རྙེ་ཐམས་ཅད་མཁྱེན་པ་དཔོན་སློབ་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས།
རྙེ་དཔོན་སློབ་སྐུ་ཕྲེང་དང་པོ། གྲུབ་ཆེན་བློ་བཟང་ནམ་མཁའ་ནི་རྨ་ཆུའི་སྨད་རྒྱུད་ཁྲི་ཀ་གསེར་མོ་ལྗོངས་ཀྱི་སྟག་རིག་རྙེ་ཚང་དུ་འཁྲུངས། དབུས་ཀྱི་རྒྱུད་སྨད་དུ་ཚོགས་ཆོས་འགྲིམ། རྒྱ་གར་རྩྭ་མཆོག་གྲོང་བར་དུ་གནས་མཇལ་དང་ད་ལྟའི་མགོན་ཁང་ཡོད་སར་ལྕི་བའི་སྒོམ་ཁང་ཞིག་བཟོས་ཏེ་རི་ཁྲོད་བཟུང་ནས་སྒྲུབ་བ་ཡུན་རིང་མཛད་པས་ཉམས་རྟོགས་ཕུན་སུམ་ཚོགས་པ་འཁྲུངས།དེའི་ཡུལ་སྐད་དུ་ལྕི་བ་ལ་རྙེ་བ་ཟེར་པས་སྒོམ་གྲྭའི་ཆ་ནས་རྙེ་ཚང་དུ་གྲགས།
དེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཉི་མ་སྐུ་གོང་མའི་ཚ་བོར་འཁྲུངས། བཀའ་འགྱུར་པ་སྤྱིན་པ་རྒྱ་མཚོའི་སྐྱེ་བར་གྲགས་བདེ་ཆེན་དུ་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་སློབ་གཉེར་ཚུལ་བཞིན་གནང་།ཀུན་མཁྱེན་འཇིགས་མེད་དབང་བོའི་སྡེས་ཁོང་གྲུབ་མཐའ་གཙང་། ཡོན་ཏན་བཟང་ཞེས་བསྔགས་བརྗོད་ཆེ། ཐུགས་ཟིན་གྱི་སློབ་མར་གྱུར། ཕྱག་ཆེན་སོགས་འདོན་ཆོས་མང་དུ་བསྩལ། ལྕང་ལུང་ཁྲི་རྒན་སོགས་བསྟེན་ནས་ཆོས་བཀའ་རྒྱ་ཆེར་གསན། འཇིགས་བྱེད་རྣལ་འབྱོར་ལ་བརྩོན་པ་ཆིག་དྲིལ་མཛད་དེ་ཡི་དམ་གྱི་ལྷ་ཡི་ཞལ་གཟིགས་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ནས་ལྕགས་ཕག་བར་བདེ་ཆེན་གྱི་ཁྲི་བསྐྱངས་ཏེ་ཚར་གཅོད་རྗེས་འཛིན་ལེ་ཤོར་མེད་པ་མཛད་པས་འགྲིག་ལམ་ཉམས་གསོ་དང་འཆད་ཉན་གོང་འཕེལ་དུ་གྱུར་པས་བཀའ་དྲིན་ཅན་དུ་བརྩི། རབ་འདོད་མེ་ཕག་ལོར་གོང་མའི་སྒྲུབ་གནས་སུ་ལྷ་ཁང་བཞེངས་ཏེ་རི་ཁྲོད་ལྷུན་འགྲུབ་ཆོས་རྫོང་གླིང་ཕྱག་འདེབ་གནང་ནས་ཆོས་རྒྱལ་ལྕགས་མཁར་ཟུར་དགུ་བ་བཙུགས།ཐོས་པ་དགོན་བཀྲ་ཤིས་ཆོས་རྫོང་དུ་བསྟན་སྲུང་དམག་ཟོར་མའི་རྒྱས་པའི་གཏོར་སྒྲུབ་དང་། འཆམ་པ་གྲྭ་ཚང་གསར་འཛུགས་མཛད། མདོ་སྨད་ཆོས་འབྱུང་དུ་མར་ཁའི་ངག་དབང་བསྟན་འཛིན་གྱིས་བསྒྲིགས་པའི་རྣམ་ཐར་ཡོད་ཀྱང་མ་མཐོང་ཞེས་བྲིས་འདུག ཁྲི་ཀའི་མཆོད་རྟེན་དཀར་པོ་ཞིག་གསོ་མཛད་སྐྱབས་མགོན་བདུན་པ་བདེ་ཆེན་དུ་ཕེབས་དུས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་མནྜལ་བཤད་པ་ཕུལ་པས་གོང་ས་མཆོག་གིས་རྙེ་ཐམས་ཅད་མཁྱེན་པ་དགྱེས་པའི་གསུང་གིས་བསྟད་ནས་དངུལ་དཀར་གྱི་འཇམ་དབྱངས་དཀར་པོའི་སྐུ་ཞིག་གནང་། ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་འཛིན་གྱི་རིགས་ཀྱི་ཅོན་པན་དུ་བཀུར་དུས་ཕྱིས་གོང་ས་མཆོག་གི་བཀའ་ཤོག་དང་རྙེ་ཐམས་ཅད་མཁྱེན་པ་ཞེས་པའི་ཐམ་ཀ་འཇིགས་བྱེད་ག་ལོ་མའི་སྐུ་བཅས་གནང་།བཅའ་ཡིག་སོགས་བཀའ་ཤོག་འབུམ་བཞི་བཅུ་ལོ་ལྷག་ཡོད་སྐད་ཐོས།
སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན། ཨ་རིག་ཏུ་ཆུ་ཁྱི་ལོར༡༨༠༢ལོར་ཡབ་བསྟན་འཛིན་དང་ཡུམ་འཛོམས་གཉིས་ཀྱི་སྲས་འཁྲུངས། ཆུང་དུས་ནས་དགོན་པ་ཁ་ལྷོ་ལྟ་ཞིག་ཏུ་འགྲོ་བ་ཡང་ཡང་རྨིས་ཕྱིས་སྟོང་འཁོར་དུ་ཕེབས་པ་རྨི་ལམ་དུ་བྱུང་བའི་དགོན་པ་འདི་རེད་གསུངས། སྟོང་འཁོར་དཔོན་སློབ་ཀྱི་སྐྱེ་བར་གྲགས། པཎ་ཆེན་སྣང་མཐའ་ཡས་དང་རྒྱལ་སྲས་རྡོ་རྗེ་འཆང་གཉིས་ཀྱིས་སྐུ་གོང་མའི་མཆོག་སྤྲུལ་དུ་ཐག་བཅད། བྱ་ཁྲའི་ལོ་ལྷ་རམས་པ་བློ་བཟང་རྒྱལ་མཚན་སོགས་བསྟེན་ནས་ཐུགས་གཉེར་གནང་ཞིང་བདེ་ཆེན་གྱི་ཁྲིར་བཞུགས། མཁྱེན་རབ་ཆེ་ཞིང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་མཁས་པ་ཆེན་པོར་གྱུར། དབུས་སུ་བྱོན་ནས་ཁྲི་ཆེན་ངག་དབང་ཆོས་འཕེལ་ལ་རྣམ་འགྲེལ་ཞུས། སྒྲུབ་སྡེ་ཆོས་རྫོང་གླིང་འཛིན་སྐྱོང་མཛད། སྡེ་འདིར་རྒྱུད་སྨད་ལྟར་རྡུལ་ཚོན་གྱི་སྟེང་ནས་བདེ་གསང་འཇུགས་གསུམ་གྱི་སྒྲུབ་མཆོད། རས་བྲིས་ལ་བརྟེན་ནས་དུས་འཁོར་སྤྱིན་སྲེག་དང་བཅས་པ། མཆོད་པ་བྱེ་བ་ཆག་མེད། ཕྱོགས་འདུས་རི་ཁྲོད་ལྔ་བརྒྱ་ཙམ་ལ་ལམ་རིམ་ཆེན་མོའི་བཤད་ལུང་གནང་། ཆོས་ཡོན་དུ་བཀའ་ཆོས་པ་རྣམས་ལ་དམིགས་བརྩེ་མ་དུང་ཕྱུར་གསུངས་བཅུག དགོན་དེའི་གྲྭ་བ་རྣམས་ལ་བདེ་ལམ་དང་བླ་མཆོད། བདེ་གསང་འཇིགས་གསུམ་བསྐྱེད་རྫོགས་ཀྱི་ཁྲིད་བསྩལ། སོ་དགུ་བ་ལྕགས་བྱི་ས་ཟླའི་བཅུ་བདུན་ནས་ཆུ་སྟོད་ཟླ་བའི་ཚེས་བཞི་བར་དཔོན་སློབ་གསེར་ཁང་པས་གཙོས་འཁོར་སྒྲུབ་པའི་རྒྱལ་མཚན་འཛིན་པ་བརྒྱ་ཕྲག་མང་པོ་ལ་བསྙེན་བཀུར་ཞུས། རྗེ་གསེར་ཁང་བར་འགྲེལ་བ་བཞི་སྦྲགས་ཀྱི་ཁྲིད་ཞུས་ཏེ་འཇུག་དུ་རྗེས་བླ་མས་རོང་བ་ཤེས་རབ་སེང་གེར་གཏད་པ་བཞིན་རྒྱུད་སྡེ་འདི་ཁོང་ལ་གཏད། སྔ་དྲོ་མཆོད་པ་དང་ཕྱི་དྲོ་ནགས་ཀྱའི་སྣ་ཁར་ཀླུ་གདུག་པ་ཅན་གནས་བའི་ཆུ་མིག་ཅིག་ཡོད་པའི་སར་དཔོན་སློབ་གསེར་ཁང་བས་ལམ་རིམ་ཆེན་མོའི་བཤད་པ་གནང་བ་གྲྭ་མང་དང་མཉམ་དུ་གསན། དབོན་སློབ་དེ་ཉིད་ཀྱི་འདི་བ་རྒྱ་གར་གྲུབ་ཆེན་ཞིག་གི་སྐྱེ་བ་ཡིན་ཞིང་རྣམ་གཉིས་སྐྱེ་བ་མང་པོར་སྨོན་ལམ་ལྷན་ཅིག་པའི་ཚུལ་ཨ་ལགས་སྒོམ་པ་ལ་ནང་ཉམས་སུ་གསུངས་པ་སོགས་སློབ་མའི་གཙོ་བོར་གྱུར། ཞེ་བརྒྱད་ལོའི་ས་བྱའི་ས་སྨིན་ཟླར་གཤགས་པ་བཀའ་འབུམ་ཡང་གསེར་ཁང་བའི་རྣམ་ཐར་གྱི་སྟོད་ཆ་དང་མར་ཁའི་སྐུ་ཕྱོགས་ངག་དབང་བསྟན་འཛིན་གྱི་རྣམ་ཐར། བདེ་ཆེན་གྱི་གདན་རབས་རྣམས་བཞུགས་གསུངས།
རྙེ་སྐུ་ཕྲེང་བཞི་བ་ཆོས་ཀྱི་ཉི་མ་ནི་མང་ར་གསེར་གཞོང་རིང་མོར་ཞེས་འབོད་པའི་ཡུལ་འདིར་རབ་བྱུང་བཅུ་བཞི་བའི་ལྕག་ཁྱི་སྤྱི་ལོ་༡༨༥༠ལོར་ཡབ་རྡོ་རྗེ་དང་འབར་རྡེའུ་གཉིས་ཀྱི་སྲས་སུ་རྟགས་ནང་མཚན་མ་ཕུན་སུམ་ཚོགས་པ་དང་བཅས་ཀླུ་རྩེ་དགེ་བཤེས་ཆེན་མོའི་སྤྲུལ་སྐུ་དང་སྐུ་མཆེད་དུ་འཁྲུངས་།ཤིང་བཟའ་ཚང་གིས་རྙེ་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་དུ་ངོས་འཛིན་བྱས། ཀླུ་རྩེ་དགེ་བཤེས་ཆེན་མོ་ཁྲིད་ནས་བཀྲ་ཤིས་འབྱུང་གནས་ཀྱི་ཚོགས་ཞུགས་མཛད་དེ་ཐུགས་གཉེར་གནང་། བྱམས་དང་སྙིང་རྗེ་བདག་ཉིད་དུ་གྱུར་ཅིང་བདག་གཞན་མཉམ་བརྗེའི་མཛད་པ་མངོན་དུ་བཞེས་པ་སོགས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྨད་དུ་བྱུང་བ་བདག་གིར་བཟུང་ནས་ལོ་མང་བོ་བཀྲ་ཤིས་འབྱུང་གནས་ཀྱི་ཁྲིར་བཞུགས་ཏེ་མང་རའི་ཕྱོགས་འདིར་དབེན་གནས་འགྲིམ།དགུང་ལོ་སོ་དགུ་བར་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ཕྱག་འདེབས་གནང་ནས། སྤྱི་ལོ་༡༩༠༩ལོར་སྐུ་གཤེགས།
རྙེ་སྐུ་ཕྲེང་ལྔ་བ་བློ་བཟང་མཁས་གྲུབ་བསྟན་འཛིན་ནི་རབ་ཚེས་ལྕགས་ཁྱི་ལོར་སྤྱི་ལོ་༡༩༡༠ལོར་མང་རའི་བདུད་ཤུལ་དུ་ཡབ་མགོན་པོ་རྒྱལ་དང་ཡུམ་བྱང་ཁོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟོས་ཁྱད་པར་ཅན་དང་བཅས་འཁྲུངས། ཤིང་བཟའ་རིན་པོ་ཆེས་རྙེ་ཐམས་ཅད་མཁྱེན་པ་དཔོན་སློབ་ཀྱི་མཆོག་སྤྲུལ་དུ་ངོས་འཛིན་བྱས། རྗེ་བཙུན་བྱམས་པ་བཟང་པོ་ལས་རབ་ཏུ་བྱུང་ཞིང་རྗེ་དེ་ཉིད་དང་ཐར་ཤུལ་རིན་པོ་ཆེ།སྨྲ་བའི་སེང་ཆེན་པོ་ལྷ་སྡེ་ཡེ་ཤེས་རྒྱ་མཚོ་བཅས་ལས་གསང་ཟབ་ཀྱི་གདམས་མང་དུ་གསན་ཞིང་རང་དགོན་དུ་ཐུགས་གཉེར་གནང་ཆོས་སྲིད་ཀྱི་མཁྱེན་རྒྱ་ནམ་མཁའི་ལྟར་ཡངས་པའི་ཕྱོགས་རིས་མེད་ཀྱི་མགོན་དང་དཔུང་གཉེན་དུ་གྱུར། དགུང་ལོ་ཉེར་ལྔ་སྟེང་བཀྲ་ཤིས་འབྱུང་གནས་ཀྱི་ཁྲིར་བཞུགས་ཏེ་དྲུག་གསུམ་བཅོ་བརྒྱད་ཀྱི་གཏོང་སྒོ་བཏང་། ང་བརྒྱད་ལོར་ཟི་ལིང་དུ་བོད་ཀྱི་བླ་དཔོན་དག་ཟི་ལིང་དུ་ཚོགས་འདུར་བོས་ཏེ་འཛིན་བཟུང་བྱས་པའི་གྲས་སུ་ཚུད་པས་ཟི་ལིང་དུ་ཁྲི་མོན་དུ་གྲོངས།
《སྐུ་གསུང་ཐུགས་གསུམ་གྱི་དཀར་ཆག》ལས་བཤུས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn