རོང་བོའི་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-10-04 11:53:40     རྩོམ་པ་པོ།   འཇིགས་མེད་བརྩོན་འགྲུས།     ཀློག་ཐེངས།  

༄༅།།རོང་བོའི་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ནི་མདོ་སྨད་མགོན་ཤུལ་སྒར་བ་རུ་ལྡོང་གི་རིགས་ལས་ཕྱི་ལོ༡༨༦༦ལོར་སྐུ་འཁྲུངས།   དགུང་ལོ་བརྒྱད་ཀྱི་སྟེང་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་གསོལ།   དགུང་ལོ་བཅུ་གཅིག་པར་རོང་བོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་མོར་ཐོས་བསམ་མཛད།   ཕྱིས་སུ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས་ནས་མཚན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོར་སྤོས།   དེ་ནས་སྐྱབས་མགོན་སྐུ་ཕྲེང་དྲུག་པ། ཤིང་བཟའ་བསྟན་པའི་དབང་ཕྱུག   གྲུབ་དབང་འཇིགས་མེད་བསམ་གཏན།   ཞྭ་དམར་དགེ་འདུན་བསྟན་འཛིན།   ཀིརྟི་བློ་བཟང་འཕྲིན་ལས།   བླ་བྲང་ཨ་ལགས་རིན་པོ་ཆེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན།  རོང་བོ་ཐོས་བསམ་གླིང་གི་གསེར་ཁྲིར་བྱོན་ནས་ཆོས་འཆད་སྤ྄ེལ་བྱ་བ་རྒྱ་ཆེར་མཛད། ཕྱི་ལོ་༡༩༢༢ལོར་གདན་ས་འཇིགས་མཛད་རྡོ་རྗེ་རྫོང་ཕྱག་འདེབས་མཛད།    སྐྱབས་མགོན་བདུན་པ་ཆེན་པོ་དང་།  རེབ་གོང་སྐུ་ཕྱོགས་རྣམ་གཉིས།   ཀིརྟི་སྐུ་ཕྲེང་སྔ་ཕྱི།   ཡོངས་འཛིན་པཎྜིཏ་སོགས་བུ་སློབ་བགྲང་ལས་འདས་པ་བྱུང་།ཕྱི་ལོ༡༩༢༨ལོར་དགོངས་པ་གཞན་དུ་གཏད།   གསུང་འབུམ་པོད་བཅུ་བཞི་ལྷག་བཞུགས་པར་བཤད་ཀྱང་ད་ལྟ་པོད་བརྒྱད་ཙམ་ལས་ལག་ཏུ་མ་སོན།           

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།