ཕྱག་མཛོད་བྱམས་པ་གསུང་རབ
ལྔ་རིག་སྨྲ་བའི་དབང་པོ་ཕྱག་མཛོད་བྱམས་པ་གསུང་རབ་ནི་ཡབ་རྒྱབ་ཚང་ཙིག་དམར་དང་ཡུམ་དམར་སྐ་བཟའ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཞེ་ལྔ་པ་༼སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ལོ་རབས་དགུ་བཅུ་པ༽ཡས་མས་སུ་མགོ་ལོག་ཨ་སྐྱོང་གོང་མའི་སྟོད་ཤོག་ཚོ་བ་བཅུ་ཡི་ནང་ཚན་རྒྱབ་སྐོར་སྨད་མའི་འབྲོག་སྡེ་ཆེན་པོར་སྐུ་འཁྲུངས། ༼ཁོང་གི་མེས་པོ་རྒྱབ་ཚང་ཨ་མྱེས་ཟེར་བ་དེ་མཚོ་སྔོན་པོ་ཨ་རིག་ནས་དུས་ཟིང་གི་རྐྱེན་གྱིས་རུ་སྡེ་མང་པོ་དང་མཉམ་དུ་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་སའི་ཆར་འོངས་པ་ཡིན༽དགུང་ལོ་ཆུང་ངུའི་དུས་ནས་ཨ་རིག་རྭ་རྒྱ་དགོན་དུ་ཚོགས་ཞུགས་མཛད། ཡི་གེ་འབྲི་ཀློག་དང་། དཔེ་ཆ་སྐྱོར་རྩོད། བཅའ་འབུད་རྡུང་གསུམ། གར་དབྱངས་ཐིག་གསུམ། རྩིས་ཀྱི་རི་མོ་ལ་སོགས་པ་ཚེགས་མེད་དུ་མཁྱེན་པར་མ་ཟད། ལེགས་སྦྱར་དང་། སོག་པོ། རྒྱ་ནག་བཅས་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལའང་བྱང་ཆུབ་པར་གྱུར་ཅིང་། ཐུགས་དཔྱོད་རབ་ཏུ་ཡངས་པས་ཤིང་བཟའ་པཎྚི་ཏའི་བླ་བྲང་གི་ཕྱག་མཛོད་དུ་བསྐོས་ཏེ་ཨ་རིག་རྭ་རྒྱ་དགོན་གྱི་ལས་སྣེ་ཆེ་དགུའི་བློའི་ཡ་ཕུག་ཏུ་གྱུར། ཁྱད་པར་དུ་རྗེ་འདིས་ཨ་རིག་དགེ་བཤེས་ཆེན་མོ་དང་། རྗེ་གསེར་ཁང་པ། ཤིང་བཟའ་མ་ཧྰ་པཎྚི་ཏ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་ལ་གཏུགས་ནས། མདོ་སྔགས་རིག་གནས་སོགས་ཤེས་པར་བྱ་བའི་གནས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པ་ཞིག་མཛད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནོར་བུའི་མཛོད་ལ་མངའ་དབང་བསྒྱུར། དམ་པ་འདི་ཉིད་ཀྱི་མཁས་པའི་ཡོན་ཏན་གྱི་ཆེ་བ་ལ། སྤྱིར་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་དང་། ལྷག་པར་དུ་མཁས་པའི་བྱ་བ་རྣམས་གསུམ་ལས་མཆོག་ཏུ་གྱུར་པ་རྩོམ་པའི་མཛད་པ་ཤིན་ཏུ་རྒྱས། མདོ་སྔགས་རིག་གནས་གསུང་རྩོམ་མང་དུ་གནང་བ་ལས་འཕྲིན་ལས་རྒྱ་ཆེ་ཞིང་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པ་ནི་རྩིས་ཀྱི་སྐོར་ཡིན་ལ། ༼༡༽བོད་རབ་བྱུང་བཅུ་བཞི་བའི་མེ་ཕག་༼སྤྱི་ལོ༡༨༢༧༽ལ་བརྩམས་པའི་《དཔལ་དང་པོའི་སངས་རྒྱས་ལས་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོ་གཏན་ལ་འབེབས་པར་བྱེད་པའི་མན་ངག་རིག་ལྡན་སྙིང་གི་ཐིག་ལེ》ཞེས་བྱ་བ་དེ་ཐོག་མར་བཀའ་རྒྱ་མཛད་ནས་པར་ཤིང་རྭ་རྒྱ་དགོན་གྱི་བཙན་ཁང་གི་དམ་ཅན་ཆོས་རྒྱལ་གྱི་སྐུ་འབག་གི་རྒྱབ་ཏུ་སྦས་ཡོད་པ་ཕྱིས་སུ་དུས་ཟིང་སྐབས་མཇུག་གི་དཔར་ཤིང་གཅིག་སྟོར་བར་གྱུར། སླད་ནས་རབ་རྒྱལ་མེ་ཡོས་ལ་༼སྤྱི་ལོ་༡༩༢༦༽ལྷ་ལྡན་སྨན་རམས་པ་མཁྱེན་རབ་ནོར་བུས་རྩིས་མགོ་བསྟུངས་ཤིང་དཔར་དུ་བཏབ། ༼༢༽《ཉིན་བྱེད་སྣང་བ་ལས་བཤད་པའི་ཞག་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པ་དྭངས་ཤེལ་མེ་ལོང་བཀླགས་པས་ཀུན་ཤེས་》ཞེས་བྱ་བ་སྔར་རྭ་རྒྱ་དགོན་དུ་དཔར་བཞུགས་ཀྱང་ད་ལྟ་མི་སྣང་། ༼༣༽《ནག་རྩིས་ཀྱི་སྔོན་འགྲོ》རེའུ་མིག་ད་ངབཅས་པ་ཞིག་གི་དཔེ་རྒྱུན་པར་མ་ཞིག་མགོ་ལོག་ན་བཞུགས། ༼༤༽《དཔལ་གཡུལ་ལས་རྣམ་པར་རྒྱལ་པའི་རྒྱུན་དོན་དབྱངས་འཆར་ཆེན་མོ》ཞེས་པའི་བསྟན་བཅོས་བམ་ཚད་ཤིན་ཏུ་ཆེ་བ་ཞིག་སྔར་མགོ་ལོག་ཁང་སར་དཔོན་ཚང་དུ་ཡོད་པར་ཐོས་ཤིང་ད་ལྟ་དེའི་དཔེ་རྒྱུན་ཡོད་མེད་མི་གསལ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn