིག་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱ་ཚང་གིས་རང་ལ་བཞེངས་པ་དེའི་བུམ་པའི་ནང་དུ་གཟུངས་བཞུགས་སུ་མོག་ཀྱཱ་ཚང་དང་རྒན་ཀྱཱ་ཚང་སྐྱ་ཀྱཱ་ཚང་གསུམ་གྱི་གསུང་རྩོམ་ཕུལ་ཞེས་མི་ཐོག་གོང་མ་ཚོའི་ངག་ལས་གསལ་བོར་གོ །

གསུང་ལས་སྐྱེས་པའི་སློབ་མ་ནི།  ཆོས་ཀྱི་གདན་ཁྲིའི་མངོན་པར་མཐོ་བའི་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་དང་།  སྒྲུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་བ་རྣལ་འབྱོར་ཆེན་པོ་རྫིས་ཚང་སྙུང་གནས་པ་བློ་བཟང་བཀྲ་ཤིས།  འགྲོ་བ་དུ་མའི་མགོན་སྐྱོབ་དམ་པར་མཛད་པ་རྙེ་གྲུབ་ཆེན་མཆོག་གི་ཡང་སྤྲུལ་ངག་དབང་བློ་བཟང་བསྟན་འཛིན་ཉི་མ།  རིག་པའི་གནས་ལྔ་ཡོངས་སུ་རྫོགས་པའི་པཎྟི་ཏ་ཆེན་པོ་ངག་དབང་དགེ་འདུན་ཟླ་གྲགས།  རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཕྲག་ཏུ་བཞེས་པ་གཡུ་ངོགས་ཆོས་རྗེའི་ཡང་སྤྲུལ་སངས་རྒྱས་རྒྱ་མཚོ།  དབྱངས་ཅན་རིག་པའི་ལྷ་མོ་གྲོགས་སུ་གྱུར་བའི་བོད་ཚའི་ཆོས་གྲགས་རྒྱ་མཚོ་དང་དེའི་ཡང་སྲིད་བློ་བཟང་ཆོས་གྲགས་སོགས་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱིས་ཐུབ་བསྟན་མདོ་སྔགས་འཆད་པ་དང་རྩོད་པ།  རྩོམ་པའི་སྒོ་ནས་གངས་ལྗོངས་པདྨའི་དགའ་ཚལ་གྱི་གྲོགས་སུ་གྱུར་ཏེ།  གདུལ་བྱ་མཐའ་དག་གི་ཡིད་ཀྱི་སྦུབས་རྒྱ་ལྷུག་པར་གྲོལ་བར་མཛད་དེ་ངོ་མཚར་མཛད་བཟང་གིས་འཕྲིན་ལས་རྒྱ་མཚོའི་གོས་ཅན་གྱི་ཁོངས་ལས་བརྒལ་བར་གྱུར་ཏོ། །

སྨྲས་པ།

ཐུབ་བསྟན་གྲུབ་མཐའ་གངྒཱ་བཞི་ཡི་ཆབ། །སྙིང་བོ་གཅིག་ཏུ་འདུས་པ་རྒྱ་མཚོ་ཆེ། །

ལུང་རིགས་ཀྱིས་བསྲུབས་སྟོང་དང་རྟེན་འབྱུང་བཅུད། །ལེགས་བྲིས་དབང་བོ་ཁྱེད་ཀྱིས་ཡང་དག་མྱངས། །

དེ་ཡི་སྟོབས་ཀྱིས་འཆད་རྩོད་ཡིད་འོང་མར། །བསྡུ་བ་བཞི་ཡི་རྒྱན་ཕྲེང་དོ་ཤལ་དང་། །

ཐབས་ཤེས་འཕྲུལ་གྱི་འོག་བག་ལྷོད་པའི་ཚེ། །ཐར་བར་ཆགས་པའི་ལུས་ཀྱི་སྤུ་ལོང་རྒྱས། །

དེ་ཚེ་སྐལ་ལྡན་གཉིས་སྐྱེས་ཚོགས། །ཁྱོད་ཐུགས་ཟབ་རྒྱས་སྦྲང་རྩི་ལ། །

མངོན་པར་སྤྱད་པས་རྐང་དྲུག་སྒྲས། །ངོ་མཚར་བསྟོད་པའི་དབྱངས་སྙན་བསྒྲགས། །

སྒྲིབ་གཉིས་ཕ་མཐའ་བསྐྲད་པའི་ཀུན་གསལ་མར། །སྙིང་རྗེ་རབ་དཀར་ནམ་མཁའི་གླང་བོ་རྟ། །

གསང་གསུམ་མཛད་འཕྲིན་ཀུན་སྙོམས་གཙང་མའི་ཆབ། །འབེབས་མཛད་གདེངས་ཀའི་བདག་པོ་ཁྱོད་གཅིག་བུ། །

ཞེས་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཏེ་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་བརྗོད་པའི་ལེའུ་སྟེ་གཉིས་པའོ།།  །།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།