སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་རིམ་བྱོན་གྱི་ལོ་རྒྱུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-17 11:53:48     རྩོམ་པ་པོ།   དཔའ་རིས་བློ་བཟང་རྒྱ་མཚོ།    ཀློག་ཐེངས།  

རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་དགུང་ལོ་སོ་གསུམ་པ་མེ་སྦྲེལ(སྤྱི་ལོ༡༧༡༦)ལོར་ཟི་ལིང་བརྒྱུད་ཨ་ལག་ཤར་ཕེབས་ནས།ཐོག་མར་བཛྲ་སྐྱབས་ཐེ་ཇེའི་གཞི་རུ་བྱོན་སྐབས། ཐེ་ཇེའི་སྲས་ཆུང་ལོ་གཉིས་ལོན་པ་ཞིག་ཡོད་པ་དེ་གོག་ནས་སོང་སྟེ། རྗེ་ཉིད་ཀྱི་སྐུ་པང་དུ་བསྡད་པས།རྗེ་ཉིད་ཀྱི་ཀྱང་ཐུགས་ཤིན་ཏུ་བརྩེ་བརྩེ་མཛད་ཅིང་། སྲས་ཆུང་དེའི་དབུ་ལ་བྱུག་པ་གནང་ནས་ཨ་ཙ་མ་གསུང། ཐུགས་ཤིན་ཏུ་མཉེས་མཉེས་མཛད་སྐབས་སྲས་ཆུང་སྐུ་པང་དུ་གཅིན་བཏང་བར།རྗེ་འདིས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས། དེའི་ཕྱི་ཉིན་ནང་དུ་གདན་དྲངས་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུས་པར། རྗེ་ཉིད་ཐུགས་དགྱེས་ནས་ཚེ་དབང་སོགས་གནང་།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་རབ་བྱུང་བསྒྲུབས་ཏེ་རྗེ་འདིའི་ཐུགས་སྲས་སུ་གྱུར། མཚན་ལ་ངག་དབང་ལྷུན་གྲུབ་དར་རྒྱས་སམ་ངག་དབང་རྡོ་རྗེར་གསོལ།ཐེ་ཇེའི་རིགས་སུ་འཁྲུངས་པས་ལྷ་བཙུན་ངག་དབང་རྡོ་རྗེར་འབོད། ཁོང་གི་གོ་གནས་དང་འབྲེལ་བའི་མཚན་ཡོངས་རྫོགས་ལ། ཨ་རི་ལུག་སན་ཨེར་ཏི་ནི་ཐོན་ཡོན་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཞེས་ཞུ་བ་ཡིན།ཨ་རི་ལུག་སན་ནི་སོག་སྐད་ཀྱི་འཕགས་པ་དང་། ཨེར་ཏི་ནི་ནི་མན་ཇི་སྐད་ཀྱི་རིན་པོ་ཆེ། ཐོ་ཡོན་ནི་རྗེ་རིགས་སམ་ལྷའི་རིགས་ཀྱི་བཙུན་པ།ནོ་མོན་ཧན་ནི་ཆོས་རྒྱལ། དེར་བརྟེན་ཐོ་ཡོན་ནོ་མོན་ཧན། དར་རྒྱས་ནོ་མོན་ཧན། ལྷ་བཙུན་ངག་དབང་ལྷུན་གྲུབ་དར་རྒྱས། ལྷན་བཙུན་ངག་དབང་རྡོ་རྗེ།ལྷན་བཙུན་པཎྡི་ཏ། སྡེ་སྲིད་ཧོ་ཐོག་ཐུ་སོགས་སུ་འབོད་པ་ཡིན།

ལྷ་བཙུན་པཎྡི་ཏ་ཞེས་པའི་ཆོ་ལོ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་གནང་བ་སྙམ།མདོ་སྨད་ཆོས་འབྱུང་དུ། ཐུའུ་བཀྭན་རིན་པོ་ཆེས་ལྷ་བཙུན་པཎྡི་ཏ་ཞེས་བསྔགས་བརྗོད་ཆེ་བ་དེ་ཉིད་ཁྲིར་ལོ་ངོ་གཉིས་གསུམ་ལས་མ་བཞུགས་ཀྱང་དགེ་འདུན་གྱི་སྤྱི་རྫས་དང་འགྲིག་ལམ་ལ་དག་ཐེར།འཆད་ཉན་གྱི་རྟིང་བསྐུལ། ཚུལ་མཐུན་སློབ་གཉེར་བ་རྣམས་གཟིགས་བསྐྱངས་དང་། ཚུལ་མིན་ལོག་སྤྱོད་མཁན་རྣམས་ལ་ཚག་འཛིན་གང་དྲག་གནང་བས་ཕྱིས་འབྱུང་མིག་རྐྱེན་ལ་ཕན་པའི་སྐུ་དྲིན་ཆེ་བ་བྱུང་།ཞེས་བྱུང་། དུས་ཕྱིས་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པས་རྗེ་འདིའི་གསུང་རྩོམ་གཟིགས་ནས་སླར་ཡང་ལྷ་བཙུན་པཎྡི་ཏ་ཞེས་བསྔགས་བརྗོད་རྒྱ་ཆེར་མཛད།

ཁོང་རབ་བྱུང་བཅུ་གཉིས་པའི་ཤིང་ལུག(སྤྱི་ལོ༡༧༡༥)ལོར་ཨ་ལག་ཤའི་ཞེང་ཀུན་ཏཱ་ལའི་སུ་མུ་ཙབ་སུར་ཨོ་སུ་ཞེས་པའི་ས་ཆར།ཡབ་བཛྲ་སྐྱབས་ཐེ་ཇེ་དང་། ཡུམ་རྣམ་འཛོམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གཉེས་བཞེས་པ་ལ་རྗེ་ཚངས་དབྱངས་རྒྱ་མཚོས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐྱེ་བར་ངོས་འཛིན་མཛད་པ་ཡིན་ཏེ།དྭགས་པ་ཀུན་གྲོལ་ནོ་མོན་ཧན་ཐུབ་བསྟན་རྒྱ་མཚོས་མཛད་པའི་ལྷན་བཙུན་ནོ་མོན་ཧན་གྱི་སྐྱེས་རབས་གསོལ་འདེབས་ལས། མཐུ་སྟོབས་གནམ་ལྕགས་འབར་བའི་རྡོ་རྗེ་ཡིས།།བདུད་སྡེ་རིས་ཚོགས་གཞོམ་བྱེད་ཆོས་ཀྱི་རྒྱལ། །ངག་དབང་བློ་བཟང་རྒྱ་མཚོའི་སྲས་ཀྱི་མཆོག  །སྡེ་སྲིད་སངས་རྒྱས་རྒྱ་མཚོར་གསོལ་བ་འདེབས། །ཞེས་གསུངས་པས་དམ་པ་འདིའི་སྐུ་འཕྲེང་རྗེས་མ་རྣམས་ལ་སྡེ་སྲིད་ཧོ་ཐོག་ཐུ་ཞེས་ཞུས་ཤིང་།སྐུ་ན་ཕྲ་མོའི་དུས་ནས་བཟུང་རྗེ་ཚངས་དབྱངས་པས་གམ་བཅར་དུ་འཇོག་གནང་མཛད་པས་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར།དགུང་ལོ་ཉི་ཤུའི་བར་དུ་རྗེ་ཉིད་དང་ལྷན་དུ་ཨ་མདོའི་དཔའ་རིས་ཇག་རུང་དང་སོག་ཡུལ་ཨ་ལག་ཤ་སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད། སྤྱི་ལོ༡༧༣༥ལོར་དགུང་ལོ་ཉི་ཤུ་བཞེས་དུས་རྗེ་ཚངས་དབྱངས་པས་དབུས་སུ་སློབ་གཉེར་དུ་རྫོང་བདའ་མཛད་དེ་ཟླ་བཅུ་གཉིས་པའི་ནང་ལྷ་སར་ཕེབས་ཏེ་རྒྱལ་དབང་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཞབས་ལ་གཏུགས།ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དུ། ཨ་ལག་ཤ་ནས་ཨེ་བུས་ཝང་གི་ཚ་བོ་ལྷ་བཙུན་ཐོ་ཡོན་དར་རྒྱས་དང་དབུ་མཛད་བཅས་འབྱོར་བས་དངོས་འབུལ་རྒྱ་ཆེན་པོ་དང་བཅས་སྒེར་མཇལ་ཞུས།ཞེས་དང་། སྤྱི་ལོ༡༧༣༦ལོར་ཐོ་ཡོན་དར་རྒྱས་སོགས་སོ་སོ་ནས་དངོས་འབྱོར་རྒྱ་ཆེན་བཏེག་སྟེ་ཞབས་བརྟན་ཕུལ། ཟླ་བཞི་བའི་ནང་དུ་ཐོ་ཡོན་དར་རྒྱས་ཀྱི་ཟླ་བོ་རྣམས་ལ་ཐོན་ཕྱག་གནང་།ཞེས་དང་། སྐབས་དེར་ལྷ་བཙུན་པས་མུ་མཐུད་དུ་བོད་ཀྱི་སར་ཐུགས་གཉེར་མཛད་པ་ཡིན།

ས་ཕོ་རྟ(སྤྱི་ལོ༡༧༣༨)ལོར་ཨེ་བུས་ཝང་གི་ཚ་བོ་ལྷ་བཙུན་ཐོ་ཡོན་དར་རྒྱས་ཀྱི་མི་སྣ་རྣམས་ལ་སྐུ་རྟེན་སོགས་གནང་ཆ་སྤམ་མཐོ་བ་དང་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་བསྩལ།ཅེས་པའི་ཚིག་གིས་མི་སྣ་འདི་རྣམས་ལྷ་བཙུན་ནོ་མོན་ཧན་གདན་འདྲེན་དུ་འོངས་པ་བསྟན།རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དུ། དར་རྒྱས་ནོ་མོན་ཧན་གྱིས་ཀྱང་འདི་ནས་ཐུགས་ཀྱི་རྟེན་ལ་བྱང་ཆུབ་མཆོད་རྟེན་མི་ཚད་དངུལ་ལས་བསྒྲུབ་པ།གཞན་ཡང་དུང་དཀར་གསེར་གཤོག་མ་ཆ། གདུགས། འཕན། རྒྱལ་མཚན་སོགས་ཕོ་བྲང་ནས་ལེན་དགོས་པ་རྣམས་ཕོ་བྲང་ནས་དང་།འདི་ག་གནས་བསྒྲུབ་དགོས་པ་རྣམས་འདི་རང་ནས་བསྒྲུབས་ཟིན། ད་སོག་ཡུལ་འདི་ན་ཆོའཕྲུལ་སྨོན་ལམ་ཞིག་ངེས་པར་འཛུགས་དགོས་ཞེས་བཀའ་གནང་ནས་རྟེན་རྣམས་ལ་གཟུངས་གཞུག་ཚད་ལྡན་ཕུལ་ནས་རབ་གནས་སྒྲུབ་མཆོད་དང་འབྲེལ་བ་གཟབ་རྒྱས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ལྟར་མཛད་ནས།ས་མོ་ལུག(སྤྱི་ལོ༡༧༣༩)གི་ལོ་ལ་ཨ་ལག་ཤ་རུ་སྨོན་ལམ་ལྷ་ལྡན་ལྟར་བཙུགས་པར་མཛད། ཅེས་སོ། །

མེ་ཕོ་སྟག(སྤྱི་ལོ༡༧༤༦)ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཞིང་གཞན་དུ་གཤེགས་ཁར་དཔའ་རིས་ཇག་རུང་དགོན་ཆེན་ཡར་ལུང་ཐོས་བསམ་དར་རྒྱས་གླིང་སྐྱོང་བའི་ཁུར་གཏད་པས།ཡར་ལུང་གི་མཁན་པོ་དང་དགོན་བདག་ཟུང་དུ་མཛད་དེ་ཆོས་སྲིད་གཉིས་ཚུལ་བཞིན་དུ་བསྐྱངས། དེར་བརྟེན་ཨ་ལག་ཤ་མཁན་པོར་གྲགས།རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དུ། མེ་ཕོ་སྟག(སྤྱི་ལོ༡༧༤༦)ལོར་རྒྱལ་དབང་མཆོག་སྐུ་མཚམས་གྲོལ་རྗེས་ཨ་ལག་ཤ་ནས་དད་སྟོབས་ཀྱིས་མངོན་པར་འཕགས་པའི་ལྷ་བཙུན་ཐོ་ཡོན་དར་རྒྱས་ངོ་གཡོག་རྣམས་འབྱོར་བ་མཇལ་ཁ་དང་།ཞེས་དང་། ཐོ་ཡོན་དར་རྒྱས་ནས་བསྐུལ་མ་ཞུས་ངོར་འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀུན་གསལ་ཤེས་རབ་མཆོག་སྦྱིན་ཞེས་པ་དང་དཀྱིལ་མཆོག་འཇམ་དབྱངས་དགྱེས་པའི་ཞལ་སྟོན་ཞེས་པ་བཀའ་རྩོམ་གནང་།ཞེས་དང་། སྐབས་འདིར་ལྷ་བཙུན་ཐོ་ཡོན་དར་རྒྱས་ནས་དོན་གཉེར་ཆེན་པོས་གསོལ་བ་བཏབ་པ་བཞིན་ཆུ་བཟང་སྤྲུལ་བའི་སྐུ་དང་།དེ་མོ་སྤྲུལ་བའི་སྐུ་བཅས་སྤྲུལ་སྐུ་རྣམ་པ། གདན་ས་གསུམ་དང་། རྒྱུད་སྟོད་སྨད་ཀྱི་དགེ་བའི་བཤེས་གཉེན་དུ་མ་སོགས་ཁྱོན་དགེ་འདུན་ཆིག་སྟོང་ལྔ་བརྒྱ་སྐོར་ལ་ཉིན་གསུམ་གྱི་རིང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་དང་བཅས་པ་སླ་ཆོས་སུ་མ་སོང་བའི་གསུང་བཤད་དང་ཕྱག་ལེན་སོགས་རྒྱས་པར་གནང་།ཞེས་བྱུང་།ས་འབྲུག(སྤྱི་ལོ༡༧༤༨)ལོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས། ཐོ་ཡོན་དར་རྒྱས་གང་ཅིར་ལྷག་བསམ་བཟང་བོས་བསྟན་པ་དང་རྗེ་ཉིད་ལ་གུས་པ་མི་དམན་པ་བཅས་སུ་དགོངས་ཁོང་བ་ལ་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་གྱི་ཆོ་ལོ་དང་འཇའ་ས་སྐུ་བརྙན་བྱིན་རྟེན་གྱིས་གཙོས་མཁན་ཆས་ཆ་ཚང་སོགས་གནང་ཆ་གྱ་ནོམ་པ་བསྩལ་ཅིང་གཡོག་རྣམས་ལའང་གོ་བབས་དང་བསྟུན་པའི་གནང་ཆ་བསྩལ།ཅེས་དང་། དེས་ན་ཁོང་ལ་ནོ་མོན་ཧན་ཞེས་པའི་འབོད་ཚུལ་འདི་ནས་བྱུང་ཞིང་། ཁོང་ཉིད་རྩེ་པ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཛད་མྱོང་བའི་དཔང་རྟགས་ཀྱང་རེད།བྱ་བ་འདི་ལ་གོ་དོན་ཟབ་མོ་ཞིག་མཆིས་འདུག་སྟེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་ནས་ལྷ་བཙུན་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུའི་སྐྱེ་བ་ཡིན་པར་ཐུགས་ནས་བཞེས་ཤིང་།དཔའ་རིས་ཇག་རུང་དགོན་ཆེན་གསར་བ་འདེབས་མཁན་ནམ་སྐབས་སྐབས་ཨ་ལག་ཤར་བཞུགས་པའི་རྒྱལ་བ་ཚངས་དབྱངས་པའང་སྐུ་ངོ་མར་ཞལ་གྱིས་བཞེས་པ་ཡིན།ཡང་། ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དུ། སྐུ་ཞབས་རིན་པོ་ཆེ་ཞིང་བརྗེས་ནས་ངེད་རང་བོད་དུ་དགོངས་རྫོགས་ལ་ཕྱིན་ཏེ།རྒྱལ་དབང་རིན་པོ་ཆེ་ལ་དགེ་ལུགས་ཀྱི་ས་གར་འཛུགས་རྩིས་ཡོད་ཅེས་རྒྱུ་མཚན་ཞུས་པར། རྒྱལ་དབང་རིན་པོ་ཆེ་ནས་ཀྱང་རྣམ་རྒྱལ་གྲྭ་ཚང་ལ་དགེ་ལུགས་ཀྱི་ས་གར་འཛུགས་རྩིས་བྱས་ཏེ།དགེ་ལུགས་ཀྱི་ས་གར་ཤེས་མཁན་བཙལ་བས་མངའ་རིས་བར་དུ་བཙལ་ཀྱང་རྩད་མ་ཆོད་ཅེས་གོང་གི་ཡི་གེར་བཀོད་པ་ལས་ཁོང་དང་རྒྱལ་དབང་སྐུ་འཕྲེང་བདུན་པའི་བར་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་བདེན་དཔང་བྱེད་ཐུབ།ཡང་ཡིག་ཆ་ཁ་ཤས་སུ་ཐེངས་འདིར་ལྷ་བཙུན་ནོ་མོན་ཧན་གྱིས་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད་ནས་ལྷ་རམས་པའི་དགེ་བཤེས་ཀྱི་མཚན་རྟགས་བཞེས་པར་བཤད།ཚངས་དབྱངས་པའི་རྣམ་ཐར་དུའང་དར་རྒྱས་ནོ་མོན་ཧན་དང་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་གསུང་གླེང་མཛད་པའི་སྐོར་གསལ་བོར་བཀོད་ཡོད།ལོ་འདིའི་ཟླ་བཞི་བའི་ནང་དུ་ལྷ་བཙུན་ངག་དབང་རྡོ་རྗེ་མཆོག་ནས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་དྲུག་པ་དང་མཇལ། པཎ་ཆེན་སྐུ་འཕྲེང་དྲུག་པའི་རྣམ་ཐར་ལས།ཉི་ཤུ་ལྔ་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པས་ཨ་ལག་ཤ་ཐོ་ཡོན་ལྷུན་གྲུབ་དར་རྒྱས་དཔོན་གཡོག་དང་བཅས་མི་སྣ་སུམ་ཅུ་ལྷག་ལ་ཕྱག་དབང་དང་མང་ཇ་བསྩལ།ཐོ་ཡོན་དཔོན་གཡོག་གིས་ཞབས་བརྟན་དུ་དངོས་འབུལ་བྱས། ཞེས་སོ། །དེའི་རྗེས་སུ་སྤྱི་ལོ༡༧༥༠ལོ་ནས་༡༧༥༦ལོའི་བར་ཐེངས་ལྔ་ཙམ་ལྷ་བཙུན་པས་མི་སྣ་བརྫངས་ནས་རྒྱལ་དབང་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་འཚམས་ཞུ་དང་ཕྱག་འཕྲིན་ཕུལ།༡༧༥༠ལོར་རྒྱལ་དབང་མཆོག་གིས་ཐོ་ཡོན་དར་རྒྱས་ཀྱིས་ཞུས་ངོར་དག་ཞིང་དུ་སྐྱེ་བའི་སྨོན་ཚིག་དང་། ལྷ་བཙུན་ཉིད་ཀྱི་ཡུམ་དང་གཅུང་མོ་གཉིས་ཀྱི་ངོར་རྗེས་འཛིན་སྨོན་ཚིག་བཀའ་རྩོམ་གནང་།སྐབས་དེར་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ལྷུན་གྲུབ་དར་རྒྱས་ཀྱིས་སྙན་ཚིག་གི་ལམ་ནས་དྲངས་པའི་ཞུ་འཕྲིན་ཚིགས་སུ་བཅད་པ་ཕུལ་བའི་བཀའ་ལན་དུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་གནང་བ་ནི།ལེགས་བྱས་རྣམ་པར་དྭངས་པའི་རྒྱ་མཚོ་ལས། །ཉེ་བར་འཐོན་པའི་སྤྲིན་དཀར་ལང་ཚོ་ཅན། །ཆོས་དོན་ཡང་དག་གསལ་བའི་བློ་གྲོས་ཀྱི།།ཆུ་རིས་འགོག་མེད་བཀྲ་བ་གང་དེ་ལ། །ས་སྲུང་ས་ལ་རྒྱུ་བའི་སྟོབས་བཞིན་དུ། །བདུད་རིགས་འདམ་བུའི་སྙེ་མ་མཐར་བྱེད་པའི།།གསང་བདག་ས་སྤྱོད་རིགས་ཀྱི་ཐིག་ལེ་ལས། །གཞོན་ནུའི་སྐྱེད་མཆེད་ཁོ་ལག་རྫོགས་པ་ཁྱོད། །འཇིག་རྟེན་ཡོངས་ཀྱི་བསོད་ནམས་འདུན་ས་རུ།།མངོན་པར་བོས་པའི་དགེ་མཚན་མཆོག་གི་མགྲོན། །མཉམ་མེད་ཟས་གཙང་སྲས་ཀྱི་བརྟུལ་ཞུགས་ལ། །སྤྱོད་པའི་སྐལ་བཟང་ཆོ་གར་བྲེལ་བཞིན་དུ།།ས་སྟེང་རྒྱུ་ཡང་ཐར་ལམ་སྲོག་གི་དབུགས། །ཕྲ་མོའི་འགྲོ་འོང་བྲལ་བ་གང་དག་གིས། །ཟེགས་མ་ཙམ་ཞིག་མྱོང་ཡང་བདེ་ཆེན་གྱི།།སྲོག་སྦྱིན་སྟེར་བྱེད་དམ་ཆོས་བདུད་རྩིའི་སྨན། །སྐབས་གསུམ་ཡུལ་ས་ལས་འབབ་དག་བྱེད་བཞིན། །ཐོས་བརྩོན་སྙིམ་པས་འཐུང་ལ་མི་སྐྱོ་ཞིང་།།བསམ་སྒོམ་ཡིད་ཀྱི་ཏིང་འཛིན་ལ་གཞོལ་བ། །དྲང་སྲོང་དམ་པའི་ཚུལ་ལ་གནས་པས་སྤྲོ། །ཟོལ་མེད་དད་པའི་ས་གཞིར་རབ་ཡངས་པར།།ཕུན་ཚོགས་སྲིད་ཀྱི་མེ་ཏོག་སྟུག་པའི་ཚལ། །མཐར་གནས་ཡུལ་གྲུ་མཛེས་བྱེད་མདོངས་མཐའ་ཅན། །དཔྱོད་ལྡན་དགའ་བའི་ཟློས་གར་ཅི་ཡང་མཛེས།།ལེགས་ཚོགས་ཡིད་བཞིན་སྟེར་བའི་བསམ་འཕེལ་དང་། །མཆོག་གསུམ་བླ་མར་བཅས་པ་བསྟི་བའི་ཡུལ། །གངས་ཅན་རྒྱ་མཚོའི་ངོགས་ལས་རང་གནས་སུ།།འདོད་པ་གྲུབ་པའི་དེད་དཔོན་བཞིན་སོན་ཏེ། །དབྱངས་ཅན་དགའ་མའི་མགྲིན་པ་ལས་བླངས་པའི། །ཉམས་འགྱུར་བདུན་རྫོགས་སྙན་ངག་གླུ་ཡི་གཏམ།།སྣ་ཚོགས་བདོག་པ་བཟང་བོའི་བཀྲ་ཤིས་སྐྱེས། །ཕོ་ཉའི་ལག་གིས་མངོན་སུམ་སྣང་བར་སོན། །དགེ་མཚན་ཁྱད་པར་དུ་མའི་རིན་ཆེན་རྡོ།།འཕང་མཐོར་བརྩིགས་པའི་གྲུ་འཛིན་རི་བོ་ལ། །གནས་བཅས་རྒྱལ་བ་གཉིས་པའི་རིང་ལུགས་ཀྱི། །གསེར་བཟང་ཁྱད་ཆོས་འབར་བའི་འོད་ཅན་བདག།འཁོར་བའི་མཚན་ཉིད་རྨོངས་རྒྱུའི་འཕྲུལ་འཁོར་གྱིས། །མི་གཙང་ལུས་སུ་འཕངས་པའི་སྒྱུ་མའི་གྲོང་། །ནམ་ཡང་ཡིད་བརྟན་མེད་ཀྱང་དེང་གི་དུས།།གློ་བུར་ཉེར་འཚེའི་དགྲ་ཟླ་ཉེ་མ་གྱུར། །གང་གི་རེག་བྱ་ཚ་གདུང་དང་འཁོན་པའི། །བསིལ་སྦྱིན་ཁ་བ་ཅན་གྱི་སྨན་ལྗོངས་འདིར།།སྔོན་བྱོན་མཁས་གྲུབ་ཡ་རབས་བགྲང་ཡས་ཀྱི། །རྣམ་ཐར་མནྡ་ར་བའི་འཕྲེང་མཛེས་ཀྱང་། །དེང་དུས་སྐྱེ་རྒུའི་ཕན་བདེ་ཁམ་ཟས་སུ།།སྤྱོད་པའི་སྨྱོན་ཐབས་མཁན་པོ་དུ་མ་ཡིས། །རང་འདོད་གྱ་ཚོམ་གོམ་པ་འདོར་བའི་རྡུལ། །མི་གཙང་འཚུབ་མས་ཕྱོགས་ཀུན་མུན་བཞིན་གཏིབས།།ཡུལ་དུས་འདི་འདྲར་ས་གསུམ་མ་ལུས་ལ། །ངལ་གསོའི་གྲིབ་མ་སྟེར་བའི་བཅོམ་ལྡན་འདས། །མངོན་སུམ་གདུགས་དཀར་ཁྱོན་བཞིན་མཁར་ལྡིང་ཡང་།།རླུང་ཁྱེར་ཤིང་ལོའི་ཚད་དུ་སུ་ཞིག་བརྩི། །དེ་ལྟ་མོད་ཀྱི་ཕན་བདེའི་ཟིལ་མངར་བཅུད། །སྟེར་མཛད་ཐུབ་བསྟན་ཨུཏྤལ་ཆུན་པོའི་རྒྱན།།ཕྱོགས་བྲལ་ཡིད་ཅན་རྣ་གོང་མཛེས་བྱེད་དུ། །སྤེལ་འདོད་ལྷག་བསམ་ཟླ་བའི་རྗེས་འགྲོར་དགེ །སྔོན་བསགས་དགེ་ལེགས་ཆུ་ཤེལ་དག་པའི་ཁམས།།སྦྱངས་སྟོབས་འོད་རིས་དཀར་པོའི་ཟླ་བ་ཁྱོད། །དམ་པས་བསྔགས་འོས་ལེགས་སྤྱད་མཁའ་དབྱིངས་སུ། །ངལ་མེད་རྒྱུ་བའི་རྩེད་འཇོ་ལྷུར་བྱོས་ཤིག།སྲོག་འདི་སྐད་ཅིག་གློག་གི་ལྕེ་ལྟར་གཡོ། །ལང་ཚོའི་དཔལ་ཡང་འཇའ་ལྟར་རིམ་གྱིས་ཡལ། །ཡུལ་གྱི་འདོད་པ་སྤྲིན་ནག་གྲིབ་མ་བཞིན།།རང་གཞན་བདེ་བའི་སྲོག་ལ་ཤིན་ཏུ་རྣོ། །དེ་ཕྱིར་འདི་སྣང་ཙམ་གྱི་བྱ་བ་ལས། །རིང་དུ་བརྒལ་ཏེ་ཐོས་དོན་ནོར་བུའི་གླིང་།།འཕང་ལོའི་བགྲོད་པར་ལྟོས་མིན་ཉིན་རེ་བཞིན། །ཡིད་ཀྱི་ཤིང་རྟ་བསྐྱོད་པའི་ངལ་བ་བསྟེན། །ཆ་ཤས་ཟེགས་མའི་མདས་ཀྱང་བདུད་ཀྱི་སྡེ།།ཕྱེ་མར་འཐག་བྱེད་གསང་སྔགས་བདེན་པའི་མཐུ། །ཏིང་འཛིན་རྡོ་རྗེའི་རྭ་བས་ཉེར་བསྲུངས་ནས། །འདི་ཕྱིའི་ལེགས་ཚོགས་འགྲུབ་པའི་སྨོན་འདུན་བགྱིད།།ཚེ་རིང་ཡུལ་གྱི་བསྐལ་ཡང་བློ་གྲོས་ཀྱི། །ར་བར་སྐྱེད་བསྲིངས་མོལ་མཆིད་ཙན་དན་དྲི། །ཡིད་ལ་འབབ་པའི་ཉམས་འགྱུར་རླུང་ཕྱོགས་མཐུས།།དྲངས་ཏེ་ཕྱོགས་འདིར་ཆད་མེད་འཐུལ་བར་རིགས། །འཕྲིན་ཡིག་རྐང་བ་བཞི་རྫོགས་གཉིས་འཐུང་དབང་། །སྐྱེས་ལན་ཁུར་གྱི་ཐེག་པས་མི་སྐྱོ་བཞིན།།བསིལ་སྦྱིན་རྒྱལ་བོ་སྨིན་དྲུག་དགའ་མ་དང་། །ལྷན་ཅིག་རྩེ་བའི་ཟླ་ཚེས་དགེ་བར་བྲིས། །ཞེས་པའོ། །སྤྱི་ལོ༡༧༥༥ལོར་ཨ་ལག་ཤ་ནས་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་གྱིས་ཞབས་པད་བརྟན་གསོལ་དང་སྐུའི་མཚམས་ཞུ་ཉིས་འཐུས་བཅས་ལ་དངོས་འབུལ་སྤམ་མཐོ་བ་དང་བཅས་མི་སྣ་ཆེད་དུ་མངགས་པ་ངག་དབང་འོད་ཟེར།ཞེས་དང་།

སྤྱི་ལོ༡༧༥༦ལོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ཐོ་ཡོན་དར་རྒྱས་ནས་བསྐུལ་མའི་ཞུ་ཡིག་ཕུལ་བ་བཞིན་དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་གྱི་བཀའ་རྩོམ་གནང་།ཞེས་དང་། ཡང་ཁོང་བས་དུས་འཁོར་གྱི་སྲུང་འཁོར་རྒྱས་པ་དང་། དབང་གི་སྐོར་སོགས་ཀྱི་དྲི་བ་འགའ་ཞིག་ཞུས་པའི་ལན་དང་བཀའ་ཤོག་གནང་རྟེན།མི་སྣར་ཐོན་ཕྱག་ཅེས་རྗེ་བཙུན་ལྕང་སྐྱ་རོལ་བའི་རྡོ་རྗེས་གསུངས་སོ། །ལྷ་བཙུན་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་ཕྱག་འཕྲིན་ཕུལ་བས་རྒྱལ་དབང་བདུན་པས་དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ་གནང་བའི་རྒྱུ་མཚན་ནི།༡༧༥༦ལོར་པཱ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་གསར་བཞེངས་བྱེད་སྐབས་དར་རྒྱས་ནོ་མོན་ཧན་གྱིས་གཙོ་མཛད་ནས་དགོན་པ་གསར་འདེབས་ཀྱི་ཁུར་བཞེས།དགེ་འདུན་འདུ་བའི་འཁོར་ལོ་ཡང་མེད་དུ་མི་རུང་བ་ཞིག་ཡིན། འདུ་ཁང་ཆེན་མོའི་རྩེ་ཐོག་གི་བུམ་པའི་ནང་དུ་དགེ་འདུན་འདུ་བའི་འཁོར་ལོ་བཞུགས་ཡོད་པ་ནི་ཕལ་ཆེར་རྒྱལ་དབང་བདུན་པས་སྒྲུབ་ཚུལ་གནང་བ་ལྟར་བཅུག་པ་ཡིན།ལོ་དེའི་ཟླ་དགུ་བར་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ཐོ་ཡོན་དར་རྒྱས་ཀྱི་མི་སྣ་རབ་འབྱམས་པ་ངག་དབང་བསྟན་དར་ཅན་ནས་ཞུ་ཡིག་རྟེན་བཅས་དང་།སྲིང་མོ་ཚེ་རིང་དབང་མོ་འདས་པའི་བསྔོ་རྟེན་བཅས་ཕུལ་བར་རྒྱལ་དབང་གིས་ལྗགས་བསྔོ་ཡང་གནང་།སྤྱི་ལོ༡༧༥༧ལོ་འགོར་རྒྱལ་དབང་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་སྐུ་མྱ་ངན་ལས་འདས་ཤིང་།དར་རྒྱས་ནོ་མོན་ཧན་གྱིས་མཆོད་འབུལ་རྒྱ་ཆེན་པོ་ཕུལ། པ་རིང་ཁེ་དགོན་པ་དགའ་ལྡན་བསྟན་རྒྱས་གླིང་ལེགས་གྲུབ་བྱུང་ནས་མཛད་སྒོའང་གཟབ་རྒྱས་ངང་སྤེལ།རྗེ་ཚངས་དབྱངས་པའི་སྤྲུལ་སྐུ་ཨ་ལག་ཤ་རྒྱལ་སྲས་ཚང་ཀུན་གྲོལ་ནོ་མོན་ཧན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་དགོན་པར་གདན་དྲངས་ཏེ་གདན་ཁྲིར་ཞབས་སོར་འཁོད།རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཛད་རྣམ་ཡང་འདི་ལོར་དགོན་འདིར་བརྩམས་གྲུབ་ཅིང་། རྣམ་ཐར་དེའི་མཇུག་ཏུ། དམ་པ་དེ་ཉིད་ཀྱི་སློབ་བུའི་ཐ་ཤལ་དུ་གཏོགས་པ་ཡུལ་མཐའ་འཁོབ་ཀྱི་སྤོང་བ་བ་ཤཱཀྱའི་བཙུན་པ་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་སམ།མིང་གཞན་ལྷ་བཙུན་ངག་དབང་རྡོ་རྗེ་ཞེས་བྱ་བས་དབང་ཕྱུག་ཅེས་པ་མེ་གླང་ལོའི་སྟོན་ཟླ་གསུམ་པའི་དཀར་ཕྱོགས་ཀྱི་ལྷ་ལས་བབས་པའི་དུས་ཆེན།བདེ་འབྱུང་གཙུག་རྒྱན་གྱི་འཁོར་ལོ་ཉ་གང་བའི་ཚེས་ལ་རྒྱ་ནག་གླང་རི་དང་རི་རྒྱུད་འབྲེལ་བ། བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་།མཉམ་མེད་ཐུབ་པའི་དབང་བོས་ཞབས་ཀྱི་པདྨོ་བཀོད་པ། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གིས་དབྱར་གནས་པར་ཞལ་གྱིས་བཞེས་པའི་གནས་ཆེན།སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དགེ་བསྙེན་དྷརྨ་ཏ་ལའི་འཁྲུངས་ཡུལ། ངོ་མཚར་བའི་མེ་ཏོག་ཚར་དུ་དངར་བ་ལ་ཡིད་འཕྲོག་པའི་དྲི་བཟང་ཀུན་ཏུ་འཐུལ་བའི་ཨ་ག་རའི་འཁྲི་ཤིང་གིས་ཉེ་བར་མཛེས་པ་ཨ་ལག་ཤའི་ཕན་བདེ་རྒྱ་མཚོའི་གླིང་(དགའ་ལྡན་བསྟན་རྒྱས་གླིང་གི་མཚན་གཞན)དུ་སྦྱར་བའི་ཡི་གེ་བ་ནི་རྩོམ་པ་པོ་རང་ཉིད་ཡིན་ནོ།།

དེ་རྗེས་ཀྱི་ལོ་བཞི་ལྔའི་རིང་གི་ལོ་རྒྱུས་གསལ་བོར་མ་མཐོང་།ཕལ་ཆེར་ཁོང་གིས་དགོན་པའི་མཁོ་དགུའི་ཡོ་བྱད་བསྒྲུབས་པ་དང་། ཆོས་ཐོག ཆོས་འཆད་ཉན་བཙུགས་པར་མཛད་པ། གསུང་རྩོམ་གནང་བ།རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་ཧན་ལ་དཔེ་ཁྲིད་མཛད་ནས་ཁོམ་ལོང་མ་བྱུང་བས་ས་ཕྱོགས་གཞན་ལ་ཕེབས་མ་ཐུབ་སྙམ། དེ་བས་ན་རྒྱལ་དབང་དང་པཎ་ཆེན།བླ་སྤྲུལ་ཆེ་ཁག  སྐྱེས་ཆེན་དམ་པ་གཞན་རྣམས་དང་ཕན་ཚུན་གྱི་འབྲེལ་བའི་གོ་སྐབས་དབེན་པས་རྣམ་ཐར་སོགས་སུ་འཁོད་མེད།

༡༧༦༠ལོར་ལྷ་སྐྱོང()རྒྱལ་བོས་པ་རིང་ཁེ་དགོན་པར་བཀོང་བཙུན་ཟི(གྷུཞེས་པའི་ཐེམ་ཡིག་གནང་།རྗེ་བཙུན་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་པ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་གི་བཅའ་ཡིག་ཆེན་མོ(གོས་སེར་བོའི་སྟེང་དུ་བཀྭན་ཏིང་ཕུའུ་ཤན་བཀྭན་ཆི་ཏ་ཀོོ་ཤྲཱི་ཞེས་པ་བོད་སྐད་དུ་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཆེན་པོ་ཞེས་ཐམ་གས་བརྒྱན་པའི་བཅའ་ཡིག་འདི་ད་ལྟ་པ་རིང་ཁེ་དགོན་པར་བཞུགས)རུ།དེང་སང་། རྒྱ་བོད་ཧོར་གསུམ་གྱིས་གཙོས་པའི་རྒྱ་མཚོའི་མཐར་གཏུགས་པའི་ས་སྟེང་ཀུན་ཏུ་བཤད་སྒྲུབ་ཀྱི་སྡེ་རྣམ་པར་དག་པས་ཁྱབ་པར་གྱུར་བ་ལས་འདིར་ནི་འཇམ་མགོན་ས་སྐྱ་པཎྡི་ཏས།ཨུ་རྒྱན་ཙ་ལནྡྷ་ར་དང་། །ཀོངྐ་ན་དང་སིནྡྷུའི་ཡུལ། །ཁ་ཆེ་དང་ནི་ཁ་ཤ་སོགས། །མ་ཁ་དང་ནི་ལི་ཡི་ཡུལ། །དེ་ནི་ཧོར་དང་ཧོར་ཆེན་པོ།།ཧ་ལ་ཤན་དང་ཉེ་བའི་ལྗོངས། །རྒྱ་ནག་རྒྱ་ནག་ཆེན་པོ་དང་། །གནྡྷ་ར་དང་འདོད་པའི་གཟུགས། །ཟངས་གླིང་དང་ནི་གསེར་གྱི་གླིང་།།ཟླ་བའི་གླིང་དང་སེངྒེའི་གླིང་། །བྷངྒ་པ་ཎྜ་ལ་སོགས། །སྔོན་ནི་ཁྱོད་ཀྱི་བསྟན་པའི་གཞི། །ཞེས་གསུངས་པའི་ནང་ཚན་འཛམ་གླིང་གནས་ཆེན་ཧ་ལ་ཤན་དུ་གྲགས་པ་འདིར་སྔོན་རྒྱ་ནག་གི་རྒྱལ་བོ་ཐང་ཐའི་ཟུང་གི་དུས་སུ་གནས་བརྟན་ཆེན་པོ་གདན་དྲངས་ཏེ་དབྱར་ཞལ་གྱིས་བཞེས་པར་ཡིག་ཚང་རྙིང་བ་ལས་བཤད་པ་དང་།ཆེན་པོ་ཧོར་དང་མིང་གི་དུས་སུ། འཇམ་མགོན་ས་སྐྱ་པཎྡི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཀརྨ་རང་བྱུང་རྡོ་རྗེ་སོགས་སྐྱེ་ཆེན་དམ་པ་དུ་མ་རིམ་པར་ཕེབས་ཤིང་དགེ་འདུན་གྱི་སྡེ་བཙུགས་པར་མཛད་པ་སོགས་བྱིན་རླབས་ཅན་གྱི་གནས་ཡིན་པ་དང་།གནས་ཀྱི་བཀོད་པ་ས་པདྨ་འདབ་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་ཚང་ཞིང་རྒྱབ་རིའི་ངོས་སུ་རྗེ་བཙུན་བྱམས་པའི་སྐུ་ལྟ་བུ་བྲག་རང་དོད་ཡོད་པའི་དགེ་མཚན་དུ་མ་དང་ལྡན་པའི་གནས་འདིར།ས་གསུམ་འགྲོ་བའི་འདྲེན་པ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཞལ་སྔ་ནས་སོགས་སྐྱེས་ཆེན་དམ་པ་དུ་མས་ལུང་བསྟན་པ་ལྟར།ཞེས་དང་། རབ་བྱུང་བཅུ་གསུམ་པའི་དབང་ཕྱུག་ཅེས་པའི་མེ་གླང་ལོར་གསར་དུ་བཏབ་པའི་འདུས་སྡེ་ཆེན་པོ་ཕན་བདེ་རྒྱ་མཚོའི་གླིང་ངམ།འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་བསྟན་རྒྱས་གླིང་ཞེས་མིང་བསྩལ། ཅེས་དང་། བཅའ་ཡིག་གི་མཇུག་ཏུ། ཨ་ལག་ཤ་ཞེས་གྲགས་པའི་གནས་ཆེན་གྱི་ཕན་བདེ་རྒྱ་མཚོའི་གླིང་གི་དགེ་འདུན་རྣམས་ལ་ཁྲིམས་སུ་བཅའ་བ་ཡི་གེ་བསླབ་གསུམ་རྣམ་པར་རྒྱས་པའི་ཉི་འོད་ཅེས་བྱ་བ་འདི་ཡང་མང་དུ་ཐོས་ཤིང་རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་པའི་ལྷག་བསམ་ཕུལ་དུ་བྱུང་བ་དང་ལྡན་པའི་ཨ་རི་ལུག་སན་ཐོ་་ཡོན་ནོ་མོན་ཧན་གྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར།ཡུལ་དུས་དང་བསྟུན་པའི་བླང་དོར་དང་། དཀྱིལ་འཁོར་ཆེན་པོའི་སྒྲུབ་མཆོད་ཀྱི་ཕྱག་ལེན་སོགས་ཀྱི་སྐོར་རྣམས་ཁོང་བ་རྣམས་ཀྱི་ས་བོན་ཇི་ལྟར་བྱུང་བ་ལ་གཞི་བྱས་ཏེ།རྒྱལ་ཁམས་པ་ལྕང་སྐྱ་རོལ་བའི་རྡོ་རྗེས་སྦྱར་བའི་ཡི་གེ་བ་ནི་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཨུ་ཅུ་མུ་ཆིན་ཏཱ་བླ་མ་གཱུ་ཤི་ངག་དབང་བསྟན་འཕེལ་གྱིས་བྲིས་པ་འདིས་ཀྱང་ཐུབ་པའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག  ཅེས་བྱུང་།༡༧༥༣ལོར་རྗེ་བཙུན་ལྕང་སྐྱ་རོལ་བའི་རྡོ་རྗེས་གོང་མ་ལ་དགོངས་པ་ཞུས་ཏེ། རང་ཡུལ་དུ་ཕེབས་ཤིང་ཡབ་གཤེགས་པར་དགེ་རྩ་སོགས་བསྒྲུབས་པར་མཛད་དེ།དེའི་ཕྱི་ལོར་པེ་ཅིན་དུ་ཕེབས། ཕར་ཚུར་ཡང་སོག་ཡུལ་བརྒྱུད་དེ་ཕེབས་པ་ཡིན། སྐབས་དེར་ཨ་ལག་ཤའི་ལྷ་བཙུན་ནོ་མོན་ཧན་ལྷུན་གྲུབ་དར་རྒྱས་རྗེ་བླ་མ་ཉིད(ལྕང་སྐྱ་རོལ་རྡོར)ལ་དད་པ་ཁ་ཞེ་མེད་པའི་སློབ་མའི་གཙོ་བོ་ཡིན་པས།འདི་རེས་ཀྱང་ནུས་པ་རྩལ་སྤྲུགས་ཀྱིས་བསྙེན་བཀུར་དང་ཨ་མདོར་ཕྱག་གཡོག་ཏུའང་ཕེབས་པ་སོགས་ཐུགས་ཟིན་ངེས་བྱུང་འདུག  ཅེས་དང་། ༡༧༦༥ལོར་ཨ་ལག་ཤ་ནས་ཐོ་ཡོན་ནོ་མོན་ཧན་ལྷུན་གྲུབ་དར་རྒྱས་ཁྲིན་ཏེར(ཐིཕེབས།ཁོང་གི་དཔལ་གསང་བ་འདུས་པའི་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཞུས་པར་ཐུགས་བྲེལ་གྱི་སྐབས་དང་ཐུག་པས་ཡོང་སྐབས་མ་བྱུང་བས།རིམ་ལྔ་ལྡན་རྫོགས་ཀྱི་བཤད་ལུང་རྒྱས་པ་ནོ་མོན་ཧན་དང་བདག་ཅག(ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས)དོན་གཉེར་བ་ཁ་ཤས་བཅས་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་བསྩལ།ཅེས་དང་། ༡༧༦༩ལོའི་དབྱར་རྗེ་བླ་མ(ལྕང་སྐྱ་རོལ་བའི་རྡོ་རྗེ)རི་བོ་རྩེ་ལྔར་ཕེབས། ཀུན་ཏུ་བདེ་བའི་ཚལ་གྱི་གཙུག་ལག་ཁང་རྟེན་དང་བཅས་པ་རབ་གནས་མཛད་རྒྱུའི་ཐུགས་དགོངས་སྐབས།མདོ་སྨད་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་རིན་པོ་ཆེ་དང་། ཨ་ལག་ཤ་ནས་ཐོ་ཡོན་ནོ་མོན་ཧན་བཅས་དེ་ཁར་ཕེབས་པས།རྗེ་བླ་མ་མཆོག་དང་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་རིན་པོ་ཆེས་གཙོ་མཛད། ཐོ་ཡོན་ནོ་མོན་ཧན་སོགས་དགེ་འདུན་མང་བོ་དང་བཅས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་རྒྱས་པ་དགེ་ལེགས་རྒྱ་མཚོའི་ཕྱག་ལེན་ལྟར་མཛད་ཅེས་རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་སོ།།

ལྷ་བཙུན་ནོ་མོན་ཧན་ངག་དབང་རྡོ་རྗེའི་མཛད་འཕྲིན་སྐོར་ལ་༡༧༦༩ལོར་རི་བོ་རྩེ་ལྔར་ཕེབས་ནས་རབ་གནས་མཛད་པ་ནི་བདག་གིས་མཐོང་བའི་ལོ་རྒྱུས་ནང་གི་མཐའ་མའི་ལོ་ཡིན།སྐུ་གཤེགས་པའི་ལོ་ནས་བརྩིས་ན་ལོ་བཅུའི་བར་གྱི་རྒྱང་ཁད་ཡོད། འདིའི་བར་གྱི་ལོ་རྒྱུས་རྒྱུས་ལོན་བྱེད་མི་ཕོད་མོད། འོན་ཀྱང་སྐུ་གཤེགས་པའི་ལོ་ཚིགས་ལའང་བཤད་ཚུལ་དུ་མ་ཡོད།དཔེར་ན། ཨ་ལག་ཤའི་མཁས་པ་རྡོ་རྗེ་སེངྒེའི་ཡིག་ཚང་ཞིག་ཏུ་ལྷ་སྐྱོང་ཁྲི་ལོ་ང་གཅིག་སྟེ་སྤྱི་ལོ༡༧༨༦ལོར་དགུང་ལོ་དོན་གཉིས་ལ་སྐུ་གཤེགས་པར་བཤད།འདི་ལ་འཁྲུལ་བ་མངོན་སུམ་དུ་སྣང་སྟེ། རྒྱུ་མཚན་ཅི་ཡིན་ཞེ་ན། ༡༧༨༠ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་དྲུག་པ་ཨ་ལག་ཤ་བརྒྱུད་པེ་ཅིན་ལ་ཕེབས་སྐབས་ངག་དབང་རྡོ་རྗེ་བཙོན་དུ་ལྷུང་ནས་སྐུ་གཤེགས་པའི་གཏམ་བདེན་པར་སྣང་བས་ཐེ་ཚོམ་བྱེད་རྒྱུ་ཅི་ཡང་མེད།པཎ་ཆེན་རིན་པོ་ཆེ་ཤར་ཕྱོགས་སུ་བྱོན་པའི་རྣམ་ཐར་ཉི་མའི་འོད་ཟེར་ཞེས་བྱ་བ་ལས་བློ་བཟང་རྡོ་རྗེ་ཝང་དང་དྭགས་པོ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སོགས་བཀོད་ཡོད་པ་ལས་ཐོ་ཡོན་ནོ་མོན་ཧན་ལྷ་བཙུན་ངག་དབང་རྡོ་རྗེ་འདི་ཉིད་མི་སྣང་བས་ཇི་ལྟར་འགྲེལ།སྤྱི་ལོ༡༧༨༠ལོར་པཎ་ཆེན་རིན་པོ་ཆེ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་དཔའ་རིས་ཡུལ་གྱི་ལུང་བ་དོག་པོ་ཞིག་བརྒྱུད་དྲོ་བབས་དང་བཅས་ཕེབས་པར་དྭགས་པོ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་དང་།ཇག་རུང་དགོན་ཆེན་གྱི་ཞབས་དྲུང་ནང་སོ་བཅས་དགེ་འདུན་བརྒྱ་སྐོར་གྱི་སེར་སྦྲེང་གིས་བསུས་ཏེ་ཕིང་ཆིང་ཕུའི་ཉེ་འདབས། རྗེ་ཉིད་ཀྱི་བཞུགས་ནས་སུ་རས་གུར་སོག་གུར།ཡོལ་གོར་དང་བཅས་པ་གསར་བསྐྲུན་དང་། ཞབས་ཕྱི་རྣམས་ལ་ཡང་སོག་གུར་རས་གུར་སོགས་ཕུན་སུམ་ཚོགས་པ་བཤམས་འདུག་པར་ཞབས་ཟུང་བཀོད།ཀུན་གྲོལ་ནོ་མོན་ཧན། ཇག་རུང་དགོན་ཐོས་བམ་དར་རྒྱས་གླིང་། དགོན་པ་དེའི་མཆོད་གཞིས་དཔའ་རིས་ཇག་རུང་བ་བཅས་ཐུན་མོང་དང་།པྲ་སྟི་རབ་རྒྱས་དགོན་གྱི་ཞབས་དྲུང་། ནང་སོ། གྲྭ་མང་། མཆོད་གཞིས་ཐུན་མོང་བཅས་ཀྱིས་ཞབས་བརྟན་གྱི་དངོས་འབུལ་སྤམ་མཐོ་བ་བསྟར་ཞིང་།ཀུན་གྲོལ་ནོ་མོན་ཧན་སོགས་མི་དྲག་རྣམས་ལ་ཇ་གྲལ་གྱི་ཐོག་གསུང་གླིང་མཛད། དེ་ནས་དཔའ་རིས་ཟུང་ཤན་བརྒྱུད་སོག་ཡུལ་ཨ་ལག་ཤར་ཆིབས་ཞལ་བསྒྱུར། ཏོར་གེ་ཨམ་པན་ཙང་ཇུན་ཨམ་པན་དང་ལིའུ་ཨམ་པན་གཉིས་སྐུ་མདུན་དུ་འབོད་པ་གནང་སྟེ།ཕུ་བོ་ཕྱག་མཛོད་དང་གསོལ་དཔོན་མཁན་པོ་བཅས་ཟླ་བོ་འབྲུམ་པ་མ་ཐར་བ་སུམ་བརྒྱ་ཙམ་ཞིག་ལྷ་ཐོར་འདེབས་ཆེད། ཨ་ལག་ཤ་དྭགས་པོ་ཞབས་དྲུང་གི་དགོན་པར་ལྷ་འབྲུམ་འདེབས་རྒྱུ་ཐག་བཅད་པས།ཨ་ལག་ཤ་ཆིང་ཝང་བློ་བཟང་རྡོ་རྗེ། སྲས་ཐའི་ཇི། སྐུ་ཚ་གུང་གཉིས་སོགས་དན་གཡོག་དུ་མ་ཕེབས་བསུར་འབྱོར་ཏེ་མཇལ་རྟེན་དང་བཅས་ཕྱག་དབང་ཞུས་ཤིང་དཀར་སྤྲོ་ཇ་གྲལ་གྱི་ཐོག་གསུང་གླེང་མཛད།དེ་ནས་ཆིང་ཝང་དང་དྭགས་པོ་ཞབས་དྲུང་ཐུན་མོང་ནས་ཚོགས་དབུར་སྤྱན་དྲངས་ཏེ་སྟོན་ཆེན་གྱི་ཐོག་དངོས་འབུལ་སྤམ་མཐོ་བ་བཏེག་ཅིང་སྒར་མང་ལ་འགྱེད་ཀྱང་བཏང་།ཀུན་གྲོལ་ནོ་མོན་ཧན་དྭགས་པོ་ཧུ་ཐོག་ཐུ་དང་། བསྟན་རྒྱས་གླིང་འདུས་སྤྱི་ནས་དངོས་འབུལ་གྱ་ནོམ་པ་བསྟར་ཞིང་སྒར་འགྱེད་ཀྱང་བཏག་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཉི་མའི་འོད་ཟེར་ལས་གསུངས་སོ།།དེས་ན་པཎ་ཆེན་སྐུ་འཕྲེང་དྲུག་པའི་མཛད་རྣམ་དུ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་གྱི་མ་ཡུམ་དང་སྐུ་མཆེད།བློ་བཟང་རྡོ་རྗེ་ཝང་གི་སྲས་སོགས་དང་། གཞན་འབྲེལ་བ་ཆེར་མེད་པའི་མིང་འཁོད་ཡོད་པ་ལས། བོད་དུ་མཚན་སྙན་གྱི་བ་དན་རྣམ་པར་གཡོ་བའི་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་པའི་མཚན་བཀོད་མེད་པས་སྐུ་གཤེགས་པའི་དཔང་རྟགས་སུ་གྲུབ།དེར་བརྟེན་ལྷ་བཙུན་ནོ་མོན་ཧན་ངག་དབང་རྡོ་རྗེ་ཕལ་ཆེར་སྤྱི་ལོ༡༧༨༠ལོར་སྐུ་མྱ་ངན་ལས་འདས་པ་སྙམ། དེའང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ལས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཉིན་གཅིག་ཁོ་བོ་མཇལ་དུ་ཕྱིན་ནས་སྐུ་དྲུང་དུ་ཕྱག་འབུལ་སྐབས།རྩེད་མོའི་རྣམ་པས་ཁྱོད་ཀྱིས་ང་ལ་ཕྱག་བྱེད་པ་དད་པས་ཡིན་ནམ། མཛེས་ལམ་གྱིས་ཡིན་ཞེས་ཕེབས་པ་ལ། དད་པས་ཡིན་མོད་ཞུས་པར།ཁྱོད་དད་པའི་མིག་གིས་ལྟ་ཤེས་སམ། །དད་པའི་མིག་གིས་ལྟ་ཤེས་ན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྒྲ་བསྒྱུར་མར་བ་ལོ་ཙྪ་དེ།།དག་པ་ལོངས་སྐུའི་ཚུལ་དུ་བཞུགས། །ཟེར་བ་གོ་ཡེ་ཞེས་གསུངས། བདག་ལ་དེ་ཙམ་ལས་མ་གསུངས་ཀྱང་རྗེ་བླ་མ་འཇམ་དབྱངས་བཞད་པ་སྤྲུལ་བའི་སྐུ་རིན་པོ་ཆེ་དང་།ལྷ་བཙུན་ནོ་མོན་ཧན་ལྷུན་གྲུབ་དར་རྒྱས་དང་། ཇ་སག་བླ་མ་དགེ་ལེགས་ནམ་མཁའ་སོགས་ལ། ངེད་རང་མར་བ་ལོ་ཙྪ་ཡིད་སྲིད་དེ་གཞན་ལ་ཡེ་མ་ལབ་ཅེས་དངོས་སུ་གསུང་ངོ་།།ཞེས་པའི་གསུང་འདི་ལ་དཔག་ན་ལྷ་བཙུན་ངག་དབང་རྡོ་རྗེ་དང་ལྕང་སྐྱ་རིན་པོ་ཆེ་གཉིས་ཀྱི་བར་དཔོན་སློབ་ཀྱི་འབྲེལ་བ་ཧ་ཅང་ཟབ་མོ་ཞིག་ཡོད་པ་རྟོགས་ཐུབ།ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་ལྗགས་རྩོམ་མང་དུ་གནང་ཡོད་དེ།ད་ལྟ་ཤིང་དཔར་དང་ཕྱག་བྲིས་སོགས་ཅི་རིགས་བཞུགས། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཆེན་པོ་ཧོར་གྱི་ཡུལ་དུ་ཨ་ལག་ཤར་རྡོར་དབྱིངས་སོགས་རྣམ་འབྱོར་རྒྱུད་གཙོ་བོར་གྱུར་བའི་རྒྱུད་སྡེ་དུ་མའི་ཆོ་ག་དཀྱིལ་འཁོར་སྒྲུབ་མཆོད་སོགས་ལག་ལེན་གཙང་མ་བྱེད་པའི་དགོན་སྡེ་བཙུགས་ཤིང་།འཁྲུལ་འཁོར་ལྕགས་མཁར་སྦྱིན་སྲེག་གི་སྐོར་སོགས་ཀྱི་ཡིག་ཆ་མང་དུ་རྩོམ་པ་པོ་ལྷ་བཙུན་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་སམ་ངག་དབང་རྡོ་རྗེ་ཞེས་གསུངས་པ་དོན་ལ་གནས་སོ།།སྡེ་སྲིད་ཧོ་ཐོག་ཐུའམ་ཨ་རི་ལུག་སན་ཨེར་ཏེ་ནི་ནོ་མོན་ཧན་སྐུ་འཕྲེང་གཉིས་པ་བློ་བཟང་བསྟན་འཛིན་དར་རྒྱས་མཆོག་ནི་དཔའ་རིས་ས་ཆར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་ཚར་འཁྲུངས།རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཨ་ལག་ཤ་མཁན་པོ་ལྷུན་གྲུབ་དར་རྒྱས་ནོ་མོན་ཧན་གྱི་སྤྲུལ་སྐུར་ཐག་བཅད་པས། ཨ་ལག་ཤ་ནས་ཐུ་ཤེ་གུང་རྡོ་རྗེ་ཚེ་བརྟན་དང་།ཝང་གི་མི་སྣ་ཁཱ་དཔལ་འབྱོར། དགོན་པའི་གྲྭ་ཚང་བླ་མ་ལྷ་རམས་པ་བློ་བཟང་རྒྱལ་མཚན་སོགས་དྲག་ཞན་ཉི་ཤུ་སྐོར་གདན་འདྲེན་དུ་འོངས་ཏེ།རྗེ་ཉིད་གཙོ་མཛད་པའི་དགོན་པའི་བླ་སྤྱི་ཁག་སོ་སོའི་ཆེ་རིམ་རྣམས་ལ་བཞུགས་གྲལ་སྟོན་མོ་དང་། ཉིད་ལ་འབུལ་བ། དགོན་པ་སྤྱི་ལ་མང་འགྱེད་ཞུས།ཉིད་ནས་ནོ་མོན་ཧན་སྤྲུལ་སྐུ་ལ་འགྲོ་ཆོས་སུ་སྒྲོལ་དཀར་གྱི་རྗེས་གནང་དང་། སྤྱི་བླ་བྲང་སོ་སོ་ནས་ཕེབས་རྫོང་ཆིབས་སྐྱེལ་གང་རྒྱས་ཞུས།ནོ་མོན་ཧན་འདི་བའི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་བས་འབྲིར་མ་སྤོབས། གང་ལྟར་སྐུ་ན་ཕྲ་དུས་ནས་སྐུ་གཤེགས་པར་མངོན།ཨ་ལག་ཤ་མཁན་པོ་སྐུ་འཕྲེང་གསུམ་པ་བསྟན་འཛིན་འབྱུང་གནས་དར་རྒྱས་ནི་སྤྱི་ལོ༡༧༩༣ལོ་ཨ་ལག་ཤའི་གུང་གི་སྲས་སུ་སྐུ་འཁྲུངས།རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྐུ་ཚའང་ཡིན། ཨ་ལག་ཤ་དགའ་ལྡན་བསྟན་རྒྱས་གླིང་དུ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་ནས་དགོན་ཆེན་དེ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་།གསུང་རྩོམ་འགའ་རེའང་མཛད། སྤྱི་ལོ༡༨༥༦ལོའི་ཡས་མས་སུ་སྐུ་གཤེགས།

སྐུ་འཕྲེང་བཞི་བ་ངག་དབང་བསྟན་པ་དར་རྒྱས་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༨༥༧ལོར་ཨ་ལག་ཤའི་ཐའི་ཇིའི་རིགས་སུ་སྐུ་འཁྲུངས།ཨ་ལག་ཤ་དགའ་ལྡན་བསྟན་རྒྱས་གླིང་གི་གདན་ཁྲིར་བཀོད་རྗེས་ཆེར་མ་འགྱངས་པར་སྐུ་གཤེགས།

སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་ལྔ་བ་ངོ་མཚར་གཞན་ཕན་ཕུལ་བྱུང་སངས་རྒྱས་རྒྱ་མཚོའམ་མཚན་གཞན་ཚངས་སྲས་བཞད་པའི་རྡོ་རྗེ་དང་ལྷ་བཙུན་རྣམ་རྒྱལ་རྡོ་རྗེར་འབོད་པ་འདི་ཉིད།རབ་བྱུང་བཅོ་ལྔ་བའི་ལྕགས་ལུག(སྤྱི་ལོ༡༨༧༡)ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཨ་ལག་ཤའི་གུང་གི་རིགས་རུས་སུ་སྐུ་བལྟམས།ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བརྒྱད་པས་སྡེ་སྲིད་ནོ་མོན་ཧན་གྱི་ཡང་སྤྲུལ་དུ་ཐག་བཅད་དེ་ཆོས་སྡེ་ཆེན་པོ་དགའ་ལྡན་བསྟན་རྒྱས་གླིང་གི་གདན་ཁྲིར་ཞབས་སོར་བཀོད།དགོན་དེའི་མཚན་ཉིད་གྲྭ་ཚང་དུ་ཞུགས་ནས་ཚད་མ་རིག་པ་སོགས་ལ་གསན་སྦྱངས་མཛད། དགུང་ལོ་ཉེར་དགུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ཐུགས་གཉེར་གནང་སྟེ་མཁས་པར་གྱུར།ཕྱིས་སུ་དཔའ་རིས་དགེ་བཤེས་ཆེན་མོ་བློ་བཟང་རབ་གསལ་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར།མ་དགོན་དཔའ་རིས་ཇག་རུང་ཡར་ལུང་ཐོས་བསམ་དར་རྒྱས་གླིང་དང་བུ་དགོན་ཨ་ལག་ཤ་པ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་སོགས་ཆོས་སྡེ་བཅུ་ཕྲག་དུ་མར་སྐྱོང་ཁུར་རྒྱ་ཆེར་མཛད། སྤྱི་ལོ༡༨༨༧ལོར་པེ་ཅིན་དུ་ཕེབས་ནས་ཟབ་སྦྱངས་མཛད་སྐབས། མན་ཆིང་བཀྭང་ཞུ་རྒྱལ་བོས་སྡེ་སྲིད་ཧོ་ཐོག་ཐུའི་ཆོ་ལོ་བསྩལ།ཆུ་ཡོས(སྤྱི་ལོ༡༩༠༣)ལོར་དབུས་སུ་ཕེབས་ཏེ། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་ཀྱང་སྔ་ཕྱིར་ཨ་རི་ལུག་སན་པཎྡི་ཏ་ཨེར་ཏེ་ནི་ནོ་མོན་ཧན་གྱི་ཆོ་ལོ་གནང་།ཨ་ལག་ཤ་དགའ་ལྡན་བསྟན་རྒྱས་གླིང་དུ་རྗེ་འདི་བས་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་འཕྲེང་དགུ་བར་ཕུལ་པའི་ཆབ་ཤོག་སྒྲོམ་བུ་གང་བཞུགས།ཞུ་འཕྲིན་གྱི་བརྗོད་བྱ་མང་ཆེ་བ་ཆོས་ལུགས་དང་འབྲེལ། དེ་ལས་གཞན་ནི་རྒྱལ་དབང་ཚངས་དབྱངས་པའི་སྐུ་གདུང་བདག་སྐྱོང་དང་བསྟན་འགྲོའི་བདེ་སྐྱིད།དགོན་པའི་ཆོས་སྲིད་ལ་བཀྲ་ཤིས་པ་བྱུང་བ་སོགས་མང་དུ་གསུངས་ཡོད་པ་དང་། རྒྱལ་དབང་གི་བཀའ་ལྟར་སྡེ་སྲིད་ཧོ་ཐོག་ཐུ་ཚངས་སྲས་བཞད་པའི་རྡོ་རྗེས་པོ་ཏཱ་ལའི་རྩེ་རྣམ་རྒྱལ་གྲྭ་ཚང་དང་འབྲས་སྤུངས་བསམ་ཡས་སོགས་ལ་ཨ་ལག་ཤ་ནས་བཟོས་པའི་གྲལ་གདན་དང་པེ་ཅིན་ནས་གསེར་ཟངས་ལས་གྲུབ་པའི་ཀ་འཕན་རྒྱལ་མཚན་མང་དུ་ཕུལ།རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ(སྤྱི་ལོ༡༩༢༠)ལོའི་སྨིན་དྲུག་ཟླ་བར(ཟླ་དགུ་བ)ཁོང་གིས་དཔའ་རིས་ཇག་རུང་ཡར་ལུང་དགོན་པའི་བླ་མ་ཁྲི་བའི་བཅའ་ཡིག་མཛད་པར།བཅའ་ཡིག་འདི་གོས་སེར་བོར་དབུ་མེད་སུག་རིང་གིས་བྲིས་པ་མཚལ་ཐམ་ཆེན་པོས་བརྒྱན་པར་རབ་རྒྱལ་ས་ཁྱི(སྤྱི་ལོ༡༩༥༨)ལོར་དགོན་དེའི་དགེ་སློང་བསྟན་འཛིན་གྲགས་པས་སྦེད་སྐུང་མཛད་དེ་སྔར་དགོན་པའི་རྟེན་ཁྲོད་དུ་བཞུགས་ཤིང་།སྤྱི་ལོ༢༠༠༠ལོའི་ཡས་མས་སུ་ནང་རྐུན་གྱིས་བརྐུས་མོད། འོན་ཀྱང་། སྤྱི་ལོ༡༩༨༣ལོར་མ་ཕྱི་ལས་བུ་དཔེ་བཤུས་པ་ནི་འདི་ལྟར།རྒྱལ་དབང་ཕྱག་ན་པད་དཀར་འཆང་བ། སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའི་ལུང་གིས། ཨ་རི་ལུག་སན་པཎྡི་ཏ་ཨེར་ཏེ་ནི་ནོ་མོན་ཧན་ཞེས་བསྔགས་ཤིང་སྡེ་སྲིད་ཧོ་ཐོག་ཐུ་ལྷ་བཙུན་ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པའི་གཏམ།འདིར་ཐུབ་བསྟན་རིན་པོ་ཆེའི་ཡང་སྙིང་། འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དེ་ཉིད་ནི་ཐར་བ་འདོད་པ་དག་གི་འཇུག་ངོགས་ཁོ་ན་ཡིན་ཞིང་།དེ་ཡང་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱིས་སྐུ་ཚེ་འདི་ལ་རུང་གསུམ་འདེབས་པའི་ལུང་བསྟན་ཁྱད་པར་ཅན་དང་མཐུན་པར།ཇག་རུང་ཐོས་བསམ་དར་རྒྱས་གླིང་གི་བླ་མར་མངའ་གསོལ་ཞིང་། རྐྱེན་དབང་གིས་དགོན་ཆེན་འདི་ཉིད་བྲག་འགག་ཅེས་པའི་ལུང་བར་གསར་བཞེངས་བྱས་པར།རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོར་མགོ་བརྩམས་ཏེ་ཕག་ལོའི་བར་རྗེ་ཉིད་ཀྱིས་དཀའ་སྤྱད་དུ་མས་བཞེངས་གྲུབ་རྫོགས་པར་མཛད་ཅིང་།དགེ་འདུན་གྱི་སྡེ་མང་བོ་བཙུགས་ནས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་རིང་ལུགས་ཉི་མའི་འོད་སྣང་ལྟ་བུ་དྲི་མ་མེད་པར་དར་རྒྱས་སུ་མཛད་པའི་བཀའ་དྲིན་ཚད་ལས་འདས་ཤིང་།དེ་ནས་རིམ་གྱིས་གོང་མ་ཀྱཱ་ཆིང་རྒྱལ་བོས་ཁྲིར་བཞུགས་ལོ་བཞི་བར། དགའ་ལྡན་ལེགས་གཙོ་གླིང་ཞེས་བསྔགས་པས་མཛད་པ་ནས།དུས་ད་ལྟའི་བར་དུ་བཞུགས་པ་ཡིན་ལ། དེ་ཉིད་མི་ཉམས་ཤིང་ཡུན་དུ་གནས་པ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས། དེ་ཡང་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དྲི་མ་མེད་པ་གལ་ཆེ་ཞིང་།དེ་ཡང་བླང་དོར་ཚུལ་བཞིན་བྱེད་པ་ལ་རག་ལས་པས་ན། དེའི་ཕྱིར་བཅའ་ཁྲིམས་ཀྱི་རྣམ་བཞག་ཆོས་འདུལ་བའི་དགོངས་དོན་ལྟར་ལོགས་སུ་བཞུགས་པ་གཞིར་བཅས་ཀྱི་ཐོག  སྔ་རྒྱུན་སྐུ་ཚབ་དབུ་ཆོས་སོགས་ལས་འཛིན་སོ་སོར་བསྒོ་བ་ལས།ད་ལམ་སྐབས་སུ་བབ་པ་སྐུ་ཚབ་ཁྲི་འཛིན་སློབ་དཔོན་གྱིས་ཇི་ལྟར་བྱ་བའི་ཚུལ་ལ། བཤེས་གཉེན་དམ་པའི་མཚན་ཉིད་དང་ལྡན་པ་ཞིག་འོས་པ་གང་ཡིན་ཁྲིར་བསྒོ་བ་ན།དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་ཇ་ཐུག་དང་འབྲེལ་བར་ཚོགས་སུ་ཕེབས་ཏེ་ཁྲི་སྟོན་བྱེད། དེ་ཙམ་དུ་མ་ཟད་དམ་པའི་ཆོས་ཀྱི་ཆེ་རྟགས་སུ་ཚོགས་ལ་བཞུགས་ཁྲི་དང་སྐུ་བེར།གཞན་ཡང་ཐམ་ག་གྲུ་སྐོར། རྟ་དོམ། ཐང་ཞྭ་སོགས་རྙེད་སྤྱད། གཡོག་གྲྭར་གསོལ་གཉེར་བཅས་བསྔགས་པ་མཛད་པ་སྲོལ་རྒྱུན་ལྟར་ལ།དེ་ནས་ལོ་དྲུག་བར་དུ་དགོངས་ཞུ་མེད་ཅིང་རིགས་ཀྱིས་གྲོལ་ཚེ་ཚོགས་སུ་མཚམས་སྦྱར་དང་། སློབ་ཆུང་གསར་བ་ལ་རྩིས་སྤྲོད་ཐོག་བསླབ་བྱར་གང་དྲག་བྱེད།དུས་རྒྱུན་སྐྱོང་ཚུལ་ནི། སྡེ་འདིར་གྲྭ་རྒྱུན་གསར་དུ་འཇུག་ཚུལ་ནས་བཟུང་། གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་བསྒྲིགས་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར་འཕྲོ་ཆད་མེད་པར་བསྒྲིགས་ལམ་སྐྱོང་ཞིང་།ལྷག་ཏུ་གྲྭ་ཚང་འདིར་མདོ་སྔགས་ཀྱི་འཆད་ཉན། དཀྱིལ་འཁོར་ཆེན་པོའི་སྒྲུབ་མཆོད་སོགས་ཕྱག་ལེན་གཙང་མ་བཙུགས་འདུག་པས།དེ་དག་མི་ཉམས་ཤིང་གོང་དུ་འཕེལ་བ་ཞིག་བྱས་ནས་བསྟན་པའི་རྒྱུན་ལ་ཤིན་ཏུ་ཕན་པར་སྣང་བས། བླ་མ་ལས་སྣ་བས་བསྟན་པའི་ཞབས་འདེགས་ཡིད་ལ་ཟིན་པའི་སྒོ་ནས།གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན། བསླབ་གསུམ་རིམ་གཉིས་ཀྱི་ཉམས་ཉེན་ཆོ་གའི་ཕྱག་ལེན་འདུར་སྒྲ་དབྱངས་གསུམ།གར་འཆམ་བརྡུང་འབུད་སོགས་སུ་དོ་དམ་ཟབ་རྒྱས་ལ་འབད་ཅིང་། གང་བྱེད་བསྟན་འགྲོའི་སྨན་ཡོན་དམ་པར་འགྲོ་ངེས་པ་ཞིག་གིས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་སོགས་དར་རྒྱས་འབྱུང་བའི་ཐབས་ཚུལ་ལྷུར་ལེན་བྱེད་ཅིང་།ལས་སྣ་བ་རྣམས་ཀྱིས་ཕྱོགས་ལྷུང་མེད་པར་བླ་མར་རོགས་རམ་གང་དྲག་བྱེད་པ་དང་། བླ་མས་ཀྱང་རྡོ་ཆེ་ཆུང་ལ་ཁ་བའི་དཔེ་ལྟར་དགེ་འདུན་སྤྱི་དང་ལས་སྣའི་རིགས་སོ་སོར་གང་ལ་བབ་པའི་བསྒྲིགས་ལམ་ཀུན་སྤྱོད་རྒྱུན་དུ་མ་ཤོར་བ་བྱེད་དུ་འཇུག  དྲག་ཞན་ཚང་མས་ཁ་ལྟ་རྩོད་ལྟ་ལ་མ་ལྟོས་པར་སྒྲུབ་སྡེ་རང་གི་སྒེར་ཁྲིམས་དང་མ་འགལ་ཞིང་།བླ་མས་ཇི་ལྟར་བསླབ་སྟོན་རྣམས་ལ་རྩིས་ཁུར་གལ་ཆེ་བ་བཅས། མདོར་ན་ཕྱིའི་བྱ་སྤྱོད་སོགས་ཆོས་འདུལ་བའི་རིམ་པ། ནང་གི་ཐུགས་དམ་ཞལ་འདོན་སོགས་རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་པའི་སྒོ་ནས།མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་རང་གཞན་གྱི་རྒྱུད་ལ་དར་ཞིང་རྒྱས་པར་མཛད་འཚལ། ཞེས་གོ་བར་བྱ་བའི་ཡི་གེ་རབ་བྱུང་བཅོ་ལྔའི་ནངགི་དྲག་པོ་ཞེས་པའི་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་མར་ཕྱོགས་ཀྱི་བཟང་བོ་གཉིས་པ།སྟོན་པ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་བཞིར་གྲགས་པའི་ནང་ཚན་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གྱི་ཚེས་དགེ་བར་དགའ་ལྡན་བསྟན་རྒྱས་གླིང་གི་བླ་བྲང་ཀུན་བཟང་འོད་འབར་ནས་བྲིས།ཞེས་པའོ། །

ལྷ་བཙུན་ནོ་མོན་ཧན་ཚངས་སྲས་བཞད་པའི་རྡོ་རྗེ་མཆོག་གིས་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་སོག་ཡུལ་དང་དཔའ་རིས་ཡུལ་གྲུར་འཛིན་སྐྱོང་སྤེལ་གསུམ་གྱིས་ཉིན་མཚན་དུས་འདའ་བར་མཛད་ཅིང་།སྒོས་སུ་རྒྱལ་དབང་ཚངས་དབྱངས་པའི་སྐུ་གདུང་བཞུགས་ཁང་རྒྱ་ཆེར་བཞེངས་པ་དང་། དུས་བཞིའི་ཆོས་ཐོག་བཙུགས་པ་སོགས་གཞན་དོན་འབའ་ཞིག་བསྒྲུབས་ཤིང་གདུལ་བྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ལེགས་པར་བསྩལ་ཏེ་སྨིན་གྲོལ་གྱི་ལམ་བཟང་ལ་ཉེ་བར་བཀོད།སྐུ་ཚེ་སྨད་དུ་ཨ་ལག་ཤའི་ཆོས་སྲིད་གཉིས་ཀ་བདག་གིར་མཛད། མཐར་དགུང་ལོ་དོན་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ(སྤྱི་ལོ༡༩༤༤)ལོའི་ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་ཨ་ལག་ཤ་དགའ་ལྡན་བསྟན་རྒྱས་གླིང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

གསུང་རྩོམ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ལ་བརྟེན་པའི་ལམ་རིམ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་བྱིན་རླབས་ཀུན་འབྱུང་དང་།རྗེ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་བརྟེན་པའི་བླ་མེད་རྣལ་འབྱོར་བྱིན་རླབས་བདུད་རྩིའི་གསེར་གྱི་བུམ་བཟང་། སྟོན་པའི་སྐྱེས་རབས་དང་སྦྱར་བའི་ཕར་ཕྱིན་དྲུག་ལྡན་གྱི་སྨོན་ཚིག་རྒྱལ་སྲས་དཔའ་བོའི་རྡོ་རྗེ་གླུ་དབྱངས།སྐྱེས་བུ་ཆུང་ངུའི་སྐོར་གྱི་བསླབ་བྱ་མདོར་བསྡུས་ཐར་བར་འདྲེན་བྱེད་སོགས་པོད་བརྒྱད་བཞུགས་པར་གྲགས།སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་དྲུག་པ་རྗེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི་སྤྱི་ལོ༡༩༤༦ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་དཔའ་རིས་བོད་རང་སྐྱོང་རྫོང་ཇག་རུང་ཡར་ལུང་དགོན་པའི་ཚོ་ཆེན་བཞིའི་ནང་རྒྱ་ཏིག་ཚོ་བའི་བོད་ཁྱིམ་ཞིག་ཏུ་ཡབ་པདྨ་ཚེ་རིང་དང་ཡུམ་ཡུམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་གསུམ་ཕེབས་པའི་སྐབས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ལྷ་ལས་བབ་པའི་དུས་ཆེན་གྱི་ཉིན་ལ་སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་ལྔ་བའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་།མཚན་ངག་དབང་བསྟན་པའི་རྒྱལ་མཚན་དུ་གསོལ། སྤྲུལ་སྐུའི་ཕྱག་མཛོད་བློ་བཟང་ཐོགས་མེད་དང་། སན་བླ་མ་སངས་རྒྱས་དཔལ་ལྡན་སོགས་ཀྱིས་བསྐུར་ངོར།པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོ་མཆོག་གིས་ཞབས་བརྟན་གསོལ་འདེབས་དགེ་ལེགས་ཀུན་སྩོལ་ཞེས་པ་མཛད།

དགུང་ལོ་གསུམ་ལ་དཔའ་རིས་ཇག་རུང་དགོན་ཆེན་དུ་གདན་དྲངས་ཏེ་མི་འཇིགས་སེངྒེས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་བཀོད་པར་མཛད།དེ་ནས་ཨ་ལག་ཤར་ཕེབས། དགུང་ལོ་ལྔ་བཞེས་ཚེ་རབ་བྱུང་གི་སྡོམ་པ་མནོས་ཤིང་པ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་གི་གདན་ཁྲིར་མངའ་གསོལ།དགེ་བཤེས་བྱམས་པ་བསྟན་འཛིན་པའི་དྲུང་དུ་ཡི་གེ་འབྲི་ཀློག་གི་མགོ་བརྩམས། བྱམས་པ་བསྟན་འཛིན་སྐུ་གཤེགས་རྗེས། དགེ་བཤེས་ལྷ་རམས་པ་སྐལ་བཟང་རབ་གསལ་ཡོངས་འཛིན་དུ་བསྟེན་ནས་བསྡུས་གྲྭ་མཐར་ཕྱིན་པར་སྦྱངས་ཤིང་།བྱང་ཆུབ་ལམ་རིམ་དང་སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་ལྔ་བ་ཚངས་སྲས་བཞད་པའི་རྡོ་རྗེའི་གསུང་འབུམ་གྱི་ལུང་ཡོངས་རྫོགས་གསན་པར་མཛད།དགུང་ལོ་དགུའི་ཐོག་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་ཁྲི་ཟུར་མི་ཉག་རིན་པོ་ཆེའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། སྐབས་དེར་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སོགས་གསན། བཀའ་འགྱུར་གྱི་ལུང་ཡང་མནོས།

སྤྱི་ལོ༡༩༥༧ལོར་དཔའ་རིས་ཇག་རུང་ཕྱོགས་སུ་ཕེབས་ཤིང་ཡར་ལུང་དགོན་པའི་མཁན་ཁྲིར་བཞུགས།རབ་རྒྱལ་ས་ཁྱི་ལོར་ཨ་ལག་ཤ་སློབ་ཆུང་དུ་ཞུགས་ནས་དོན་དྲུག་ལོའི་བར་རིམ་བཞིན་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་དུ་ཐུགས་གཉེར་གནང་།མཐར་ཕྱིན་རྗེས་ཨ་ལག་ཤར་ཕེབས་ནས་ཨུ་ལན་མུ་ཆི་ཟེར་བའི་ཟློས་གར་ཚོགས་པར་རྩོམ་སྒྲིག་པའི་འགན་ཁུར་བཞེས། འཁྲབ་སྟོན་གྱི་རྩོམ་ཡིག་ལ་སྙན་རྩོམ་སྐོར་མང་དུ་བརྩམས།༡༩༧༨ལོར་ནང་སོག་སློབ་གྲྭ་ཆེན་མོར་ཕེབས་ནས་སོག་ཡིག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་གཉེར་མཛད་དེ་༡༩༨༡ལོར་མཐར་ཕྱིན།༡༩༨༣ལོར་ནང་སོག་སློབ་ཆེན་དུ་དགེ་རྒན་མཛད། ༡༩༨༣ལོར་འཇར་པན་དུ་ཕེབས་ནས་ལོ་གསུམ་གྱི་རིང་ལ་གཞུང་ལུགས་བརྒྱ་ཕྲག་དུ་མའི་དགོངས་དོན་ལ་ཐུགས་གཉེར་དཔྱིས་ཕྱིན་པར་མཛད།༡༩༨༥ལོར་སྦྱངས་པ་མཐར་ཕྱིན་པས་རང་རྒྱལ་དུ་ཕྱིར་ཕེབས་ཤིང་ད་ལྟ་ནང་སོག་སློབ་གྲྭ་ཆེན་མོར་གཙུག་ལག་སློབ་དཔོན་ཆེན་མོ་མཛད་ཅིང་རིགས་སོ་སོའི་སློབ་མ་གཅེས་སུ་སྐྱོང་བར་མཛད།

༡༩༨༧ལོའི་ཧོར་ཟླ་དང་བོའི་ཚེས་གསུམ་ཉིན་ཁོང་ཉིད་དཔའ་རིས་ཇག་རུང་དགོན་ཆེན་ནམ་ཡར་ལུང་ཐོས་བསམ་དར་རྒྱས་གླིང་དུ་ཕེབས་ཏེ་མཁན་ཁྲིར་ཞབས་ཟུང་བཀོད་ཅིང་།དགོན་དེར་ཉིན་གསུམ་བཞུགས་ཏེ་ཁོང་གི་སྐུ་གོང་མས་མཛད་པའི་བླ་མ་ཁྲི་བའི་བཅའ་ཡིག་དང་དགོན་དེའི་དགེ་བཤེས་ཆེན་མོ་ཨ་ཁུ་རབ་གསལ་ཚང་གི་ཕྱག་བྲིས་ཟུང་།རྒྱལ་དབང་ཚངས་དབྱངས་པའི་སྤྲུལ་སྐུ་དྭགས་པོ་ཀུན་གྲོལ་ནོ་མོན་ཧན་དཀོན་མཆོག་སྐལ་བཟང་ལེགས་བཤད་མཆོག་གིས་མཛད་པའི་བཅའ་ཡིག་ཆེན་མོ་སོགས་ལ་གཟིགས་ཞིབ་མཛད།ཟླ་དེའི་ཚེས་བཅུ་དྲུག་ཉིན་ཕ་ཡུལ་ནས་ནང་སོག་སློབ་གྲྭ་ཆེན་མོར་ཕེབས།

༡༩༨༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་བོད་ཡིག་ཟབ་སྦྱོང་མཛད། དབྱར་གནང་སྐབས་ཡབ་ཡུམ་གཉིས་དང་ལྷན་དུ་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞབས་ཀྱིས་བཅགས་རྗེས་ལན་གྲུ་ནས་ཀྲུང་གོའི་མི་རིགས་རིག་གཞུང་གྲོས་བསྡུར་ཐེངས་བཞི་བའི་ཚོགས་འདུར་ཉིན་བདུན་ལ་ཞུགས།དེ་ནས་ནང་སོག་ཏུ་ཕེབས། ༡༩༩༠ལོའི་ཧོར་ཟླ་བདུན་པའི་ཚེས་གཉིས་ལ་གང་ཉིད་ཀྱིས་པཱ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་གི་ཚོགས་ཆེན་འདུ་ཁང་དང་བཙན་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོར་གཙོ་མཛད་དེ་གདན་ཁྲིར་མངའ་གསོལ་བ་དང་མཛད་སྒོར་ཞུགས་པའི་སྐྱ་སེར་སྟོང་ཕྲག་དུ་མར་ཕྱག་དབང་གནང་།

༡༩༩༣ལོར་སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་དྲུག་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དུ་འདེམས་བསྐོ་བྱས།༡༩༩༦ལོའི་དབྱར་ཁའི་ཆོས་ཐོག་གི་སྐབས་སུ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་འགོད་མཁན་ཚོ་ཧྲི་བཞུ་སོགས་ཆེད་དུ་ཨ་ལག་ཤར་འོངས་ཏེ་སྤྲུལ་སྐུའམ་མཁས་པ་རྒྱལ་མཚན་ཞེས་པའི་ལེ་ཚན་རྩོམ་སྒྲིག་བགྱིས་ནས་ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་བརྙན་འཕྲིན་དུ་བཏང་།

མེ་གླང(སྤྱི་ལོ༡༩༩༧)ལོའི་ཆོ་འཕྲུལ་སྨོན་ལམ་འཚོགས་སྐབས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་བ་པོ་བེ་མེན་སོགས་པཱ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླང་དུ་འོངས་ནས་སྤྲུལ་སྐུའམ་སློབ་དཔོན་ཆེན་མོ་ཞེས་པའི་ལེ་ཚན་ཞིག་བཟོས་ཏེ་ཟླ་བཞི་བའི་ཚེས་ཉེར་གཅིག་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་གློག་བརྙན་དུ་ཁྱབ་བསྒྲགས་བྱས།

༢༠༠༢ལོའི་ཟླ་དགུ་བའི་ནང་དུ་ཁོང་ཉིད་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དུ་བདམས།༢༠༠༤ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ནང་བསྟན་སློབ་གྲྭའི་ཞའོ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།

༢༠༠༧ལོའི་ཟླ་བདུན་པའི་ནང་དུ་དཔའ་རིས་ཡར་ལུང་དགོན་དུ་ཕེབས་ནས་ཕྲན་ལ་ཚོགས་ཆེན་འདུ་ཁང་བཞེངས་རྒྱུའི་ཞལ་བཀོད་གནང་ཞིང་།ལོ་དེའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ཁང་གིས་ཨ་ལག་ཤ་ནས་དགའ་ལྡན་བསྟན་རྒྱས་གླིང་བཏབ་ནས་ལོ་ཉིས་བརྒྱ་ལྔ་བཅུ་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཛད་རྣམ་བརྩམས་གྲུབ་སྟེ་ལོ་ཉིས་བརྒྱ་ལྔ་བཅུར་སླེབས་པའི་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་འཚོགས་པར་མཛད།རྗེ་ཉིད་ཀྱིས་གདན་ཞུའི་ཡི་གེ་དངོས་སུ་ངེད་ཀྱི་ལག་ཏུ་གནང་བས་ཕྲན་ཡང་ཚོགས་འདུ་དེར་ཞུགས་ནས་རྒྱལ་བ་ཚངས་དབྱངས་པས་དཔའ་རིས་ཇག་རུང་དགོན་ཆེན་ཇི་ལྟར་ཕྱག་འདེབས་མཛད་པ་དང་།མདོ་སྨད་དང་སོག་ཡུལ་སོགས་སུ་བསྟན་འགྲོའི་དོན་རླབས་པོ་ཆེ་ཇི་ལྟར་མཛད་པའི་སྐོར་གྱི་གཏམ་བཤད་བྱས།མདོར་ན་ཨ་ལག་ཤ་མཁན་པོའམ་སྡེ་སྲིད་ཧོ་ཐོག་ཐུ་སྐུ་འཕྲེང་དྲུག་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་ནི་མཁྱེན་རབ་ཧ་ཅང་ཡངས་པས།རྒྱ་དང་བོད་སོག་དབྱིན་རི་པིན་བཅས་ཀྱི་སྐད་ཡིག་ལ་ནང་བྱན་ཆུད་ཅིང་། རི་པིན་དུ་ཐུགས་གཉེར་གནང་སྐབས་བྱ་དགའ་ཡང་ཐོབ།སྔ་ཕྱིར་རི་པིན་དང་ཕྱི་སོག  དབྱིན་ཇི་རྒྱལ་ཁབ་སོགས་ཀྱིས་གདན་འདྲེན་བྱས་ནས་སློབ་མ་རྣམས་ལ་དཔེ་ཁྲིད་མཛད་པ་དང་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བར་མཛད།ཨ་ལགས་ཁ་ཤས་ཀྱིས་གཞན་ལ་དམའ་འབེབས་དང་བརྙས་བཅོས་ཕྲག་དོག་སོགས་བྱས་པ་བདག་གིས་དངོས་སུ་མཐོང་བའི་རིགས་ཀྱང་ཁོང་གིས་ནི་དེ་ལྟར་གཏན་ནས་མི་སྲིད།ཁོང་ཉིད་ཐུགས་རྒྱུད་འཇམ་ཞིང་གཞན་ལ་གུས་བཀུར་ཆེ་བས། ཁོང་གི་དྲུང་དུ་སླེབས་པའི་མི་རྣམས་ཅི་ཙམ་རྒོད་ཀྱང་ཉིད་ཀྱི་ཞལ་མཐོང་བ་ཙམ་དང་གསུང་ཐོས་པ་ཙམ་གྱིས་རང་དབང་མེད་པར་གུས་འདུད་བག་ཡོད་ཀྱི་བརྟུལ་ཞུགས་སུ་གནས་སོ།།

ཁོང་གིས་ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནང་སོག་སློབ་གྲྭ་ཆེན་མོའི་ཅོ་ཧྲིག(སློབ་དཔོན་ཆེན་མོ།)དང་པཱོ་ཧྲི་ཞིབ་འཇུག་སློབ་མའི་སློབ་དཔོན།ནང་སོག་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ། དཔའ་རིས་ཇག་རུང་ཡར་ལུང་དགོན་གྱི་དགོན་བདག་དང་མཁན་པོ།ཨ་ལག་ཤའི་ལྷོ་དགོན་དགའ་ལྡན་བསྟན་རྒྱས་གླིང་སོགས་དགོན་ཁ་ཤས་ཀྱི་དགོན་པའི་བདག་པོའི་འགན་ཁུར་མཛད་བཞིན་ཡོད།

ཁོང་གིས་སོག་ཡིག་དང་རྒྱ་ཡིག  རི་ཡིག་བཅས་ཀྱི་ལྗགས་རྩོམ་མང་དུ་མཛད་དེ་ནང་སོག་སློབ་ཆེན་གྱི་དུས་དེབ་དང་ནུབ་བྱུང་མི་རིགས་སློབ་ཆེན་གྱི་དུས་དེབ།དབྱིན་ཇི་རྒྱལ་ཁབ་ཀྱི་དུས་དེབ། ཕྱི་སོག་རྒྱལ་ཁབ་ཀྱི་དུས་དེབ། རི་པིན་རྒྱལ་ཁབ་བཅས་ཀྱི་དུས་དེབ་སྟེང་དུ་བཀོད་ཡོད། སོག་པོ་འཇམ་དབྱངས་བསྟན་པའི་ཉི་མ་ཞབས་དྲུང་ཚང་གིས་བསྒྱུར་པའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཁག་གཉིས་ལ་ཉིད་ཀྱིས་ཀྱང་ཞུ་དག་མཛད།རྒྱ་བོད་སོག་གསུམ་གྱི་ཡི་གེས་བསྒྲིགས་པའི་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་དེབ། ནང་བའི་ཆོས་གཞུང་གི་སྙིང་བཅུད་ཅེས་པའི་སོག་ཡིག་གི་དེབ་ཅིག་མཛད།ཨ་ལག་ཤའི་ལྷོ་དགོན་དགའ་ལྡན་བསྟན་རྒྱས་གླིང་གི་ལོ་རྒྱུས(རྒྱ་ཡིག)། རྭ་ལོ་ཙཱ་བའི་རྣམ་ཐར་ཡང་སོག་ཡིག་ཏུ་བསྒྱུར་པར་མཛད་དོ།།རྗེ་དྲུང་མཁན་པོ་ནི་དཔའ་རིས་ཇག་རུང་ཡར་ལུང་དགོན་པའི་སྐུ་ཕྱོགས་རྣམ་གསུམ་གྱི་གྲས་ཡིན།ཁོང་ལ་སྟོབས་ཚང་ཧོ་ཐོག་ཐུ་ཞེས་ཀྱང་ཞུ། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་དུ། སྟོབས་ཚང་(སྔོན་གྱི་ཡིག་ཚང་དུ་དོབ་ཚང་ཞེས་བྲིས་འདུག)པདྨ་བསྟན་སེང་གི་སྲས་སྟོབས་ཚང་བླ་མ་དཔའ་རིས་ཇག་རུང་དགོན་པ་རྙིང་པའི་གྲྭ་རྒྱུན།དབེན་གནས་དུ་མར་སྒྲུབ་པ་དང་ཚེ་དང་བསྙམས་པས་རྟོགས་པ་བརྙེས་ཤིང་མགོན་པོ་དངོས་སུ་འཁོར་བ་དེ་ཉིད་ཀྱིས་སྤྲུལ་སྐུ་བསོད་ནམས་དབང་ཕྱུག་སྟོང་ཡོན་མ་ཅིག་སྐྱབས་ལ་འཁྲུངས་པས་སྟོང་ཡོན་ཞབས་དྲུང་དུ་གྲགས།དར་རྒྱས་ནོ་མོན་ཧན། སུམ་པ་མཁན་ཆེན། ཀུན་མཁྱེན་འཇིགས་མེད་ཞབས་སོགས་བླ་མ་མང་དུ་བསྟེན་ནས་མདོ་རྒྱུད་མན་ངག་གི་གཏེར་དུ་གྱུར།ཁྲིར་ལོ་ཉི་ཤུ་ལྷག་བཞུགས། འཛིན་གྲྭ་འོག་མར་བསྡུས་གྲྭ་ཆེ་ཆུང་། བློ་རྟགས་སོགས་རྣམ་འགྲེལ་གྱི་གཞུང་ཚན་འགའ་བཙུགས། རྒྱུན་ཇ་དང་གྲྭ་ཇའི་གཏོང་ཐེབས་བཞག  རྒྱན་འཇུག་ཚོགས་འདོན་དུ་བཙུགས་ཏེ་ཞལ་འདོན་གཞན་མི་ཆོག་པ་བྱས།འདུ་ཁང་ཆེན་མོར་བྱ་འདབ་གསར་དུ་བསྐྲུན། ལོགས་བྲིས་སུ་སངས་རྒྱས་སྟོང་སྐུ་སོགས་བཞེངས། གྲྭ་བ་སློབ་གཉེར་བ་རྣམས་ཀྱི་སྐུ་ཚེའི་དོན་དུ་ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན་བརྒྱ་ཕྲག་དུ་མ་བསྒྲུབས།འཆད་ཉན་ཡུན་རིང་མཛད་པས་དགེ་བཤེས་ཐོན་པ་མང་། སྐབས་ཤིག་དར་རྒྱས་ནོ་མོན་ཧན་ལ་ཆོས་གསན་པར་ཕེབས་ཏེ་གསན་འཕྲོ་ལ་གཤེགས།གདུང་ཞུགས་ལ་སྦྱངས་པར་རིང་བསྲེལ་དཀར་སྔོན་མང་དུ་བྱོན། ཞེས་པའི་ཚིག་ལ་བརྟག་ན་སྟོང་ཡོན་སྤྲུལ་སྐུའམ་སྟོབས་ཚང་ཧོ་ཐོག་ཐུ་འདི་ཉིད་ཕལ་ཆེར་དཔའ་རིས་ཇག་རུང་དགོན་ཆེན་གྱི་སྟོབས་ཚང་ཚོ་བར་སྐུ་འཁྲུངས་པ་སྙམ།བསོད་ནམས་དབང་ཕྱུག་འདི་བ་རྗེ་དྲུང་མཁན་པོ་སྐུ་འཕྲེང་དང་བོ་ཡིན། སྐུ་འཕྲེང་གཉིས་པའི་སྐོར་ལ་ཡང་དེ་ཉིད་ལས། སྟོང་ཡོན་སྤྲུལ་སྐུ་རྗེ་དྲུང་མཁན་པོ་ཨ་ལག་ཤ་ཝང་གི་སྲས་སུ་འཁྲུངས།སྐུ་གཞོན་ནུ་ནས་ཡི་གེ་དང་རིག་གནས་མཐའ་དག་བསླབ། དབུས་སུ་བྱོན་ནས་དབུ་ཕར་སོགས་གཞུང་ཚན་དུ་མར་སྦྱངས་ཤིང་།ཀློང་རྡོལ་བླ་མ་སོགས་ལས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེ། ཨ་ལག་ཤ་ཝོར(བྱང་དགོན་ཡང་ཟེར)གྱི་དགོན་པ་བཏབ། ཅེས་འབྱུང་ངོ་།

གོང་གི་རྗེ་དྲུང་སྤྲུལ་སྐུ་སྐུ་འཕྲེང་རིན་བྱོན་གཉིས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཡང་། རྗེ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་དང་དུས་ཐོག་གཅིག་པའི་སྤྲུལ་སྐུ(སྐུ་འཕྲེང་གཉིས་པ་ཡིན་སྙམ)དེས།ཆུ་གླང་(སྤྱི་ལོ༡༧༩༣)ལོའི་ཟླ་བརྒྱད་པའི་ནང་རྗེ་དྲུང་མཁན་པོས་གདན་འདྲེན་ཞུས་པ་བཞིན་དགུང་ལོ་ང་བདུན་བཞེས་པའི་ཐུའུ་བཀྭན་རིན་པོ་ཆེ་ཡར་ལུང་དགོན་གྱི་ཕེབས་ལམ་དུ་རྗེ་དྲུང་མཁན་པོ་དཔོན་གཡོག་སུམ་ཅུའི་སྐོར་དང་།དགོན་པའི་བླ་མ་ལས་སྣེ་རྣམས་རིམ་གྱིས་ཆིབས་བསུ་དང་ཐབ་བསུ་ཞུས། ཡར་ལུང་དགོན་པའི་སྟོབས་ཚང་བླ་བྲང་དུ་གསོལ་ཚིགས་ཐོག་རྒྱུན་རིང་ཙམ་བཞུགས་ནས་བསླབ་སྟོན་རྒྱས་པ་མཛད།རྗེ་དྲུང་དང་དགོན་པའི་གྲྭ་རྒན་རྣམས་ནང་ཕན་ཚུན་ཅུང་ཟད་མ་མཐུན་པར་ཡོད་པ་ལ། ཐུའུ་བཀྭན་པས་བསླབ་བྱ་གསུང་བཀོད་གནང་སྟེ་ཞེ་མཐུན་པར་མཛད།དེ་ནས་རབ་རྒྱས་དགོན་དུ་ཕྱག་ཕེབས། ཡར་ལུང་གི་དགེ་ཚུལ་སློང་སྒྲུབ་མཁན་དྲུག་བྱུང་བར་སྡོམ་པ་གནང་།

སྐུ་འཕྲེང་གསུམ་པའི་སྐོར་ལ་མདོ་སྨད་ཆོས་འབྱུང་དུ། ད་ལྟ་ལྕང་སྐྱ་རིན་པོ་ཆེའི་སྐུ་ཚ་རྗེ་དྲུང་སྤྲུལ་སྐུས་(ཡར་ལུང་དགོན་པའི)ཁྲི་མཛད་བཞིན་པ་ཡིན།ཞེས་པ་ཙམ་ལས་གསལ་བོར་གསུངས་མེད་ཅིང་གང་ལྟར་ལྕང་སྐྱའི་སྐུ་ཚར་འཁྲུངས་པར་མངོན།

སྐུ་འཕྲེང་བཞི་བ་བློ་བཟང་འཇིགས་མེད་མཆོག་ནི་སྤྱི་ལོ༡༩༣༡ལོར་ཨ་ལག་ཤར་འཁྲུངས། པཎ་ཆེན་སྐུ་འཕྲེང་དགུ་བའི་དྲུང་དུ་སྡོམ་པ་མནོས།ཨ་ལག་ཤའི་སྲིད་གྲོས་སུ་བྱ་ལས་མཛད་ཅིང་། ད་ལྟ་དགུང་གྲངས་དོན་བདུན་སླེབས།

དོར་ཞི་དགོན་པ་དགའ་ལྡན་ནོར་བུ་གླིང་ཕྱག་འདེབས་མཛད་མཁན་ངམ་རིང་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་གྱི་སྤྲུལ་སྐུ་ཨ་ཁྱི་རྒྱལ་མཚན་ཟེར་བ་དབུས་ཀྱི་རྒྱུད་སྨད་དུ་ཕེབས་ནས་དབྱངས་དཔོན་བྱས་པ་དེས།ཆོས་སྡེ་ཆེན་པོ་ཡར་ལུང་དགོན་དུ་བླ་མ་རྒྱུད་མཆོད་དང་འབྲེལ་བའི་འཆད་ཉན། བདེ་གསང་འཇིགས་གསུམ་གྱི་ཆོ་ག་སྦྱིན་སྲེག  ཐིག་རྡུལ་ཚོན། གཏོར་ཆེན་གྱི་དབྱངས་རོལ་སོགས་རྒྱུད་སྨད་ཕྱག་ལེན་ཞིབ་བཏོད་མཛད།འདི་བ་ནི་དོར་ཞི་སྐུ་འཕྲེང་གཉིས་པ་ཡིན། སྤྱི་ལོ༡༩༧༠ལོའི་ཡས་མས་སུ་ཡར་ལུང་དགོན་དུ་དོར་ཞིའི་བླ་བྲང་རྙིང་བ་ཞིག་ཡོད་པ་དེ་ཕལ་ཆེར་སྐབས་དེར་བསྐྲུན་པར་བསམ།ཨ་ཁྱི་རྒྱལ་མཚན་གྱི་སྤྲུལ་སྐུ། དོར་ཞི་སྐུ་འཕྲེང་ལྔ་བ་ཤེས་རབ་དར་རྒྱས་ཚང་ནི་ཇག་རུང་ཡར་ལུང་དགོན་པའི་མཆོད་གཞིས་སྐྱ་ཡངས་མཱ་ཚོ་བར་སྐུ་འཁྲུངས།ཨ་ཁུ་དཔའ་རིས་རབ་གསལ་ཚང་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་གསན་བསམ་རྒྱ་ཆེར་གནང་ཞིང་།སྐུ་ཚེ་ཧྲིལ་བོར་ཡར་ལུང་དགོན་དུ་བཞུགས། མཁན་ཁྲིའང་གནང་། སྡེ་སྲིད་ཧོ་ཐོག་ཐུའམ་ཨ་ལག་ཤ་མཁན་པོ་སྐུ་འཕྲེང་ལྔ་བ་ཚངས་སྲས་བཞད་པའི་རྡོ་རྗེས་སྲིད་ཚབ་ཏུ་བཞག་ནས་ཡར་ལུང་དགོན་པ་སྐྱོང་ཁུར་གཏད།ཁོང་དང་ཨ་ཁུ་རབ་གསལ་ཚང་། ཕྲན་གྱི་ཡང་མེས་ཨ་ཁུ་དགེ་སློང་ཐུབ་བསྟན་རྣམ་གསུམ་གྱིས། ༡༨༩༥ལོར་ཀླ་ཀློ་རིགས་གཏོགས་ཧོས་དམག་གིས་བསྲེགས་པའི་ཚོགས་ཆེན་འདུ་ཁང་སླར་སྐྲུན་མཛད་དེ།འདུ་ཁང་ཆེན་མོ་དེ་རབ་རྒྱལ་ས་ཁྱི་(སྤྱི་ལོ༡༩༥༨)ལོར་མེད་པར་བཟོས། དོར་ཞི་ཤེས་རབ་དར་རྒྱས་མཆོག་དགོན་དིར་སྐུ་ཚེ་གང་བོར་ཉམས་ལེན་མཛད་ཅིང་མཱ་བསྟན་འཛིན་གྲགས་པ་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པའང་ཕོག

ཡར་ལུང་དགོན་པའི་རྒྱ་ཏིག་ཞབས་དྲུང་སྐུ་འཕྲེང་རིན་བྱོན་གྱི་ལོ་རྒྱུས་ཀྱི་ས་བོན་ལག་ཏུ་མ་སོན་པས་འབྲིར་མི་སྤོབས་ཀྱང་།སྐུ་གོང་མ་བླ་བྲང་བཀྲིས་འཁྱིལ་དུ་ཕེབས་ནས་ཕར་ཕྱིན་གྱི་གཞུང་སོགས་ལ་གསན་བསམ་རྒྱ་ཆེར་བྱས་ཏེ་གོ་བ་གཏིང་ཚུགས་པ་ཞིག་རྙེད་ཅེས་གྲྭ་བ་རྒན་བགྲེས་རྣམས་ཀྱིས་གླེང་།དེའི་སྐྱེ་འཕྲེང་འདི་བས་ཀ་ཁ་ཙམ་ཡང་མི་ཤེས་ཤིང་གྲོང་སྡེར་བཞུགས་ཡོད། ད་ལྟ་དགུང་ལོ་བདུན་ཅུ་ཡིན།

                                                      ཡར་ལུང་དགོན་པའི་ལོ་རྒྱུས་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།