ལ་མོ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཉུང་བསྡུས་བདུད་རྩིའི་ཐིགས་པ་ཞེས་བྱ་བ།
༄༅།།རླབས་ཆེན་ཚོགས་གཉིས་རྒྱ་མཚོའི་རྩེ་དགའ་ལས༎ སྒྲིབ་བྲལ་བློ་གྲོས་སྣང་བ་རྒྱ་མཚོའི་གཏེར༎བློ་བཟང་བསྟན་པའི་དཔྱིད་དུ་འགྲེམ་མཛད་པ༎རྒྱལ་མཚན་ཏོག་ལྟར་འཕགས་པའི་མགོན་དེ་རྒྱལ།བསིལ་བའི་ལྗོངས་ འདིར་བློ་བཟང་ཐུབ་པའི་བསྟན༎སྤེལ་མཛད་དགེ་ལེགས་ཤིས་པའི་བསུང་ཞིམ་སྒྲེགས༎བདུད་བཞིའི་རི་དྭགས་ཚོགས་ལས་རྒྱལ་བའི་མཚན༎སྲིད་ ཞིའི་བླ་ན་གཡོ་བ་དེ་ལ་འདུད༎བགྲང་ཡས་འགྲོ་ཁམས་ཕན་བདེའི་རྩ་ལག་ཏུ༎ཡོངས་རྫོགས་བསྟན་པའི་དབང་ཕྱུག་མཁས་ཤིང་བཙུན༎ཚེ་རབས་རྒྱ་མཚོའི་ཕྲེང་བར་སྤྱི་གཙུག་ཏུ༎བསྟེན་ནོ་མཆོག་ཐུན་དངོས་གྲུབ་ཆར་དུ་ སྙིལ༎ངག་ལ་དབང་འབྱོར་བློ་གཏེར་མཆོག་ཏུ་གྲུབ།། བསྟན་པའི་རྒྱལ་ མཚན་སྲིད་ཞིའི་བླ་ན་བསྒྲེངས༎མ་ངེས་མཛད་སྤྱོད་ཚུར་མཐོང་རྒྱ་ལས་ འགོངས༎གང་འདུལ་སྤྲུལ་བའི་རོལ་བ་འཛིན་དེར་འདུད༎
རླབས་ཆེན་དགེ་ལ་འདུན་པའི་འཛིན་མར་སྐུ་བཞི་ལྗོན་པའི་ཁོ་ལག་ རྫོགས།། ལྷུན་གྲུབ་མཛད་འཕྲིན་ལོ་འདབ་བྱེ་བ་ལུས་ཅན་སྙིང་ལ་གཅིག་ཏུ་བསིལ༎མཆོག་ཐུན་དངོས་གྲུབ་འབྲས་བུའི་ཁུར་ལྕི་མྱ་ངན་མེད་པའི་གོ་ འཕང་འཛིན༎ཡོངས་རྫོགས་བསྟན་འཛིན་བྱེ་བའི་གཙུག་ན་ཡིད་བཞིན་ ནོར་བུ་ལྟ་བུར་མཛེས༎ཀུན་ཁྱབ་བློ་གྲོས་བཟང་བོའི་གཡུ་རལ་རྒྱ་ཆེན་ཤེས་བྱའི་མཁའ་ལ་གསིག། རྣམ་དག་ལུང་རིགས་སྡེར་ཕྲེང་གཡོ་བས་རྒོལ་ངན་རི་སྐྱེས་འདར་བ་འཛིན།།མདོ་སྔགས་བསྟན་པའི་གངས་རི་མཛེས་བྱེད་ བཤེས་གཉེན་འཕྲོག་བྱེད་དབང་བོའི་སྡེ།། ཇི་སྲིད་བསྐལ་བརྒྱ་མཚོའི་ཕ་ མཐའ་དེ་སྲིད་ཆོས་ཀྱི་འཁོར་ལོར་རོལ།། བློ་ཆེན་ཀུན་བཟང་རྒྱལ་བའི་ཡེ་ ཤེས་གཏེར།། བསྟན་འཛིན་བྱེ་བའི་རྒྱན་དུ་གར་ཟློས་པ༎མདོ་སྔགས་ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེར།།བསྒྲེང་མཁས་དཔལ་ལྡན་བླ་མས་དགེ་ལེགས་ སྩོལ།། ལེགས་བྱས་བྱེ་བས་བསྐྲུན་པའི་ཡིད་འོང་སྐུ།། མཐའ་བྲལ་རྟེན་འབྱུང་འགག་མེད་འདོམས་པའི་གསུངས༎དུས་གསུམ་ཤེས་བྱ་ཀུན་ཁྱབ་གཉིས་ མེད་ཐུགས།། མཁའ་མཉམ་མོས་ངོར་ནུབ་པ་མེད་གྱུར་ཅིག།རྒྱལ་ཀུན་ གསང་བ་རྒྱ་མཚོའི་དབྱིག་ནོར་བློ་གྲོས་ཁང་བཟང་མཛོད་དུ་བསྐྱིལ༎མཐའ་ཀླས་དབྱིག་འཛིན་དགའ་མའི་ཁྱོན་ལ་བསོད་ནམས་དཔུང་བས་མངའ་ དབང་བསྒྱུར༎ཚངས་དབང་ལ་སོགས་དྲེགས་ལྡན་བྱེ་བས་ཞབས་སྐྱེས་རལ་བའི་རྒྱན་དུ་ལེན།།ལུགས་གཉིས་གདུགས་དཀར་མཁའ་ལ་སྒྲེང་མཛད་ལ་མོ་ན་རིམ་གཙུག་ཏུ་མཆོད།།
དེ་ཡང་བོད་རང་བྱུང་བཅུ་བའི་ལྕགས་ལུག་ལོར་(1573)ཧོར་ཐུ་མེད་ཨལ་ཐན་རྒྱལ་བོ་ལ་དམ་པའི་ཆོས་ཀྱི་སྣང་བསྐྱེས་ཏེ། རྒྱལ་དབང་སྐུ་ཕྲེང་ གསུམ་པ་བསོད་ནམས་རྒྱ་མཚོ་བྱང་ཕྱོགས་ཧོར་གྱི་ཡུལ་དུ་ཕེབས་དགོས་ཀྱི་སྙན་གསན་འབུལ་བར་གསེར་ཡིག་པ་མངགས།ས་སྟག་ལོར(1578)གདན་འདྲེན་རིམ་པ་གསུམ་དང་བཅས་པ་མཚོ་ཁར་རྒྱལ་དབང་མཆོག་དང་རྒྱལ་ བོ་དངོས་སུ་ཞལ་འཛོམས། མཆོད་ཡོན་ཉི་ཟླ་ལྷན་དུ་ཤར་ནས་ཆེན་པོ་ཧོར་ གྱི་ཡུལ་དུ་དམ་པའི་ཆོས་ཀྱི་སྣང་བ་དཀར་བོས་ཁྱབ་པར་མཛད།།ཨལ་ཐན་རྒྱལ་བོས་རྒྱལ་དབང་མཆོག་ལ་ཏཱ་ལའི་བླ་མ་བཛྲ་ངྷཱ་ར་ཞེས་པའི་ཐམ་ག་ཕུལ་ཅིང་། རྒྱལ་དབང་མཆོག་ནས་ཀྱང་ཧོར་རྒྱལ་ལ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་བོ་ལྷའི་ཚངས་པ་ཞེས་པའི་མཚན་རྟགས་གནང་།དེ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་ཞེས་པའི་སྲོལ་བྱུང་།
རབ་བྱུང་བཅུ་བའི་ཆུ་མོ་ལུག་ལོར་(1583)ཨལ་ཐན་རྒྱལ་བོ་གཤེགས་པའི་ཞལ་ཆེམས་བཞིན་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་གཡས་རུ་གཡོན་རུའི་ སོག་པོ་ཚོ་ཆེན་བཞི་བཅུ་དང་ཆིང་ཝང་སོགས་ནས། རྒྱལ་དབང་གསུམ་པ་ གདན་དྲངས་ཏེ་བསྟན་འགྲོའི་གསོས་སུ་རླབས་ཆེན་འཁོར་ལོ་གསུམ་གྱི་བྱ་ བ་གཟི་བརྗིད་ཅན་སྤེལ། ཕྱིས་སུ་ཨལ་ཐན་གྱི་སྲས་དུ་རིང་རྒྱལ་བོ་སོགས་ རྒྱལ་རྒྱུད་ཡོངས་ནས། ཐམས་ཅད་མཁྱེན་པ་ཁོང་རང་ཉིད་ཆེན་པོ་ཧོར་གྱི་ ཡུལ་གྲུར་ཕེབས་དགོས་ཀྱི་གསོལ་བ་ནན་ཆེར་བཏབ་པའི་ཚེ།ཧོ་ཤོ་ཉེར་བཞི་རྒྱལ་འབངས་ཡོངས་ནས། རྒྱལ་བ་ཉིད་དང་སྤངས་རྟོགས་ཀྱི་ཡོན་ཏན་ མཉམ་པའི་སྐུ་ཚབ་ཅིག་གནང་རོགས་གསོལ་བ་བཏབ་པའི་ངོར།ལ་མོ་ ཚོགས་གཉིས་རྒྱ་མཚོ་མངགས་གཏོང་མཛད།ཆོས་རྗེ་ལ་མོ་ཚོགས་གཉིས་རྒྱ་མཚོ་ནི། ཡུལ་དབུས་ཀྱི་ལ་མོ་རིན་ཆེན་སྒང་ནས་འཁྲུངས། ཚེར་གསེབ་ནས་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ དང་། དཔལ་ལྡན་སྨད་རྒྱུད་དུ་གསང་སྔགས་ལ་སྦྱངས་པས་མདོ་སྔགས་རིག་གནས་རབ་འབྱམས་ལ་མཁས་པ་ཆེན་པོ་གྱུར་ཏེ་རྒྱུད་སྨད་བླ་མ་དབུ་མཛད་གནང་སྐབས།ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་བཀས་ཧོ་ཤོས་ཉེར་ བཞིའི་དབུ་བླར་ཕེབས། རྒྱལ་དབང་མཆོག་དང་དབྱེར་མེད་པའི་གུས་ འདུད་ལྷུར་བླངས་སོ།།
དེ་ཡང་རྗེ་འདི་ཉིད་ཀྱི་འཁྲུངས་རབས་སྔ་མ་དག་ནི། སྟོན་པའི་འཁོར་དུ་རྒྱལ་བོ་གསལ་རྒྱལ། སློབ་དཔོན་པདྨའི་དངོས་སློབ་གྲུབ་ཆེན་ཀ་ཡ་བ་རཾ།འབྲོམ་སྟོན་པའི་ཐུགས་སྲས་སྤྱན་སྔ་ཚུལ་ཁྲིམས་འབར། དཔལ་ལྡན་བླ་མ་ དམ་པ་བསོད་ནམས་རྒྱལ་མཚན། སྤྱན་སྔ་བློ་གྲོས་རྒྱལ་མཚན་རྣམས་ཀྱི་སྐུའི་སྐྱེ་བ་བཞེས་ཤིང་།རྗེ་འདི་ཉིད་ཀྱང་དད་སོགས་འཕགས་པའི་ནོར་གྱིས་ ཐུགས་རྒྱུད་གཏམས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཡང་དག་ པའི་ལམ་ལ་བཀོད་པའི་གྲགས་སྙན་ཐོས་ནས། གོང་མ་ཡུང་ལོས་ཀྱང་རྔ་སྒར་སྐུ་སྐྱེ་དཀར་བོ་ཞེས་ལུང་ལས་ཀྱིས་གཟེངས་བསྟོད་དང་གསེར་ཐམ་བཅས་ གནང་། བསྟན་འགྲོ་ཡོངས་ལ་གཅིག་ཏུ་དཀར་བའི་ལྷག་བསམ་གྱིས་ཚ་གན་ནོ་མན་ཧན་ཞབས་དྲུང་དཀར་བོ་ཞེས་མཚན་ཐོགས་སོ།།
སྐུ་ཕྲེང་གཉིས་པ་ལ་མོ་བློ་གྲོས་རྒྱ་མཚོ་ནི། ཐུ་མེད་རྒྱལ་བུ་ཧོ་ལོ་ཆིའི་ སྲས་སུ་རབ་བྱུང་བཅུ་བའི་ལྕགས་ཕོ་ཁྱི་ལོར་(1610)འཁྲུངས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་། རྔ་སྒར་དང་ལོ་རྡོ་རྗེ་བྲག་སོགས་སུ་རྒྱུན་རིང་བཞུགས།ཆོག་ཐུས་ལོག་སྒྲུབ་བྱས་པ་བསྟན་འཛིན་ཆོས་ཀྱི་རྒྱལ་བོ་དང་། བ་ཐུར་ཧོང་ཐའེ་ཇིས་བཅོམ་སྟེ་འདི་བ་མཆོད་གནས་སུ་བཀུར།དངོས་འབུལ་དང་རོང་འབྲོག་གི་སྡེ་ཚན་ཆེ་བ་ཕུལ།མཁས་གྲུབ་འཛོམས་པས་ཆོས་པ་རིན་པོ་ཆེས་གུས་འདུད་དང་། སྐལ་ལྡན་རྒྱ་མཚོས་ཞབས་ལ་གཏུགས།ཁྲི་སྦྱིན་པ་རྒྱ་མཚོས་ཀྱང་གཙུག་ཕུད་ཕུལ། རབ་བྱུང་ བཅུ་གཅིག་པའི་མེ་ཁྱི(1646)ལོར་ཆོས་སྡེ་འཛུག་བཞེད་ཀྱིས་རྨ་འགྲམ་ འདིར་བྱོན་ཏེ་གུར་སྒར་བཟུང་བ་ཕྱིས་སུ་ཟུར་ཆག་པས་མགུར་དུ་གྲགས། མགུར་དགེ་ལྡན་རྣམ་རྒྱལ་གླིང་ཕྱག་འདེབས་མཛད།གཙུག་ལག་ཁང་མང་དུ་བཞེངས། དགེ་འདུན་བརྒྱ་ཕྲག་གསུམ་ཙམ་འདུས།མེ་ཕོ་ཁྱི་ལོར་བཀའ་པོད་ཀྱི་འཆད་ཉན་བཙུགས། འདན་མ་ཆོས་རྗེ་འོད་ཟེར་བཀྲ་ཤིས་བླ་མར་ བསྐོས། རྒྱལ་དབང་ལྔ་བ་རྒྱ་ནག་ཏུ་ཕེབས་དུས་ཤི་རེ་ཐང་དུ་ཆིབས་བསུ་ དང་ཆོས་བཀའ་མང་དུ་གསན་ནོ༎
རྗེ་འདི་བས་སྤྱི་ལོ1630ཡས་མས་སུ་མང་རའི་ཤེལ་ལུངབཞུགས་ཁྲི་གོང་འོག་ཏུ་སྒར་གཞི་བཟུང་ཞིང་།མང་རའི་ས་ཆར་དབང་བསྒྱུར་འགོ་བརྩམས་པ་དང་། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན། བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན།ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་སྟེ་སྐུ་ཕྲེང་བཞིའི་རིང་ལ་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་གྱི་སྒར་གཞི་ལ་འཕེལ་ རྒྱས་ཆེན་པོ་བྱུང་ཞིང་། ལ་མོའི་ཨུརྒེ་འདིར་རྣམ་རྒྱལ་གྲྭ་ཚང་ལ་དགེ་འདུན་ཞལ་གྲངས་བརྒྱད་ཅུ་ལྷག་དང་།སྒར་གཞུང་རང་ན་རྒྱུན་སྡོད་སེར་སྐྱ་ལས་ ཀྱི་སྣེ་མོ་བ་བཞི་བརྒྱ་ཡས་མས་ཡོད་ཅིང་། དེ་རེ་རེའི་གོ་གནས་དང་སྡེར་ཁ། ཞབས་ཞུའི་རྣམ་གྲངས་བཅས་ལ་མོའི་དེབ་ཡིག་ན་གསལ་བོར་བཀོད་ཡོད།སྡེ་བཞིའི་ཡོ་ལང་ཆེ་ཆེར་དར་བས་སྐྱེ་བོ་བགྲང་ཡས་བའི་འདུ་འགོད་དང་། ཕོ་ཉའི་འགྲོ་འོང་བཅས་ཀྱིས་ཉི་ཟླའི་འོད་ཀྱང་མོག་པོར་བགྱིད་པ་སོགས་ ལུགས་གཉིས་ཀྱི་བྱ་བཞག་རྒྱ་ཆེ་ཞིང་སྟོབས་འབྱོར་གྱི་དཔུང་བ་དར་དྲགས་པས་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་རྒྱལ་ཐབ་ཀྱང་ཟིལ་གྱིས་གནོན་པར་ བྱེད་དོ༎
དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་"སྐུ་ཚེ་དུ་མར་རྒྱལ་བའི་བསྟན་པ་ལ་བྱ་བ་ལྷག་པར་མཛད་ཅིང་། དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་ པའི་སེམས་དཔའ་ཆེན་པོ་ཚ་གན་ནོ་མན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ"ཞེས་བསྔགས་པ། ཕྱག་ན་པདྨོ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་གི་རིགས་ཀྱི་ཅོད་པན།ལ་མོ་སྐུ་ཕྲེང་གསུམ་པ་ བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ ལྕགས་བྱི(1660ལོ)ལ།སྲིན་པོ་རིའི་ལྷ་ཞོལ་ཆོས་ཚའི་ཡང་བཟང་ངམ་མར་ཁུ་ཐང་དུ་གྲགས་པར་ཡབ་སྙིང་བོ་སྐྱབས་དང་ཡུམ་ཀླུ་བོ་ཅོག་གཉིས་ཀྱི་སྲས་སུ་འཁྲུངས།སྐུ་བལྟམས་ཚེ་ཡུམ་ལ་བླ་མ་པཎ་ཆེན་ཟེར་བ་ཞིག་གིས་མཁར་ གསིལ་གྱི་རྩེ་མོ་བསྟན་ནས་འདི་ལ་འཇུས་གསུངས་པའི་ཉམས་སྣང་ཞིག་ ཤར་བའི་མོད་ལ་འཁྲུངས།དེ་མ་ཐག་ཏུ་སྤྱན་ཕྱེ་ནས་བཞུགས།རྒྱ་མི་མཚན་ མཁན་ཞིག་ལ་བསྟན་བས་འདི་ཁྱིམ་དུ་གནས་ན་དཔོན་ཆེན་དང་། རབ་ཏུ་ བྱུང་ན་བླ་ཆེན་ཞིག་འོངས་ཞེས་ངོ་མཚར་བའི་ལུང་བསྟན།རྒྱལ་དབང་ལྔ་བ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། འདན་ཞིས་ཚང་གི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་སྟེང་དབུས་སུ་ཕེབས།ཀུན་ གཟིགས་ལྔ་བ་ཆེན་མོས་དགེ་ཚུལ་བསྒྲུབས། སྒོ་མང་གྲྭ་ཚང་དུ་ཁྲི་བློ་གྲོས་རྒྱ་མཚོའི་དྲུང་དུ་བརྩི་བཞག་གསན། ཞབས་བསྙུང་བས་ལ་མོ་ཆོས་སྐྱོང་གི་ལུང་བཞིན་རང་ཡུལ་དུ་མི་ཕེབས་ཐབས་མེད་བྱུང་ཚེ།ང་མཚན་མོ་ཞིག་ལ་བྲོས་ ནས་འགྲོ་ན་མ་གཏོགས་མཁས་མང་འདི་ཙམ་བཞག་ནས་ཉིན་མོ་ཇི་ལྟར་ འགྲོ་གསུང་སྤྱན་སྐྲང་བ་ཙམ་གྱི་སྤྱན་ཆབ་བཏོན་པར།གྲགས་རྒན་པས་ ཐུགས་གསོ་ཞུས་ཏེ་དགུང་ལོ་བཅུ་གསུམ་སྟེང་ཕྱིར་རང་ཡུལ་དུ་ཕེབས། དགུང་ལོ་ཉི་ཤུ་བ་ལ་སླར་ཡང་དབུས་སུ་བྱོན་ནས་ཆོས་གྲྭར་ཞུགས་རྩིས་ མཛད་ཀྱང་བསྙུང་ནས་མ་ཐུབ།ལྕགས་སྤྲེལ་ལོར་ལ་མོ་གྲགས་རྒན་པ་སོགས་དང་མཉམ་དུ་ལྔ་བ་ཆེན་པོར་བསྙེན་རྫོགས་ཞུས། ཧོར་སྨིན་གྲོལ་འཕྲིན་ལས་ལྷུན་གྲུབ་དང་ཁྲི་ཆེན་དཔལ་ལྡན་གྲགས་པ།ཀུན་མཁྱེན་འཇམ་དབྱངས་ བཞད་པ། ལ་མོ་གྲགས་རྒན་པ་སོགས་བླ་མ་ལྔ་བཅུ་རྩ་གྲངས་བསྟེན། གསན་ཡིག་པོད་གཉིས་ཙམ་ཡོད། ཆུ་ཁྱི་ལོར་(1682ལོ)དཱའི་ཆང་ནང་སོས་ཁུར་ ལེན་གྱིས་ལྷ་ཁང་གཞུང་དུ་མགུར་གྱི་ཚོགས་ཡོངས་དང་ །མང་འབལ་བྱ་ གསུམ། སྦྲ་ནག་ཁག་གསུམ། འབུམ་རྒྱལ་བུ་རྒྱུད། བཱ་ཡན་ཚུན་ཚད་ཀྱི་བཙུན་ཁྲལ་བསྡུས་ནས་ལ་མོ་བདེ་ཆེན་ཆོས་གླིང་ཕྱག་བཏབ། རབ་བྱུང་བཅུ་ གཉིས་པའི་ས་ཡོས་ལ་དབུས་སུ་ཕེབས། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ལ་འབུལ་ཆེན་དང་ཆོས་སྡེ་རྣམས་ལ་མང་འགྱེད་སོགས་རྒྱ་ཆེར་བསྒྲུབས།ལྕགས་སྟག(1710ལོ)ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་རང་དགོན་དུ་གདན་དྲངས་ཏེ་ཆོས་ དང་ཟང་ཟིང་གི་བསྙེན་བཀུར་ཚད་མེད་པས་མཆོད། ཕན་ཚུན་ཐུགས་ནང་གཅུགས་པའི་གསུང་གླེང་མཛད།ཉིད་དང་ཁྲི་ཆེན་སྤྲུལ་བའི་སྐུ་སོགས་ཀྱིས་ཀུན་མཁྱེན་གྱི་དྲུང་ནས་ལྟ་ཁྲིད་དང་ལུང་ལྷོ་བྲག་སྙན་བརྒྱུད་ཀྱི་དབང་དང་རྗེས་གནང་ཡོངས་རྫོགས་མནོས།ཀུན་མཁྱེན་མཆོག་གིས་ཀྱང་ཞབས་དྲུང་ རིན་པོ་ཆེ་ལས་མགོན་པོ་ཞལ་གྱི་རྗེས་གནང་གསན། མཚོ་སྔོན་དཔོན་ཁག་སྤྱིའི་མོས་པ་བཞིན་ལ་མོ་ཞབས་དྲུང་རིན་པོ་ཆེས་རྒྱལ་དབང་ཐམས་ཅད་ མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རབ་བྱུང་གི་མཁན་པོ་མཛད་ཅིང་།དེའི་ ཚུལ་ནི། ལྕང་སྐྱ་རོལ་བའི་རྡོ་རྗེས། "བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་རྟོགས་པའི་ཡོན་ ཏན་ལ་མངའ་འབྱོར་ཞིང་།ངུར་སྨིག་འཆང་བ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་བ་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ དཔལ་བཟང་བོས་མཁན་པོ་དང་།ཕྱི་ནང་རྟེན་འབྲེལ་ཐམས་ཅད་ཆུའི་ཟླ་བ་ལྟར་གཟིགས་པའི་སེམས་དཔའ་ཆེན་པོ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་ དབང་ཕྱུག་ཆུ་བཟང་ནོ་མིན་ཧན་རིན་པོ་ཆེ་དང་།དཔལ་ལྡན་སྨན་རྒྱུད་གྲྭ་ཚང་གི་གྲྭ་རིགས་གནས་བརྟན་ཆེན་པོ་སྐུ་མདུན་སྔགས་རམས་པ་བསམ་ གཏན་རྒྱལ་མཚན་པས་ཞབས་རིང་བ་མཛད་དེ།ཐོག་མར་བསླབ་པའི་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཇུག་ཐོགས་དེ་མ་ཐག་ འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་སུ་གྱུར་བའི་དྲང་སྲོ་གི་རྒྱལ་མཚན་ཡང་དག་པ་མནབས་ནས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ བཞེས་ཏེ། མཚན་ཡང་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་བོ་ཞེས་གསོལ་བར་གྱུར་ཏོ།།"ཞེས་གསུངས་པ་ལྟར་རོ༎
ཡང་ལྕང་སྐྱ་རིན་པོ་ཆེས"ཚ་གན་ནོ་མིན་ཧན་ངག་དབང་བློ་བཟང་ བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཇལ་ཁར་ཕེབས།རྗེ་བླ་མ་ཉིད་ དང་སྐུ་ཚེ་དུ་མར་དད་པ་དང་དམ་ཚིག་གཙང་མའི་འབྲེལ་བ་ཤིན་ཏུ་ཟབ་ པས། གཟིགས་པ་ཙམ་གྱིས་ཁོང་ལ་དགྱེས་ཚོར་ཆེན་པོ་མཛད།ཞེས་དང་། དེ་ནས་ནོ་མོན་ཧན་དེ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་དུ་གཟིགས་ཏེ་རྗེ་བླ་མ་ཉིད(རྒྱལ་དབང་བདུན་པ)ནས་ཡི་དམ་དང་ཆོས་ སྐྱོང་དུ་མའི་དབང་རྗེས་གནང་སོགས་ཟབ་ཆོས་མང་དུ་ཞུ་བ་གནང"ཞེས་ གསུངས་པ་ལྟར་དབང་ལུང་མང་དུ་ཕུལ་བས་ཁོང་ནས་ཨུ་ཅུ་ཐི་གེན་ཚ་གན་ནོ་མིན་ཧན་ཞེས་ལུང་ལས་ཀྱིས་གཟེངས་བསྟོད་པར་མཛད།གཞན་སྟོང་ འཁོར་ངག་དབང་བསོད་ནམས་རྒྱ་མཚོ་དང་ཁྲི་ཆེན་སྤྲུལ་སྐུ་བློ་བཟང་ བསྟན་པའི་ཉི་མ།གྲགས་རྒན་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་མཁན་པོའང་མཛད་དོ།།
གོང་མ་ཁང་ཞི་ཁྲི་ལོ་ཞེ་བཞི་(1706)ལོར། རྒྱལ་ས་པེ་ཅིན་དུ་ཕེབས། བདག་རྐྱེན་སྤམ་མཐོ་བ་དང་བཅས་ཚ་གན་ནོ་མོན་ཧན་གྱི་ཆོ་ལོའི་གཟེངས་བསྟོད་དང་གསེར་ཡིག་འཇའ་ས་གནང་།ཡུང་ཏྲིང་ཁྲི་ལོ་གསུམ་ པར(1725ལོ)ཨམ་བྷན་སོགས་ནས་ཞུས་ཏེ་མངའ་འབངས་ཀྱི་ལྷ་སྡེ་མི་སེར་རྣམས་སོག་པོའི་ལུགས་སྲོལ་ལྟར་མདའ་ཚན་པ་བཞིར་བསྒྲིགས་སོ།།
རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་(1727ལོ)འཕགས་མཆོག་གྲུ་ འཛིན་མགོན་པོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་གར་དུ་ཟློས་པ།རྒྱལ་ མཆོག་བསྐལ་བཟང་རྒྱ་མཚོ་མང་རའི་ཤེལ་ལུང་གི་ཨུརྒེའི་སྟེང་དུ་གདན་ དྲངས་ཏེ་ཁྲི་སྟོན་གཟབ་རྒྱས་(ས་དེར་ད་ལྟ་བཞུགས་ཁྲི་གོང་ཞོལ་ཟེར་ཞིང་རྒྱལ་དབང་མཆོག་གི་བཞུགས་ཁྲིའི་ཤུལ་ད་ལྟའང་མཐོང་རྒྱུ་ཡོད་པ་དང)། གཞན་བཞུགས་ཁྲི་ཞོལ་མར་སྐབས་དེར་དུས་བཞེངས་པའི་རྒྱལ་དབང་ བདུན་པ་དང་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་རྡོ་སྐུ་ བྱོན་ལེགས་ད་ལྟ་ཡང་མཇལ་དུ་ཡོད)དང་།ཚེ་དབང་དང་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་དབང་ལུང་མང་དུ་གསན།
སྔ་ཕྱིར་དབུས་གཙང་དུ་ལན་ལྔར་བྱོན་ནས་མཆོད་འབུལ་དང་མང་ འགྱེད་གྲངས་མང་བསྟར་ཞིང་། རྗེས་མའི་སྐབས་ཆོ་འཕྲུལ་སྨོན་ལམ་གྱི་ ཉིན་གཅིག་ལ་གསེར་ཞོ་རེ།དངུལ་སྲང་རེ། གོས་ཆེན་ཁ་ཕྱེད་རེའི་འགྱེད་ ཕུལ་བར་ལ་མོའི་དགྱེད་ཆེན་དུ་གྲགས་པ་བྱུང་། ལ་མོ་ཆོས་སྐྱོང་གིས། སྐྱིད་ ཤོད་ཀྱི་མཛོ་མོ་དཀར་མོ་དེ།བྱང་གི་ཕྱོགས་སུ་འཆོར་ཉེན་ཡོད། ཅེས་པའི་ ལུང་བསྟན་བཞིན་རྗེ་ང་འདྲ་མ། རྩེའི་སྒྲོལ་མ་གསུང་འབྱོན། སྟོན་པ་སངས་རྒྱས་ཀྱི་རིང་བསྲེལ།ལྷོ་བྲག་གྲུབ་ཆེན་གྱི་ཚེམས། ལྔ་བ་ཆེན་མོས་འཇིགས་ བྱེད་བསྙེན་ཆེན་གནང་དུས་ཀྱི་ཐོད་ཕྲེང་སོགས་བྱིན་རྟེན་མང་བོ་གདན་ དྲངས། ལ་མོའི་རྟེན་མཛོད་ཆེན་མོ་ཞེས་སྙན་གྲགས་ཤིན་ཏུ་ཆེ་ཡང་།རིག་ གསར་སྐབས་ཤུལ་མེད་དུ་བཏང་། རྗེ་འདི་བ་མཁས་བཙུན་བཟང་གསུམ་ དང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པ་ཙམ་དུ་མ་ཟད།ཐ་ན་ཕྱི་དྲོ་ཞོ་དང་འོ་མ་ཙམ་ཡང་མི་བཞེས་པའི་རྣམ་ཐར་གཙང་བ། བཀའ་མཆིད་ཆོས་དང་ལྡན་པས་ཡིད་འཕྲོག་པ། ཐུགས་བསྐྱེད་བཟང་བས་བདུན་དུ་སླེབས་པ་ཙམ་གྱིས་བག་ཕེབས་ཤིང་།ལོག་སྒྲུབ་སྦྱོར་བའི་སྐྱེ་བོ་མ་རུང་བ་རྣམས་ཀྱང་ངང་གིས་འདུད་བ། ཆོས་སྲུང་སྤྱི་དང་ཁྱད་པར་གོང་མའི་དུས་ནས་བསྙེན་ བསྒྲུབ་མཛད་པའི་དཔལ་མགོན་ཞལ་བཞི་བ་དངོས་སུ་བྲན་ལྟར་འཁོལ་ཞིང་།སྐུ་དྲུང་ནས་དེའི་རྗེས་གནང་ཐོབ་སྟེ་བྱ་ནག་བསད་པ་སོགས་དམ་ཚིག་ དང་འགལ་བས་གདོང་ལྟག་པར་གཅུས་ནས་འཆི་ལ་ཉེ་བ་འགར་བཀའ་ བསྒོ་གནང་བའི་མོད་ལ་དྲངས་པ་སོགས་གཏམ་ཡ་མཚན་པ་མང་ལ།མཚོ་ གཡས་རུ་གཡོན་རུའི་དཔོན་ཁག་ཐམས་ཅད་ཀྱི་དབུ་བླར་གྱུར་ཅིང་། ཨུརྒེའི་ཕྱི་ནང་བར་གསུམ་གྱི་བཀོད་པ་སོགས་སྲིད་ཀྱི་ཡོ་ལང་བརྒྱ་བྱིན་ལྷའི་ཕོ་བྲང་དང་མཚུངས་ཞེས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་གསུངས་ལ།
སྐབས་དེའི་ཨུ་རྒེའི་བཀོད་པ་མཚོན་པའི་ལྡེབས་རིས་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཅན་ཞིག་ང་བརྒྱད་དང་རིག་གསར་སྐབས་བོར་བརླག་སོང་བ་ཉེ་སྔོན་༧ཡབ་རྗེ་བླ་མ་རིན་པོ་ཆེའི་ཕྱག་ཏུ་འབྱོར་བ།ད་ལྟ་ཐར་ཤུལ་ཆོས་ཁང་དུ་ཡོད་པ་དེ་ལས་ཀྱང་ཞིབ་ཏུ་ངེས་ཐུབ་བོ༎དགུང་གྲངས་རེ་དགུ་བ་ས་སྤྲེལ་(1729ལོ)ལོར་ཞི་བར་གཤེགས། ཇ་སག་གི་ཁུར་བླངས་ཏེ་མདོ་དབུས་ གཉིས་ཀར་དགོངས་རྫོགས་བསྒྲུབས།སྐུ་གདུང་ཞུགས་ལ་སྦྱངས་པས་ཐུགས་ལྗགས་སྤྱན་གསུམ་ཕེབས་པ་ནང་བཞུགས་ཀྱི་སྐུ་གདུང་མཆོད་རྟེན་ཕྲ་བཀོད་ཕུན་སུམ་ཚོགས་པ་གསེར་འབའ་ཞིག་གིས་བཞེངས་པ་སྤྱི་ཚོགས་བསྒྱུར་ བཀོད་ཀྱི་སྐབས་སུ་གཞུང་བཞེས་ཀྱིས་མེད་པར་བྱས་པ་ཀྱེ་མ་ཕངས་སོ།།
ལོ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་ནི།རབ་བྱུང་བཅུ་གཉིས་པའི་ས་བྱ(1729ལོ)ལོར་རྨ་ཆེན་གངས་འདབས་ཀྱི་ཨ་རིག་ཀླུ་དེའུ་ཞོལ་དུ་ཡབ་ལ་ཀ་ཚུལ་ཁྲིམས་རྒྱ་མཚོ་དང་ཡུམ་བཀྲ་ཤིས་སྐྱིད་ གཉིས་ཀྱི་སྲས་སུ་འཁྲུངས།རྒྱལ་དབང་བདུན་པ་དང་ཁྲི་ཆེན་བསྟན་པའི་ཉི་མས་ཐུགས་ཁུར་བཞེས་ཏེ་ཆུ་གླང(1733ལོ)ལོར་གདན་སར་བཀོད།ཀུན་ གཟིགས་བདུན་པ་ཆེན་པོ་དང་ཁྲི་རྒྱ་ནག་པ། ཞྭ་དམར་ངག་དབང་འཕྲིན་ ལས། ཨ་རིག་དགེ་བཤེས་ཆེན་མོ་སོགས་རིགས་ཀྱི་ཅོད་པན་དུ་བསྟེན་པས་ མདོ་སྔགས་རིག་གནས་རབ་འབྱམས་ལ་མངའ་འབྱོར།དགུང་ལོ་བཅོ་ བརྒྱད་པ་ལ་མང་རར་དཔེ་འཛིན་མཛད་སྐབས་ཚངས་པ་རྨ་ཆེན་ཁྲི་ཤོར་ མཚོ་སྨན་སོགས་ཀྱིས་དངོས་སུ་གུས་འདུད་ལྷུར་བླངས།མགོན་པོ་ཞལ་གྱི་ གཟིགས་སྣང་བྱུང་། དབུས་གཙང་དུ་ལན་གཉིས་ཕེབས། ཆོས་དཔལ་ཇ་སག་དང་ནང་མ་མཐུན་པས་གོང་ནས་ཁོའི་ཁ་ཆེམས་བཞིན་ཇ་སག་གི་ཐམ་ག་ དང་རུ་སྡེ། ད་ལྟའི་ཐུན་ཏེའི་འབལ་གཞུང་སྟོད་སྨད་ཀྱི་ས་ཆ་བཅས་ལ་མོ་ ཚང་ལ་གནང་བས།དེ་ནས་བཟུང་བླ་དཔོན་སྦྲགས་མ་མཛད་དགོས་བྱུང་ བས་ཤེའུ་ལུང་(ཤེལ་ལུང)དང་མང་ར་སོགས་སོག་ཡུལ་དུ་རྒྱུན་བཞུགས་ གནང་། ལུགས་གཉིས་ཀྱི་བྱ་བཞག་རྒྱ་ཆེ་ཞིང་སྡེ་བཞིའི་ཡོ་ལང་སྤྲིན་ལྟར་ གཏིབས་ཀྱང་ཚུལ་ཁྲིམས་དག་ཅིང་ཞི་ཞིང་དུལ་བ།ལྟ་གྲུབ་གཙང་ཞིང་ དམན་ལ་བརྩེ་བ། བསྟན་འགྲོའི་དོན་ལ་ལྷག་བསམ་རྒྱ་ཆེ་བ་སོགས་དམ་པའི་བརྟུལ་ལུགས་མ་སྨད་པ་ཞིག་གོ ། ཟླ་བའི་དཀྱིལ་འཁོར་ས་ལ་འཕོས་བ་ལྟ་ བུའི་ཨུརྒེ་ཆེ་བ་བཅུ་ཕྲུག་དུ་མ་དང་།གར་ཆེ་ཆུང་ཉིས་བརྒྱ་ལྷག་ཙམ་གྱི་ཁུ་རེ་ལྷ་གུར་གསུམ་ལ་གསེར་གྱི་གན་ཛི་ར་ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་པར་བཟོད་པ།དཔངས་ཤིན་ཏུ་མཐོ་བས་མཛེས་པ་སོགས་མཚོ་སྔོན་གྱི་ཕྱོགས་ན་ཨུརྒེ་དངོས་གཙང་བའི་དཔེར་གླེང་བ་དོན་ལ་གནས་པ་མངོན་སུམ་གྱིས་ མཐོང་ངོ་།། ཞེས་དབལ་མང་དེབ་ཐེར་ལས་བྱུང་ལས་འབྱུང་།ཀུན་འཁྱེན་ འཇིགས་མེད་དབང་བོ་ཡང་མང་རའི་ཨུརྒེའི་སྟེང་དུ་ལན་མང་བོར་གདན་ དྲངས། ཁྲི་ཆེན་འཇིགས་མེད་རིགས་པའི་སེང་གེ་ཡང་དབུས་ཕེབས་ཡར་ ལམ་མར་ལམ་གཉིས་ཀར་ཨུརྒེར་ཕེབས།ལ་མོ་སྐུ་ཕྲེང་འདི་བ་གུང་ཐང་ འཇམ་པའི་དབྱངས་ལ་ཡང་འཇལ་འཛོམས་སོགས་ཡབ་སྲས་ཐམས་ཅད་ དང་ཐུགས་འབྲེལ་ཟབ།རྒྱལ་བ་འཇམ་དཔལ་རྒྱ་མཚོས་བསྙེན་རྫོགས་ བཞེས་སྐབས་ལྷུང་བཟེད་འགྲེམ་པ་པོ་མཛད། དགུང་ལོ་རེ་བརྒྱད་སྟེང་ གཟུགས་སྐུ་རགས་པའི་བཀོད་པ་བསྡུས་སོ།།
ལོ་མོ་སྐུ་ཕྲེང་ལྔ་བ་ཕན་བདེའི་དབང་ཕྱུགས་མཁས་བཙུན་རྒྱ་མཚོ་ནི། རབ་བྱུང་བཅུ་གསུམ་པའི་མེ་མོ་སྦྲུལ(1979)ལོར། དངུལ་རེའི་ཞོལ་དུ་ཨ་ རིག་གི་རིགས་སུ་ཡབ་ཐུབ་བསྟན་རབ་རྒྱ་རྒྱས་དང་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།པཎ་ཆེན་བསྟན་པའི་ཉི་མས་རྗེ་གོང་མའི་ཡང་སྲིད་དུ་ ངོས་འཛིན་མཛད། ཨ་རིག་དགེ་བཤེས་ཆེན་མོ་སོགས་དམ་པ་དུ་མའི་ ཞབས་པད་ལ་སྤྱི་བོས་བཏུད་ནས་དབང་ལུང་མན་ངག་རྒྱ་མཚོའི་གཏེར་རུ་གྱུར།དགུང་ལོ་བཅུ་དྲུག་སྟེང་དབུས་འགྱུར་དག་པའི་ཞིང་དུ་བྱོན། དགུང་ལོ་ཉི་ཤུ་བ་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།ལྐོག་གྱུར་གྱི་གནས་རྣམས་ལག་མཐིལ་གྱི་རྫས་བཞིན་གཟིགས། རྗེ་འདི་བ་དང་ཤར་ནོ་མོན་ཧན། ཨ་རིག་དགེ་བཤེས་ཆེན་མོ་རྣམ་པ་གསུམ་གྱི་འཕྲིན་ལས་ཀྱི་སྣང་བ་དཀར་བོས་རྨ་ལྷོ་བྱང་གི་ཡུལ་གྲུ་རྣམས་རྫོགས་ལྡན་ གྱི་དཔལ་ལ་རོལ་བར་གྱུར་ཏོ༎
ལམ་བདེ་ཆེན་དང་མགུར་སོགས་སུ་མཚན་ཞབས་པ་བཅུ་ཕྲག་རེ་དང་བསྡོངས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་གནང་བས་མཁས་ཤིང་གྲུབ་པའི་གོང་འཕང་མཐོན་པོར་གཤེགས།
སྐབས་འདི་ཙམ་ན། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་ཁུ་བོ།བསྟན་ འཛིན་ཝང་གི་བློན་ཆེན་ཨལ་དར་ཧོ་ཤོའི་ཆི(ཨ་རིག་དོན་ཁོ)ཟེར་བ་དེས་འབའ་གཞུང་སྟོད་ཀྱི་འབྲོག་སྡེ་མང་བོར་དབང་བསྒྱུར་ཅིང་།ཁོ་དཔའ་རྩལ་ཤིན་ཏུ་ཆེ་བས་ཐམས་ཅད་སྐྲག་ནས་ཉེ་འཁོར་དུ་བཏུད་མ་ཐུབ་པར་ཡོད་པ་ལ། ཁོ་ཤི་རྗེས། རེབ་ཀོང་ཕྱོགས་ཀྱི་ཧོར་སྦྲ་ནག(བོད་སྡེ་ཞིག)གི་འབྲོག་སྡེ་མང་བོ་དབྱར་གྱི་ཆུ་ལོན་བརྡོལ་བ་བཞིན་གཞུང་མཐའ་སྨུག་དང་བྱ་དུར་ སོགས་སུ་བབས།དེ་ལ་ནི། འབལ་གྱི་སྟག་རྒན་ཤི་ནས། སྐམ་པའི་ཧྭ་མོ་ཕྱེས་སོང་ཟེར། དེ་ལ་བརྟེན་ནས། ཧོར་སོག་གཉིས་ཀྱིས་ལོ་ངོ་དུ་མའི་རིང་ལ་མི་ གསོད་རྟ་འདེད་ཀྱི་གཡུལ་བཀྱེས་ཤིང་།ལ་མོའི་ལྷ་སྡེ་དང་ཆིང་ཝང་གི་རུ་སྡེ་ཟླ་སྒྲིལ་དུ་ཡོད་སྟབས། ཧོར་དམག་གིས་མདའ་བཞི་དང་ལ་མོའི་ཨུརྒེ་བཅས་ལ་འཕྲོག་བཅོམ་བྱས།
དེ་ནས་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ཀྱི་ལོའི(སྤྱི་ལོ་1831)ཟླ་གསུམ་པའི་ཚེས་བཅུ་གཅིག་ལ་དགོངས་པ་དག་ཞིང་དུ་གཏད། དེ་དུས་ དགུང་ལོ་སོ་ལྔ་ཡིན་ཞིང་སྐུ་གདུང་བྱ་གཞུང་གི་རི་བོ་ཐོད་དཀར་གྱི་མདུན་དུ་ཞུགས་ལ་སྦྱངས་སོ།།
ལ་མོ་སྐུ་ཕྲེང་དྲུག་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའམ་ངག་དབང་ མཆོག་གྲུབ་བསྟན་པའི་རྒྱལ་མཚན་ནི།ཙོང་ཁའི་ཡུལ་དུ་སྐུ་འབུམ་མཆོད་ གཞིས་མི་ཉག་ར་ལྡིང་སྡེ་བར་ཡབ་ཆོས་སྐྱོང་བཀྲ་ཤིས་དང་ཡུམ་མཚོ་ཁོའི་ སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་འབྲུག་ལོར་འཁྲུངས།རྗེ་གསེར་ཁང་བ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་ལྷ་དང་བླ་མའི་ལུང་བསྟན་བཞིན་སྐུ་ གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད།མང་རའི་ཆུ་བཟང་དུ་གདན་ཁྲིར་བཀོད། གསེར་ཁང་དཔོན་སློབ་ལས་རབ་ཏུ་བྱུང་། རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྟེན།ལ་མོ་བདེ་ཆེན་དུ་མཚན་ཉིད་ཀྱི་གཞུང་ལ་སྤྱངས། ཅུང་ཟད་འཚུབ་པས་ཟི་ལིང་ཨམ་བྷན་གྱི་མངག་བཀོད་ལྟར་སྐུ་ འབུམ་ཆོས་གྲྭར་ཕེབ།མཁྱེན་རབ་ཆེ་ཞིང་བླ་མ་ལ་གུས། ལྕགས་ཁྱི་ས་ཟླའི་ དུས་ཆེན་ལ། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་ མེད་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས། རང་གཏོགས་ཀྱི་སེར་སྐྱ་མཆོག་ དམན་ཐམས་ཅད་ལ་ལུགས་གཉིས་ཀྱི་གཟིགས་སྐྱོང་ཚད་ལས་འདས་པ་ གནང་། སྐུ་ཚེའི་སྨད་ཀྱི་མཛད་སྤྱོད་འགའ་ཞིག་ཚུར་རོལ་མཐོང་བའི་བློ་ཡུལ་དུ་ཤོང་དཀའ་ཡང་།ཡབ་སྲས་མཇལ་བའི་མདོ་ལས། ཆགས་པ་མི་མངའ་ ཆགས་པའི་ཚུལ། འཇིགས་པ་མི་མངའ་འཇིགས་པ་ལྟར༎རྨོངས་མེད་ རྨོངས་པའི་ཚུལ་བསྟན་ཏེ།། སྨྱོ་བ་མ་ལགས་སྨྱོ་བའི་ཚུལ། ཞ་བ་མ་ལགས་ཞ་ ཚུལ་ལྟར༎རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས།།སེམས་ཅན་རྣམས་ནི་འདུལ་བར་འཛད།། ཅེས་གསུངས་པ་ལྟར་རོ།།
རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་སྤྲེལ(1872)གྱི་ལོར། དགུང་ལོ་ཞེ་གཅིག་ སྟེང་ཧོ་ཟླ་བཅུ་གཉིས་པའི་ནང་དགོངས་པ་ཆོས་དབྱིངས་སུ་བསྟིམས།ལ་མོ་སྐུ་ཕྲེང་ལྔ་བའི་རིང་ལ། ལ་མོའི་ཨུརྒེ་དང་མདའ་བཞི་སོགས་ཧོར་སྦྲ་ནག་གི་དམག་གིས་བཅོམས་པ་ནས་བཟུང་། ལ་མོའི་སྒར་གྲོང་ཚང་མར་ལྷིང་ འཇགས་མ་བྱུང་བར་འཐོར་ལ་ཉེ་བའི་དུས་དེར།བྱ་ཁོག་དཔོན་པོ་རྒྱལ་ མཚན་བཟང་བོས་འགོ་གཙོ་དང་གཅིག་སྡུད་མཛད། དེ་ཡང་དཔོན་པོ་འདི་བ་ནི་ཆོས་སྲིད་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་ཤིང་།༧ཀུན་མཁྱེན་སྐུ་ཕྲེང་གསུམ་པ་དབུས་ཕེབས་ཕྱིར་ལམ་དུ་དད་ལྡན་གདུལ་བྱ་རྣམས་ཀྱི་ཕུལ་བའི་དངོས་རྫས་དང་ཟོག་ལུག་རྣམས་དོ་དམ་དང་བདག་གཉེར་གྱིས་ཁོང་ལ་ ཞབས་འདེགས་དང་མཐུན་འགྱུར་གང་ལེགས་བྱས། 《རྗེ་ཞབས་དཀར་བའི་རྣམ་ཐར》ལས། ཉིན་ཞིག་སྡེ་དགེའི་མི་ཚང་འགའ་ཞིག་གི་མི་སྐྱ་ལྔ་འགྲུལ་ ལམ་ཞིག་ལ་སོང་བ། རྒྱ་མི་འགའ་རེས་རྐུན་མ་ཡིན་སྙམ་ནས་བཟུང་སྟེ་ཟི་ ལིང་དུ་ཁྱེར་སོང་བའི་བུད་མེད་རྣམས་ངའི་མཚམས་ཁང་གི་སྒོ་ཁར་ཡོང་ ནས་མང་བོ་ངུས་པས།དེར་ངས་སྙིང་རྗེ་ནས། ཁོང་རྣམས་ལ་ཡུལ་ཕྱོགས་ དེའི་མི་དྲག་ཤོས་པོ་སུ་ཡིན་དྲིས་པས།བུད་མེད་རྒན་པ་ཞིག་ན་རེ། ཞབས་ དྲུང་ཚང་གི་དཔོན་པོ་རྒྱལ་མཚན་དམར་དྲིས་ཟེར་བ་དེ་རྒྱ་མི་ལ་ངོ་ཆེ།དེས་རྐུན་མ་མ་རེད་ཐོངས་ཞེས་ཡི་གེ་ཞིག་བསྐུར་ན་མི་དེ་རྣམས་བཏང་ཡོང་ཟེར་བས། ངས་དེ་ཡིན་ངའི་ཡོན་བདག་དད་ཅན་ཞིག་ཡིན་པས་འདིར་བོས་ནས་འོངས་པས་ཁྱེད་རྣམས་སེམས་མ་སྡུག་དང་།མི་རྣམས་ལོན་འོང་ཞེས་སེམས་གསོ་བཏང་ནས་སོང་། དེ་འབོད་དུ་འགྲོ་མཁན་སུ་ཡང་མི་འདུག དེར་ངའི་བསམ་པ་ལ་དབང་སྡུད་ཅིག་བྱས་ན་ཨེ་ཁུག་སྙམ།རང་ཡིད་དམ་གྱི་ལྷར་ གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། སྦྱིན་བདག་གི་སྙིང་ཁར་ཕོག་པ་ཙམ་གྱིས་ལུས་སེམས་ལ་སྔར་མེད་པའི་བདེ་སྟོང་གི་རྟོགས་པ་ཁྱད་པར་ ཅན་འཁྲུངས། དེའི་ངང་ནས་ང་ཡིད་ལ་དྲན་ཏེ་མཇལ་འདོད་སྐྱེས་ཏེ་ཚུར་ འོང་བའི་དམིགས་པ་ཡང་ཡང་བྱས་པ། ཉི་མ་ཁ་ཤས་ཀྱི་འཕྲོ་ནས་ཡོན་ བདག་ཁོ་དང་གཞན་མང་བོ་མཇལ་དུ་འོང་པ་ལ་ངས་སྔར་གྱི་རྒྱུ་མཚན་ རྣམས་བཤད་པས།ཡོན་བདག་རྒྱལ་མཚན་དམར་དྲིས་ཟེར་བ་དེས་ཡི་གེ་ བཏང་པས་སྡེ་དགེའི་མི་ལྔ་བཟུང་སོང་བ་སླར་བཏང་ནས་ཐམས་ཅད་ དགའ་ཞིང་སྤྲོ་བ་བྱུང་ངོ་།། ཞེས་པའི་དཔོན་པོ་རྒྱལ་མཚན་དམར་དྲིས་ཟེར་བ་དེ་ཡང་དཔོན་པོ་འདི་བ་ལས་འོས་མེད་དོ་སྙམ།འདི་སྐབས་སུ། མདའ་ ཚན་ཚོ་བ་བརྒྱད་ཀྱི་ནང་ཚན་བྱ་ཁོག་ཚོ་བ་ནི་ཚོ་བ་བརྒྱད་ཀྱི་དཔོན་ཚང་ལྟ་བུ་ཡིན་པས་ཚོ་བ་བརྒྱད་ཀྱི་དཔོན་འགོ་ཡང་ངེས་པར་བྱ་ཁོག་མི་རྒྱུད་ཀྱིས་ འཛིན་དགོས་པའི་ལུགས་སྲོལ་ཆགས་ཡོད། དེར་མ་ཟད། བྱ་ཁོག་དཔོན་པོ་ རྒྱལ་མཚན་བཟང་པོར་ཐུ་ས་ལག་ཆི་ཞེས་པའི་ཆོ་ལོ་ཡང་གོང་ནས་གནང་ ཡོད་པ་རིམ་བཞིན་དཔོན་རབས་ཕྱི་མ་རྣམས་ལ་བརྒྱུད་དོ།།
དུས་རབས་བཅུ་དགུ་བའི་དུས་འགོ་ཙམ་ལ།བེ་ལི་ཚང་དང་མདའ་ བཞིའི་རུ་སྡེ་རྣམས་བོ་རོ་ཆུ་འགག་གཞུང་དུ་གནས་སྤར་བས། འབལ་གཞུང་གི་ཞྭ་དམར་དགོན་དང་མང་རའི་འཁྱམ་རུ་དགོན།གཡོན་རུའི་དགོན། བྱ་ མདོའི་མ་ཕྱག་དགོན་སོགས་རང་སར་འཐོར། ད་ལྟ་འདི་དག་གི་ཤུལ་དུ་གྱང་ཆག་དང་མཁར་ཤུལ་རེ་ཀུན་གྱི་མཐོང་སྣང་དུ་ཡོད་དོ།།
སྐུ་ཕྲེང་བདུན་པ་རྗེ་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་ནི།རབ་ བྱུང་བཅོ་ལྔ་བའི་ཆུ་མོ་བྱའི་ལོར(1873)ཆུ་བཟང་རྭ་ལོ་ཐང་དུ་ཡབ་གསེར་འོད་སྐྱབས་དང་ཡུམ་ལྷ་མོ་བྱམས་གཉིས་ཀྱི་སྲས་སུ་ཆུ་བཟང་སྤྲུལ་བའི་སྐུ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་དང་།དཔའ་ཐེའི་སྤྲུལ་སྐུ་བསྟན་འཛིན་མཁས་བཙུན་དཔལ་བཟང་། རྭ་ཁོ་ཧུ་ཐོག་ཐུ་ངག་དབང་ཆོས་འབྱོར་ བསྟན་པའི་ཉི་མ་བཅས་ཀྱི་སྤུན་མཆེད་དུ་འཁྱུངས། ལྷུམས་སུ་ཞུགས་པའི་ གནས་སྐབས་སུ་ཡུམ་གྱི་མནལ་ལམ་དུ་ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་ བཻཊཱུརྱའི་རྡོ་རྗེ་འོད་འབར་བ་ཞིག་པང་དུ་ལྷུང་བ་དང་། འཁྲུངས་ལ་ཉེ་པ་ན་ཡབ་ཀྱི་རྨི་ལམ་དུའང་རང་སྡོད་པའི་ཁང་བའི་དྲྭ་མིག་ནས་ཉི་མའི་དཀྱིལ་ འཁོར་གཟི་བརྗིད་ཆེར་འབར་བ་བལྟ་བས་མི་བཟོད་པ་ཞིག་ཤར་བ་རྨིས་པ་སོགས་ངོ་མཚར་བའི་ལྟས་ཧ་ཅང་མང་། པཎ་ཆེན་ཐམས་ཅད་མཁྱེན་པ་དང་འོན་རྒྱལ་སྲས།ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་བཅས་ཀྱིས་ལ་མོའི་ སྤྲུལ་སྐུར་ངོས་འཛིན་གནང་།དགུང་ལོ་བརྒྱད་ཀྱི་སྟེང་གདན་ཁྲིར་བཀོད། ལོ་མོ་བདེ་ཆེན་དུ་ཚོགས་ཆོས་འགྲིམས།༧ཡབ་རྗེ་བླ་མ་རིན་པོ་ཆེའི་སྐུ་ཕྲེང་དང་བོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་པོ་རྗེ་ཤེས་རབ་རྒྱ་མཚོའམ་དགེ་ འདུན་ཤེས་རབ་ཡོངས་འཛིན་དུ་བསྟེན་ནས་སྐུ་འདའ་ཁའི་བར་དུ་ལྷན་ བཞུགས་གནང་།རྗེ་དེ་ཉིད་དང་ཀླུ་འབུམ་ལྷ་རམས་པ་ངག་དབང་ཚུལ་ ཁྲིམས། དགེ་བཤེས་སངས་རྒྱས་ཆོས་གྲགས།དཔའ་རིས་བློ་བཟང་རབ་ གསལ་སོགས་ལས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐིལ་ཕྱིན་ མཛད། སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དང་ཤིང་བཟའ་རྡོ་རྗེ་འཆང་། ཞྭ་ དམར་པཎྚྀཏ། ཁོང་བླ་ཁོ་རྡོ་རྗེ་འཆང་སོགས་དམ་པ་མང་བོ་ལས་དབང་དང་རྗེ་གནང་། ཁྲིད་དང་བཤད་ལུང་མན་ངག་སོགས་གསན་བཞེས་མཛད་པས་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་མངའ་བདག་ཏུ་གྱུར།
དགུང་ལོ་བཅུ་གསུམ་ཡས་མས་སུ་ཁོག་དང་འབལ་གཞུང་།མང་ར། ཀླུ་ཚང་། ཀ་རྒྱ། ཟླ་ཚང་སོགས་ལ་ཞབས་སོར་བཀོད། དེ་སྐབས་ཁེ་རབ་དཔག་ ཆེན་དགེ་བསྙེན་གྱི་རྟེན་ལ་བཀོད། རི་མགོར་ལབ་ཙེ་ཞིག་བསྟད་ཅིང་གསོལ་མཆོད་ཀྱང་བརྩམས། ཤེལ་ལུང་སྨན་གཤོང་དུ་ཕེབས་ཏེ་དེར་ཆུ་སྐམ་པ་སླར་ཕུད།བདེ་ཆེན་དུ་ཚོམས་ཆེན་ངོ་མཚར་དགེ་ལེགས་སྤུངས་པའི་ཕོ་བྲང་ཞེས་སྐུ་གསུང་ཐུགས་རྟེན་གྱིས་བྱུར་བུར་གཏམས་ཤིང་ཕྱི་ནང་གི་བཀོད་པ་ངོ་ མཚར་བ་དེ་བཞེངས། སྲིད་ཞིའི་གཙུག་རྒྱན་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཆེན་པོ་སྒར་གཞུང་དུ་གདན་དྲངས་ཏེ་དངོས་འབུལ་སྤམ་ མཐོ་བ་ཕུལ། ༧གོང་ས་མཆོག་ནས་སྒར་གཞུང་ལ་ཁམས་གསུམ་རྣམ་པར་ རྒྱལ་བའི་གླིང་ཞེས་པའི་མིང་འདོགས་གནང་།སྔ་ཕྱིར་རྒྱ་ནག་ཏུ་ལན་གཉིས་ཕེབས་ཤིང་། དང་བོའི་དུས་གོང་མ་བཀྭང་ཞི་ལ་མཇལ་འཕྲད་མཛད། མང་ཕོ་སེར་བོ་སོགས་ན་བཟའ་ཉེར་སྤྱད་ཕོན་ཆེན་དང་།པ་ཐེ་ཅོ་ཞེས་པ་མི་ བརྒྱད་ཀྱིས་འདེགས་པའི་ཅོ་ཙི་སེར་བོ་སོགས་བདག་རྐྱེན་ཆེན་པོ་གནང་། རྗེས་མའི་སྐབས་ཏཱ་ཙོང་ཐང་ཡོན་ཧྲི་ཁེ་ལ་མཇལ་འཕྲད་གནང་། འདི་སྐབས་པེ་ཅིང་ན་གྲོས་དབང་དུ་གཏོགས་པའི་དཔོན་ཆེན་བརྒྱད་ཅུ་ཙམ་འཚོགས་ ནས་ཉིན་རེའི་དོན་སྐོར་ཐག་གཅོད་ཀྱི་སྲོལ་བཙུགས་པའི་གྲས་སུ་གོང་གི་ དཀའ་ལྟར་ཕེབས།ཟླ་རེར་སྒོར་དྲུག་བརྒྱའི་ཆ་ལིང་བབས། ཏཱ་ཙོང་ཐང་ ཡོན་ཧྲི་ཁེ་ནས། མཚོ་སྔོན་སོག་པོའི་བླ་མ་ཡིན་ཚུལ་ཆེ་བརྗོད་དང་བཅས་ སྒོར་ཁྲི་གཅིག་གི་གནང་སྦྱིན་དང་བཀྭང་ཏཱ་མེན་ཏྲི་ཧན་ཝང་ཞེས་པའི་གོ་ གནས་གནང་། དེར་མ་ཟད"ཡངས་པའི་ས་ཆེན་གསལ་བའི་མཁས་པ་ཆེན་པོ་ཚ་གན་ནོ་མོན་ཧན་གྱི་བླ་གྲྭ་སྤྱིའི་བདག་པོ་ཧུ་ཐོག་ཐུའི་ཐམ་ག་རྒྱལ"ཞེས་རྒྱ་བོད་སོག་པོ། མུན་ཇུ་བཅས་ཀྱི་ཡི་གེ་ཡོད་པའི་དངུལ་སྲང་དགུ་བཅུས་ བསྐྲུན་པའི་ཐམ་ག་སྟག་གི་འཛིན་ཅན་ཡང་སྩལ། ལ་མོའི་གུར་སྒང་ཁང་ དགོན་དུ་བསྒྱུར་རྒྱུ་སྙན་ཞུ་ཕུལ་བར། "ཀུན་ཏུ་བདེ་བའི་གླིང"ཞེས་མཚན་ དང་འབྲུག་དུ་མས་བསྐོར་བའི་ཙི་ཕན་ཀྱང་གནང་ངོ་།།
ཟི་ལིང་ཨམ་བྷན་མ་ཅུ་མིན་གྱིས་བསྐུལ་བ་ལྟར།ཟི་ལིང་གི་ཧ་ཧྥོ་ཟིའམ་མཁས་པ་མི་གསུམ་གྱི་ལྷ་ཁང་ཞིག་གསོ་དང་ནང་རྟེན་གསར་བཞེངས་ མཛད། མེ་འབྲུག་ལོར་(སྤྱི་ལོ་1916)མང་རའི་ཐོ་ལི་དགོན་རྣམ་རྒྱལ་ཕུན་ ཚོགས་ཆོས་རྫོང་གླིང་གསར་འདེབས་གནང་སྟེ་འདུ་ཁང་སུམ་ཐོག་གྱན་ལྔ་ མ་བཟོ་བཀོད་ཤིང་རིས་སོགས་དོ་ཟླ་བྲལ་བ་ཞིག་གསར་བཞེངས་གྲུབ།བྱ་ མདོར་ཚ་རྔ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གསར་འདེབས་གནང་ནས་ ཙང་ང་ཆོས་རྗེ་ངག་དབང་བརྩོན་འགྲུས་ལ་དགོན་འདི་སྐྱོང་དགོས་ཀྱི་ བཀའ་ནན་ཕེབས། སྔར་ཡོངས་འཛིན་ཚང་དང་ལྷན་དུ་འབལ་གཞུང་དང་མང་རར་ཆིབས་བསྒྱུར་གནང་སྐབས་དེ་གར་ས་ཞིང་དང་རྩྭ་ས་མང་བོ་བེད་མེད་དུ་ལུས་བ་གཟིགས་པས།འདི་དུས་གཅན་ཚ་དང་བཱ་ཡན་ཕྱོགས་ནས་ལྷ་སྡེ་དང་ཞིང་བ་མང་བོ་གནས་སྤར་དུ་བཅུག་ནས་མང་འབབ་བྱ་གསུམ་རབ་འོག་བཅས་ལ་གཞིས་ཕབ་ནས་དེ་གར་ཞིང་ལས་དང་སོ་ནམ་གཉེར་དུ་ བཅུག ལོ་མོ་སྐུ་ཕྲེང་བཞི་བར་གོང་ནས་ཇ་སག་གི་ཐོབ་གནང་བ་ནས་ བཟུང་ལ་མོ་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་མང་འབལ་བྱ་གསུམ་གྱི་ ཆོས་སྲིད་གཉིས་དང་སྣོད་བཅུད་གཉིས་ཀའི་བདག་པོར་གྱུར་བ་རེད།ཡིན་ན་ཡང་འདི་སྐབས་ཤིག་ལ་མོའི་དབང་སྒྱུར་ས་ཆའི་གྲས་ཀབ་རོན་གྱི་ས་ཆའི་ཐད་ལ་འཐེན་འཁྱེར་ཅུང་ཟད་བྱུང་ཞིང་། འདི་དུས་བླ་ནག་དམ་ཆོས་རྒྱལ་ མཚོའི་ལོ་རྒྱུས་ངག་རྩོམ་དུ། མི་མཁས་ཆེན་ཇོ་སར་བྱམས་པ་ཟེར། ཞེས་ བསྔགས་པའི་ཇོ་སར་བྱམས་པ་མགོ་སྡུག་ཟེར་བས་གཏམ་བཤད་ངོ་མཚར་ བ་མང་བོ་བྱས་པའི་ལོ་རྒྱུས་ཀྱང་སྣང་། གནད་དོན་འདི་ཇི་ལྟར་ཐག་བཅད་པའི་ཚུལ་ནི། ༧རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ མཛད་པའི་《ལ་མོ་སྐུ་ཕྲེང་བདུན་པའི་རྣམ་ཐར་ལྷའི་རྔ་ཆེན》ལས། "ཀབ་རོན་གྱི་ས་ལ་རུ་ངན་གྱིས་སྔར་ནས་འཐེན་རྩོད་བྱེད་ཀྱིན་ཡོད་པར་སྣང་ཡང་།ཨམ་བྷན་ནས་ལྟ་རྟོག་ཞིབ་འཇུག་གིས་ཐག་བཅད་དེ་ཤར་ལྷོ་གཙན་ཚའི་ ཐང་མགོ་འཕྲང་དམར་ཡན་ཆད།ལྷོ་མང་རའི་མདུན། བྲག་དམར་ཚུན་ཆད། ལྷོ་ནུབ་རྡོ་སྟག་གཡག་ཚུན་ཆད། ནུབ་ཏུ་འགྱང་ཆེ་ཆུང་མན་ཆད། བྱང་དང་བྱང་ཤར་རྨ་ཆུས་བཅད་མཚམས་ནས་རྗེ་ཉིད་སྐུ་ཕྲེང་གི་ས་ཡིན་ཚུལ་བྲིས་ ནས་འོངས་པ་ཙོང་དུ་ལ་ཕུལ་བར་ཕྱོགས་བཞིར་བྷན་གྱི་ཐམ་ག་དང་། དཀྱིལ་དུ་ཙོང་འདུའི་ཐམ་ག་བཏང་སྟེ་ཡ་མོན་གཉིས་ཀའི་མནན་དུ་བཞག་པར་མཛད་ཅིང་། རྗེ་ཉིད་ལ་ཡང་དེ་མཚུངས་ཀྱི་འཛིན་ཡིག་ཕུལ།"ཅེས་ འབྱུང་བ་ལྟར་རོ།།
ཡང་དེ་ཉིད་ལས།"བ་ཡན་ཕྱོགས་སུ་རང་གཏོགས་ཀྱི་དགོན་གྲོང་ཚོར་སྔར་ཧོས་ཧོས་ཀྱི་ཐུབ་ཚོད་བྱས་འདུག་པ་ལ་ཙོང་འདུ་དང་ཨམ་བྷན་གཉིས་ཆར་ནས་བཀའ་བབས་པ་ལྟར།གནའ་དུས་ཀྱི་ལུགས་སྲོལ་བཞིན་བྱེད་པ་ ལས་བཙན་ཕྱུག་གིས་དབང་ཤེད་ལྟར་བྱེད་ལྟར་བྱེད་མི་ཆོག་པ་དང་།ས་ མཚམས་ཆུ་མཚམས་གསལ་བར་དོད་པའི་མནན་ཡིག་འཇོག་པ་སོགས་ཀྱི་ ཞབས་འདེགས་བཱ་ཡན་ས་སྒོ(ངྻོཏྲཱཾཐྑུ)ནས་གཡོ་ཟོལ་མེད་པར་ཞུས"ཞེས་ གསུངས་སོ།།
དེ་ལྟར་ཆོས་སྲིད་གཉིས་ཆར་གྱི་བཞེད་དོན་མ་ལུས་ལྷུན་གྱིས་གྲུབ་སྟེ།རབ་བྱུང་བཅུ་དྲུག་པའི་མེ་ཡོས(1927)དགུང་ལོ་ང་ལྔའི་སྟེང་ནག་པ་ཟླ་ བའི་ཚེས་བརྒྱད་ལ་ཞི་བའི་དབྱིངས་སུ་གཞོལ་ཅིང་། རིང་བསྲེལ་གྱི་མཆོད་ རྟེན་རྨ་མགུར་བླ་བྲང་བྱམས་ཆེན་ཚོམ་ཁང་དུ་བཞུགས་པ་རིག་གསར་ སྐབས་དམིགས་མེད་དུ་བཏང་ངོ་༎
ལ་མོ་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་ནི།མཚོ་སྔོན་མདའ་བཞིའི་གསར་རྐོན་ཚོ་བར་ཡབ་ལྷུན་གྲུབ་དང་ཡུམ་དཔའ་སྐྱིད་ གཉིས་ཀྱི་སྲས་སུ་འཁྲུངས།རྒྱལ་དབང་བཅུ་གསུམ་པས་རྗེ་གོང་མའི་ཡང་ སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྟེང་གདན་སར་བཀོད། སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་ལས་རབ་ཏུ་བྱུང་། བདེ་ཆེན་དུ་ཚོགས་ཆོས་འགྲིམས། ༧ཡོངས་ཀྱི་དགེ་པའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་བསྟན་ པའི་ཞལ་སྔ་ནས་ལ་སོགས་པ་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་སྤྱི་ བོར་བླངས་ནས་གསན་བསམ་རྒྱ་ཆེར་གནང་། པཎ་ཆེན་ཆོས་ཀྱི་ཉི་མ། བླ་ཁོ་རྡོ་རྗེ་འཆང་། པཎ་ཆེན་ཡོངས་འཛིན་འཇིགས་མེད་རྒྱ་མཚོ། སྐྱབས་རྗེ་ཐར་ཤུལ་རྡོ་རྗེ་འཆང་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན།སྐུ་ འབུམ་བྱམས་པ་གླིང་གི་མཁན་ཁྲིར་བཞུགས། བླ་ཁོ་རྡོ་རྗེ་འཆང་ལས་བསྙེན་པར་རྫོགས།དབུས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུའང་ཆོས་གྲྭ་འགྲིམས། སྤྱི་ལོ་ང་བརྒྱད་ལོའི་བར་དུས་འཁོར་དབང་ཆེན་གནང་བ་སོགས་ལེགས་མཛད་ཀྱི་སྣང་བ་དཀར་བོ་མཁའ་ཁྱབ་དུ་བརྡལ་ལ།དེ་ནས་བཟུང་སྲིད་འཛིན་གྱི་ བྱ་བར་ཞུགས་ཤིང་། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ ལོར(1989)དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
ལ་མོ་སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནི་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོ་(1992)ལོར་འབལ་གཞུང་གི་སར་ཡབ་ཕག་གོ་ཐར་དང་ཡུམ་ཀླུ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་བདུད་ཤུལ་ཀླུ་ཚང་འབའ་ཐ་མར་འཁྲུངས།༧ཡབ་རྗེ་བླ་མ་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོའི་ཞལ་སྔ་ནས་དང་ཀུན་མཁྱེན་རིན་པོ་ཆེ། སྐུ་ཕྱོགས་ཆུ་བཟང་ཚང་། ཨ་ཀྱ་ཚང་། གསེར་ཁྲི་ཚང་སོགས་ཞལ་འཛོམས་ནས་སྐུ་འབུམ་གསེར་གདུང་ཆེན་མོའི་ མདུན་དུ་ཐུགས་ཐག་བཅད།དགུང་ལོ་བདུན་གྱི་སྟེང་གདན་ཁྲིར་བཀོད། ད་ལྟ་ཐར་ཤུལ་དགོན་དུ་ཡབ་རྗེ་བླ་མ་རིན་པོ་ཆེའི་མདུན་དུ་གསན་བསམ་ གནང་བཞིན་པའི་སྐབས་ལགས་སོ༎
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn