པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 12:46:52     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ནི་རབ་བྱུང་བཅུ་གཉིས་པ་ནས་བཅུ་གསུམ་པའི་བར་གྱི་མི་སྟེ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་བྱོན་པ་ཡིན་ཞིང་། ཁོང་དགུང་ལོ་གཞོན་དུས་ནས་དབུས་སེ་ར་ཐེག་ཆེན་གླིང་གི་དགོན་པའི་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་མཛད། མདོའི་སྐོར་ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་ལྔ་དང་། སྔགས་གཞུང་ཆེན་མོ་རྣམས་ལ་གསན་བསམ་མཛད་པར་མ་ཟད། ཚད་མ་རིག་པ་དང་། བོད་ཀྱི་བརྡ་སྤྲོད། རིག་པ་སྙན་ངག ཡི་གེའི་རིག་པ་སོགས་ལའང་གསན་བསམ་ནན་སྨིན་མཛད་དེ་མཁས་པ་ཆེན་པོར་གྱུར། མཁས་པའི་དབང་པོ་ཚོགས་པ་སྟོང་གི་དབུས་སུ་དགེ་བཤེས་དཀའ་བཅུ་པའི་མཚན་རྟགས་བཞེས། མཁན་ཆེན་བློ་བཟང་སྦྱིན་པའི་སྤྱན་སྔར་དགེ་ཚུལ་སློང་གི་སྡོམ་པ་ཡང་དག་པར་མནོས་ཏེ་བསླབ་སྡོམ་མིག་འབྲས་ལྟར་བསྲུངས། ཁོང་སེ་ར་དགོན་པར་བཞུགས་རིང་ཕྱོགས་མཐའ་དག་གི་མཁས་དབང་སྐྱེས་ཆེན་དམ་པ་མང་པོས་ཕར་ཕྱིན་དང་དབུ་མ་སོགས་ཀྱི་དཀའ་གནད་འདྲི་བ་དང་ཚད་མའི་སྐོར་གྱི་དོགས་གནས་འདྲི་བ་སོགས་ཚང་མའི་དགེ་རྒན་ལྟར་གྱུར་ཅིང།། ཆབ་མདོ་འཕགས་པ་ལྷ་སོགས་བླ་སྤྲུལ་ཆེ་ཁག་རྣམས་ནས་ཀྱང་བརྩི་བཀུར་ཤིན་ཏུ་ཆེན་པོ་མཛད།

ཁོང་ནི་བོད་ཀྱི་བརྡ་སྤྲོད་རིག་པར་ཞིབ་འཇུག་ཟབ་སྨིན་མཛད་མྱོང་བ་ཞིག་ཡིན་པས་ཁོང་གི་སུམ་རྟགས་འགྲེལ་པ་འདི་བོད་ཕྱི་རབས་ཀྱི་མཁས་པ་མང་པོས་ཚད་མར་བཟུང་ཞིང་རྟགས་འཇུག་གི་དཀའ་གནས་རྣམས་ལ་ཁོང་གིས་དགོངས་གཞི་ཐུན་མོང་མིན་པ་འགའ་བཏོན་ཡོད་སྟབས། དེང་སང་སུམ་རྟགས་ཀྱི་དོན་ལ་ཞིབ་འཇུག་བྱེད་པོ་རྣམས་ལ་དཔྱད་གཞི་ཕུན་སུམ་ཚོགས་པ་ཞིག་ཡིན། ཁོང་གི་གསུང་ནི་སྤྱིར་མང་པོ་ཞིག་ཡོད་ངེས་ཀྱང་མི་རིགས་དཔེ་མཛོད་ཁང་དུ་སུམ་རྟགས་རྣམ་བཤད་དང་བྱམས་ཆེན་ཆོས་རྗེའི་རྣམ་ཐར། ཆབ་ཤོག་དང་དྲིས་ལན་སྐོར། ཚད་མ་དང་གཏམ་ཚོགས་སྐོར་བཅས་པོད་བྲིས་མ་ཆེ་ལེགས་ཤིག་ལས་མ་བཞུགས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།