ལཱོ་རྒྱ་དོང་དགོན་པའི་དགོན་བདག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཁ་བའི་མེ་ཏོག
ལཱོ་རྒྱ་སྐུ་ཕྲེང་དང་པོ་འཇིགས་མེད་འཇམ་དཔལ་རྒྱ་མཚོ་ནི། རྨ་ཀླུང་ཕྱུག་མོ་ཤར་ནས་ནུབ་བྱང་དུ་འབབ་པའི་རྨ་ཆུ་རབ་འོག་བརྩེ་འཛུམ་འདྲེན་པའི་དགའ་འཁྱིལ་དབྱིབས་སུ་ཆགས་པའི་འདོད་བདག་དབང་མོའི་ཁུགས་མགོ་འདིའི་སྡེ་མིང་ལ་དགའ་འཁྱིལ་དུ་གྲགས་པ་དང་ཕ་ཡབ་མིང་ལ་དགེ་བསྙེན་པ་ལཱོ་ཧྥ་ཆཱིས་དང་མ་ཡུམ་མིང་ལ་ལཱིག་མེ་དཔལ་དུ་འབོད་པ་འདི་གཉིས(རྒྱ་རིགས)ཀྱི་སྲས་སུ་ཧོར་ཟླ་བཞི་བའི་ཚེས་བཅུར་ངོ་མཚར་བལྟས་མང་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་གསུམ་ཙམ་ནས་སྔོན་གོམས་ཀྱི་བག་ཆགས་བཟང་བོས་ང་ཨ་ཁུ་ཡིན་ཟེར་ནས་ཁྱིམ་མི་ཚོར་ང་རང་དགོན་པའི་གྲྭ་བ་བྱེད་རྒྱུ་ཡིན། ཞེས་རྒྱུན་དུ་ཕ་མར་ཁ་འཁོན་བཙལ། ལཱོ་རྒྱ་དོང་གི་བདེ་མཆོག་ཡབ་ཡུམ་གཉིས་ཀྱི་གནས་ཁང་སྒྲུབ་ཕུག་ལ་མཇལ་སྐོར་དུ་ཡོང་བའི་རྒྱ་བོད་སོག་གསུམ་གྱི་གནས་མཇལ་བ་སུས་མཐོང་ཡང་ཐམས་ཅད་ཡིད་སེམས་འཕྲོག་པ་ཞིག་ཡོད་པས། དད་ལྡན་མཆོག་དམན་ཀུན་པོས་བྱིས་པ་འདི་རང་ག་བ་ཞིག་གཏན་ནས་མ་ཡིན་ཞེས་མཐུན་པར་གླེང་། དགུང་ལོ་བཅུ་གཉིས་སྟེང་ནས་བྱམས་སྙིང་རྗེ་དང་དཀོན་མཆོག་གསུམ་པོར་དད་པའི་ངང་ཚུལ་བཟང་ཞིང་རྒྱུད་ཤིན་ཏུ་འཇམ་པོ་ཞིག་ཡོད་པས་བོད་སྐད་ཀྱིས་ཀློག་སློབ་ལ་རྟིང་སྐུལ་མ་མཛད་ཀྱང་བྱིས་པའི་རྩེད་གྲོགས་གཞན་དང་མི་མཚུངས་པར་རང་གི་ངང་གིས་ཐུགས་བརྩོན་ཆེན་པོས་འཚམས་པ་བློ་བཟང་ཚང་གི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་མཚན་ལ་འཇིགས་མེད་འཇམ་དཔལ་རྒྱ་མཚོ་ཞེས་གསོལ། རྗེས་སོར་ཡང་གནས་ཁང་འདིའི་འཚམས་པ་བློ་བཟང་ཚང་དང་ལཱོ་རྒྱའི་ཅོ་ནེ་ཨ་མཆོད་སྦྱིན་པའི་མདུན་སར་སྨོན་ལམ་རྣམ་ལྔ་ཀློག་འདོན་དང་། འབལ་ཐང་ཡི་གེ་ཁོག་གི་ཐང་རིང་རྒྱལ་བ་ཚང་གི་སྐུ་དྲུང་བཅས་སུ་མགོན་ཆོས་ལྔ་བོ་དང་ཆོས་སྤྱོད་སོགས་ཚོགས་ཀྱི་ཞལ་འདོན་ཐམས་ཅད་མ་ལུས་བར་ཐུགས་སུ་ཆུད། ཁོང་ནི་རྒྱ་བླ་མ་གཞན་དང་མི་འདྲ་བར་བོད་སྐད་ཡིག་གི་ངོས་ནས་གསུང་གི་སྒྲ་དག་པ་དང་འདོན་པའི་དབྱངས་ཚིག་བྱང་བ། ག་ས་གང་གིས་བལྟས་ཀྱང་མདོ་སྨད་ཙོང་ཆུ་སྨད་འདབས་ཀྱི་གནའ་རབས་བོད་ཀྱི་ལྟེ་བ་གནས་མཆོག་བྱམས་པ་འབུམ་གླིང་དང་གཡུང་དྲུང་མཇོ་མོ་མཁར་རྫོང་གཉིས་ཀྱི་ཡུལ་ཕྱོགས་སོ་སོའི་དགོན་རྙིང་གྲུབ་མཐའ་རིས་མེད་ཀྱི་གྲྭ་བཙུན་རྣམ་པའི་གཙུག་གི་ཏོག་ལྟར་གྱུར།དེ་བཞིན་དུ་ཇི་ལྟར་ཐོས་པའི་དོན་རྒྱུད་ལ་སྦྱོར་བ་ནི་ཉམས་ལེན་གྱི་མཐིལ་ཏུ་གཟིགས་ཏེ། འཇིག་རྟེན་འཁོར་བའི་ཟང་ཟིང་གི་དགའ་བ་མཐའ་དག་རིང་དུ་དོར་ནས་བདེ་མཆོག་ཡབ་ཡུམ་ཟུང་གི་སྒྲུབ་ཕུག་མདུན་ངོས་སུ་དུས་རྟག་ཏུ་གོས་ཧྲུལ་གྱོན་ཏེ་ཐོས་བསམ་སྒོམ་གསུམ་གྱིས་སྒྲུབ་སྦྱང་བྱས་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་ཁོང་གིས་མི་ཚེ་ཡོད་ཚད་ཕུལ། སྔ་ཕྱིར་རང་གི་གནས་མཆོག་སྒྲུབ་ཕུག་དགོན་པའི་དོན་གཉེར་ཅན་དུ་མ་དང་ཡུལ་ཕྱོགས་གཞན་དང་གཞན་ནས་འོང་བའི་གདུལ་བྱ་དུ་མར་དམ་པའི་ཆོས་ཀྱི་བགོ་སྐལ་ཚིམས་སུ་བཅུག དགུང་ལོ་དྲུག་བཅུ་ལྷག་ལ་བསླེབས་དུས་ཁོང་ཉིད་གཙོས་དགའ་འཁྱིལ་སྡེ་གཞུང་གི་ལཱི་རྒྱའི་རུས་ཚང་དང་། ལཱིག་རྒྱའི་རུས་ཚང་གི་རྒད་པོ་རྒོད་པོས་གྲོས་བརྒྱ་གཅིག་མཐུན་གྱིས་ཀུན་མཁྱེན་འཇིགས་མེད་དབང་བོ་དང་གུང་ཐང་བསྟན་པའི་སྒྲོན་མེ། ཐུའུ་བཀྭན་ཆོས་ཀྱི་ཉི་མ་བཅས་ཞྭ་སེར་བསྟན་པའི་བདག་པོ། གངས་ཅན་མཁས་པའི་ཁྱུ་མཆོག་དམ་པ་མང་པོ་སྔ་ཕྱི་གཉིས་སུ་ཕེབས་འབྱོར་བྱུང་བར་སེར་འཕྲེང་རྒྱ་ཆེན་པོ་བསྒྲིགས་ཤིང་། ཡུལ་ཕྱོགས་འདིའི་གོམས་སྲོལ་ལྟར་སིལ་ཏོག་དམར་བོ་མང་པོས་མཆོད་པའི་མེ་ཏོག་གིས་བསུ་མ་ཡང་ཡང་བྱས། ཁོང་རྣམ་པ་གསུམ་པོས་སྔ་ཕྱི་གཉིས་སུ་ཆོས་དད་མི་རིགས་སོ་སོའི་འདོད་བློ་ལྟར་བདེ་མཆོག་ཡབ་ཡུམ་གྱི་སྐུ་ལ་ན་བཟའ་རུས་རྒྱན་གྱིས་མཆོད་པ་ཕུན་སུམ་ཚོགས་པ་ཞིག་ཕུལ་པ་དང་སྒྲུབ་ཕུག་སྒོ་ཁའི་ལྷའི་ཕོ་བྲང་ཆེན་མོའི་རྒྱ་ཕིབས་ཞིག་གསོ་གང་ལེགས་བྱས་པར་ཐུགས་བརྩོན་ཧ་ཅང་ཆེན་པོ་གནང་། གནས་ཁང་གི་མདུན་ངོས་རི་འདབས་ཀྱི་གསང་སྔགས་དགོན་པ་སྒྲུབ་མཆོད་བདེ་མཆོག་གི་བདག་འཇུག་དང་བཅས་པའི་འདོན་རྟ་དབྱངས་གསུམ་གྱི་ཚོགས་པ་གང་མང་པོ་ཞིག་གསར་དུ་བཙུགས།སྐུ་ཕྲེང་དང་པོ་འདི་བའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་གསལ་ཆ་ཞིབ་མོ་ཞིག་མ་ངེས་ཀྱང་ཁོང་རིན་པོ་ཆེ་དགུང་ལོ་བདུན་ཅུའི་སྟེང་གཟུགས་སྐུ་རགས་པ་ཆོས་དབྱིངས་སུ་བསྡུས་པ་གསལ་ཤས་ཆེ།ལཱོ་རྒྱ་སྐུ་ཕྲེང་གཉིས་པ་འདི་བའི་འཁྲུངས་ཡུལ་ནི། མདོ་སྨད་བསང་ཆུའི་སྨད་འདབས་ཧོར་གཙང་ཡི་གེ་ཐང་གི་ཧོར་ཡག་སྡེ་བའི་གཅོད་ཚང་ཚོ་བའི་ཡབ་མིང་སྙིང་དཀར་ཐར་དང་ཡུམ་མིང་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ནས་ང་ངེད་རང་གི་དགོན་པར་འགྲོ་དགོས་ཞེས་ཕ་མ་དང་ཉེ་མི་ལ་ཡང་ཡང་སྐུལ་འདེད་ཚུལ་དུ་རྒྱུན་པར་ཡུལ་མི་རྒན་མོ་ཚོར་ཁ་རྩོད་བྱས། རྗེས་སོར་ཡང་ཕ་མ་དང་གཉེན་མི་ཚོས་ཁོང་གིས་གང་འདོད་དུ་རང་གི་ཉེ་མི་དང་འགྲོགས་ཏེ་ཀཱ་ཆུའི་བྱམས་པ་འབུམ་གླིང་དང་ཁ་ཏའི་ཁ་བ། ནོར་བ་དགོན། ཀ་མགོ་ཐུགས་རྗེ་ཆེན་པོའི་དགོན་པ། ཙོང་མདོ་ཆོས་འཁོར་གླིང་།། འབར་གཙང་མཆོད་རྟེན་ཐང་གི་མཇོ་མོ་མཁར་རྫོང་བཅས་སུ་གནས་མཇལ་གང་མང་པོ་ཞིག་གནང་ཞོར། ལཱོ་རྒྱ་དོང་གི་དཔལ་བདེ་མཆོག་ཡབ་ཡུམ་གཉིས་ཀྱི་གནས་ཁང་གི་སྒྲུབ་ཕུག་མདུན་ངོས་སུ་ཕེབས་ཡོང་། སྐབས་དེར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ཚང་ཡང་ཡུལ་འདིར་ཕེབས་ཐེངས་གཅིག་ལ་ཁོང་གིས་ཞལ་ནས། སྐུ་ལ་གོས་ལྷན་སྣ་ཚོགས་ཡོད་པ་ཞིག་གྱོན་པའི་བན་དེ་གཞན་དང་མི་འདྲ་བ་ཞིག་གནས་ཁང་གི་མདུན་ངོས་སུ་བཞུགས་འདུག་པས། ཁྱོད་ཚོས་ཞིབ་ཏུ་རྟོགས་ཅིག འདི་བ་ཡང་སྤྲུལ་གཉིས་པར་ངོས་འཛིན་བྱེད་ཆོག་པ་འདྲ། ཞེས་པའི་བསྔགས་བརྗོད་ཀྱིས་མེ་ཏོག་ས་ཕྱོགས་ཀུན་ཏུ་ཐོར། ལོ་དུ་མའི་རིང་ལ་ཁོང་ཉིད་ཚུལ་ཁྲིམས་དག་ཅིང་ཐུགས་རྒྱུད་ཤིན་ཏུ་འཇམ་པ། དད་སྟོབས་ཆེ་ཞིང་གཏོང་ཕོད་ཆེ་བ་སོགས་མཛད་སྤྱོད་ཆ་གང་གི་ཐད་ནས་སུས་བལྟས་ཀྱང་ཡིད་འཕྲོག་ཐུབ་པ་ཞིག་ཡོད་པས། སྐུ་བདག་དང་བཅས་པས་ཁྲི་སྟོན་གྱི་མཛད་སྒོ་སྤེལ་མ་ཐུབ་ཀྱང་ལཱོ་རྒྱའི་ཚོ་སྐོར་ཁྱིམ་པ་ཚོས་མ་སྐུལ་དང་བླང་གིས་སྐུ་བདག་དང་སྦྱིན་བདག་གི་འགན་ལོ་རེར་རེས་མོས་ཀྱིས་བཞེས་ཏེ། བདག་སྐྱོང་དོ་དམ་གང་ལེགས་ཞིག་བྱས་པ་བརྒྱུད། ཐུན་མོང་སྡེ་གཞུང་གིས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་བཀོད་ལྟར་མདོ་སྨད་བསྟན་པའི་གཏེར་མཛོད་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་དུ་མངགས་ནས་ཚོགས་བཞུགས་མཛད། སྐུ་ན་ཧ་ཅང་ཕྲ་བའི་དུས་དེ་ནས་སྔོན་གོམས་ཀྱི་བག་ཆགས་གསལ་བོ་ཞིག་ལྡན་འདུག་པས་སྟག་ལུང་ཆེ་བ་བློ་བཟང་བསྟན་པའི་ཉི་མ་ཚང་དང་རྡོ་སྦིས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོ་ཚང་སོགས་དགེ་བའི་བཤེས་གཉེན་དུ་མའི་སྐུ་དྲུང་དུ་དབུ་ཕར་ཚད་གསུམ་ལ་སྦྱང་བ་དཔྱིས་ཕྱིན་པ་མཛད་པར། ལུང་རིགས་སྨྲ་བའི་དབང་བོར་གྱུར་ཏེ་ཨ་ལགས་ལཱོ་རྒྱ་ཚང་ཞེས་བླ་བྲང་གླིང་ན་གྲགས་སྐད་ཧ་ཅང་ཆེ་བར་བཤད།སྤྱི་ལོ1923ལོའི་ཧོར་ཟླ་བཞི་བར་ཡུལ་དབུས་ལུང་དྲུག་ཚོ་བཞིའི་ཤར་སྤྲུལ་བའི་ཡུལ་མིའི་སྦྱིན་བདག་ཅིག་གིས་གདན་ཞུས་ལྟར་ཁོང་ཉིད་གཙོས་འོན་པོ་ཨ་ཁུ་བློ་བཟང་དང་ཞབས་ཞུ་བ་ལཱིག་ཉི་མ། མདུན་འདུག་པ་ལཱོ་སྦྱིན་པ་བཅས་ནག་ཆུ་སྟོད་ཕྱོགས་ཀྱི་བོད་སོག་ས་མཚམས་ལས་བརྒལ་ཏེ་སྨད་སོག་མཁར་སྔོན་པོ་ཕྱོགས་སུ་ཕེབས་བཞུད་ཀྱིས་ས་དེའི་སོག་པོ་གོང་མ་ཆེན་པོ་གཙོས་སོག་འབངས་མི་སེར་ཐམས་ཅད་ལ་རང་རང་གི་རེ་འདོད་དང་མཐུན་པར་ཐུབ་པའི་དགོངས་པའི་ཆོས་ཀྱི་དགོས་མཁོ་ཚིམས་པར་མཛད། ཡུལ་ཕྱོགས་སོ་སོའི་འགྲོ་བ་མང་བོའི་རྒྱུད་ལ་ཐར་བ་ཐོབ་པའི་ས་བོན་མང་པོ་ཞིག་བསྐྲུན་ཏེ། གནས་མཆོག་མང་པོ་ཞིག་ལ་མཇལ་སྐོར་གནང་ཞོར། ཁོང་གིས་ཞལ་ནས། ཡུལ་འདིའི་འགྲོ་བ་མང་བོར་སྨན་གྱི་སྦྱིན་པ་ཞིག་བཏང་ན་ཕན་པ་ཧ་ཅང་ཆེན་པོ་ཞིག་འབྱུང་ངེས་ཡིན་པ་ནི་གདོན་མི་ཟ་སྙམ། སོག་པོ་སེར་སྐྱ་ཕོ་མོ་སྟོང་ཕྲག་མང་པོར་སྨན་གྱི་སྦྱིན་པ་བསམ་མི་ཁྱབ་པ་གནང་། སྐྱེ་བོའི་ཁྲོམ་ཚོགས་མང་བོར་ཕྱག་དབང་དང་འདོན་ཆོས་ཀྱི་ཆར་ཕབ་སྟེ་སྨིན་གྲོལ་གྱི་ལས་སུ་བཀོད། རྫུ་འཕྲུལ་གྱིས་བཀོད་པ་གང་མང་པོ་ཞིག་ཡང་ཡང་བསྟན། དེ་ལྟར་སྤྱི་ལོ1925ལོར་གུར་དཀར་བོའི་བདག་པོའི་ཡུལ་ཁམས་རྣམས་སུ་བསྟན་པ་དང་འགྲོ་བའི་དོན་རླབས་ཆེན་པོ་ཞིག་མཛད་དེ་ཡུལ་དེའི་སྦྱིན་བདག་ཆེན་པོས་གནང་སྦྱིན་བྱས་པའི་དངུལ་གྱི་མཆོད་པ་ཆེན་པོ་བདུན་གཅིག་དང་དངུལ་གྱི་དྲིལ་བུ་ཆ་གཉིས། གསེར་གྱིས་བརྒྱན་པའི་བྱུ་རུའི་ཏོག་ཅན་གྱི་མཎྜལ་ཆེ་ཆུང་གསུམ། ཟངས་རྐོང་ཆུང་བ་བརྒྱ་དང་བརྒྱད། གདུགས་རྒྱལ་མཚན། རྒྱ་གླིང་ཆེ་ཆུང་བཞི། དུང་ཆེན་ཆེ་ཆུང་ཆ་གསུམ། དུང་དཀར་ཆེ་ཆུང་ཆ་བཞི། མཁར་རྔ་ཆེ་ཆུང་ཆ་གསུམ། སྦུག་ཆལ་སུམ་ཅུ། ཤིང་གི་རྔ་སུམ་ཅུ། མཆོད་རྐོང་ཆེ་ཆུང་སུམ་བརྒྱ། བུམ་པ་ཆེ་ཆུང་དྲུག འཆམ་ལྭ་ཁ་ཚང་ཉི་ཤུ་ལྷག འཆམ་པའི་ཞལ་འབག་བཅུ་བདུན། ལྷུང་བཟེད་བཞི། བྱུ་རུས་བརྒྱན་པའི་འཆམ་ལྭ་བཅུ་གཉིས། ཚོགས་ཟངས་ཆེ་ཆུང་གསུམ། ཇ་པྲ་བཅུ། ཐུག་ཟེའུ་བཅུ་བཅས་ལྷ་ཆས་མཆོད་ཆའི་ཡོ་བྱད་བསམ་མི་ཁྱབ་པ་མང་པོ་ཞིག་རྔ་མོང་བཅུ་བཞི་ལྷག་ལ་སྐྱེལ་འདྲེན་དུ་ཁལ་བཀལ་ནས་སྔ་ལངས་འཕྱི་ཉལ་དང་བྱེ་ཐང་རི་ཆུ་གང་མང་ཞིག་བརྒལ་ཏེ་སྤྱི་ལོ1925ལོའི་སྟོན་མཇུག་ཏུ་དཀའ་བ་གྲངས་མེད་ཁྱད་བསད་ཀྱིས་ཕྱིར་རང་གི་སྒོམ་གནས་དཔལ་བདེ་མཆོག་ཡབ་ཡུམ་གྱི་གནས་མདུན་དུ་ཕ་མ་བུ་འཛོམས་ལྟར་བདེ་ལེགས་ངང་ཕེབས་འབྱོར་བྱུང་། ལཱོ་རྒྱ་དོང་དགོན་པའི་འདུ་ཁང་དང་མགོན་ཁང་། ཇ་ཁང་། ནང་ཆེན་བཅས་ཞིག་གསོ་དང་གསར་བཞེངས་སོགས་ཀྱི་ལས་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་རྩེ་གཅིག་ཏུ་སེམས་ཅན་གྱི་དོན་དུ་འབད་པ་བྱས་པ་ནི་དམ་པ་འདིའི་ཆོས་ཀྱི་སྤྱོད་པ་ཤ་སྟག་ཏུ་སྣང་གིན་འདུག གཞན་དུ་ནའང་། ཁོང་གིས་ཀུན་མཁྱེན་འཇིགས་མེད་དབང་བོ་དང་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གི་ཞལ་བཀོད་ལྟར། གནས་མཆོག་ཁྱད་པར་ཅན་འདི་ལ་ལོ་རེའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་ནས་ཚེས་ཉེར་དགུ་བར་གྱི་ཉིན་གསུམ་ལ་ཚོགས་འཚོགས་པ་དང་། ཡང་ཧོར་ཟླ་བཞི་བའི་ཚེས་བཅུ་བཞི་ནས་ཚེས་བཅུ་དྲུག་བར་གྱི་ཆོས་ཐོག་ཆེན་མོའི་མཛད་སྒོ་སྟེང་ལཱོ་རྒྱའི་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་དགོན་པ་གཙོས་དགོན་མ་ལག་དྲུག་གི་གྲྭ་བཙུན་བརྒྱ་ལྷག་གིས་དགོན་པ་འདིའི་འདུ་ཁང་དུ་ཚོགས་པ་འཚོགས་ནས་བདེ་མཆོག་གི་ཆོས་སྤྱོད་གཙོ་བོས་བདེ་གསང་འཇིགས་གསུམ་གྱི་སྔགས་བཏུ་དང་སྨོན་ལམ། མགོན་ཆོས་ལྔ་བོ། གར་འཆམ་ཆ་ཚང་། གཏོར་རྒྱག་དང་བཅས་པའི་འདོན་རྟ་དབྱངས་ཀྱི་བདག་འཇུག་གི་ཆོ་ག་ཕྱག་ལེན་ཐམས་ཅད་མདོ་སྨད་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་དང་གཅིག་འདྲ་ཞིག་ཡིན་དགོས་པའི་ལུགས་སྲོལ་བླ་ན་མེད་པ་ཞིག་བཙུགས།སྤྱི་ལོ1926ལོའི་དཔྱིད་དུས། རྗེ་འདིའི་མདུན་འདུག་པ་ལཱིག་ཉི་མས་ཞབས་ཕྱིའི་འགན་གཅིག་ལྕོགས་སུ་ཁུར་ཏེ་སླར་ཡང་མདོ་སྨད་རྟའི་ཆོལ་ཁར་གྲགས་པའི་རྨ་ཆུ་ལི་མ་བྱང་ཕྱོགས་སུ་འབབ་པའི་ཁུགས་མགོ་སྐུ་ལྔའི་བྱམས་ཁང་ཆེན་མོ་ནས་བོད་སོག་གི་ས་མཚམས་མི་ཉག་རབ་སྒང་འདབས་ཀྱི་གནའ་རབས་བོད་ཀྱི་བསྐྲུན་པའི་སྐུ་གསུང་ཐུགས་རྟེན་རྣམས་ལ་མཇལ་སྐོར་ཞིབ་མོ་ཞིག་གནང་། དེ་ལྟར་ལོ་འདིའི་སྟོན་དུས་ཀྱི་ཐེངས་གཉིས་སུ་བྱང་གི་སྨད་སོག་མཁར་སྔོན་པོ་ནས་མཱན་ཆཱིན་གོང་མའི་རྒྱལ་ས་གསེར་མཁར་ཕོ་བྲང་ཆེན་མོའི་ཞབས་བརྟན་དགོན་པ་དགའ་ལྡན་བྱིན་ཆགས་གླིང་དུ་ཕེབས་འབྱོར་བྱུང་ཞིང་དགོན་པ་འདིའི་ཁྲི་བ་ལོ་གསུམ་ལ་བཞུགས། རྗེས་སོར་ཡང་རྗེ་འདིས་གོང་མའི་བཀའ་གསུངས་ལྟར་གོང་མའི་ཞབས་བརྟན་དགོན་པ་ཆེན་མོ་རང་ནས་དབུ་བཞུགས་བློན་ཆེན་དག་གི་དབུ་བླའི་འགན་གཅིག་ལྕོགས་སུ་བཞེས། སྦྱིན་བདག་ཆེན་མོ་སཱིན་ཀྲུང་ཧྲན་མཆོག་གིས་ཀྱང་ཁོང་ལ་ཕྱག་བྲིས་བཀའ་ཤོག་དང་བཅས་ཐམ་ཀའི་སྟེང་རྒྱ་བོད་ཟུང་གི་ཡི་གེའི"བླ་མ་གོ་ཤྭི་མཁན་ཆེན་ཧཱོ་པཱེར་ཧཱན"ཞེས་པའི་ཐམ་ཀའི་མཚན་ཐོབ་བསྩལ་པ་དང་བཅས་པ་རིག་གསར་ནང་གར་སོང་ཆ་མེད་དུ་གྱུར།སྤྱི་ལོ1934ལོའི་ཧོར་ཟླ་བཞི་བ་ནས་ཞབས་ཕྱི་བ་ལཱིག་ཉི་མ་རྗེ་འདི་བའི་སྐུ་རྗེས་དེད་དེ་ཕྱིར་རང་ཡུལ་དུ་ལོག་མགོ་བརྩམས། ཉིན་ཞིག་ལ་རྗེ་འདི་ཉིད་གཙོས་མདུན་འདུག་པ་དང་ལྷན་དུ་ཕྱིར་རྒྱ་སོག་གི་མཐའ་མཚམས་རྒྱ་ནག་ལྕགས་རིའི་ཕྱི་ནང་གི་མྱ་ངམ་ཐང་ཆེན་པོ་བརྒྱུད་དེ་ཡུལ་དབུས་ལུང་དྲུག་ཚོ་བཞིའི་ཤར་སྦྲུལ་བའི་སྡེ་འབངས་སུ་མ་བསླེབ་གོང་གི་བར་དུ་གྲོང་སྡེ་ཁེར་ཁྱིམ་ཞིག་གི་ཞག་བཞུགས་མཛད་སྐབས། ཉིན་དེའི་ནུབ་མཚམས་ཞིག་ལ་ཁྱིམ་དེ་ནས་གློ་བུར་དུ་སྟབས་ལེགས་མ་འགྲིག་པར་ཁོང་གི་སྐུ་སྲོག་ཤོར། འདི་བ་གྲོངས་པའི་ནང་རྐྱེན་མཐའ་དག་སྐབས་དེའི་ཞབས་ཕྱི་བ་ལཱིག་ཉི་མ་ལས་གཞན་སུས་ཀྱང་འདིའི་ཕྱོགས་ལ་གསལ་ཆ་གཏན་ནས་མ་བྱུང་། སྐུ་བདག་དང་ལྷ་སྡེ་ཚོ་སྐོར། དེ་ལས་དད་ལྡན་མང་པོས་སྐབས་དེར་རྩད་གཅོད་ཞིབ་མོ་ཞིག་བྱེད་འདོད་ཀྱང་ལམ་ཁའི་འགྲོ་འོང་གི་རྒྱུ་འབྱོར་བའི་ནུས་པ་མེད་པ་དང་མི་ཤུགས་སོགས་ཀྱི་སྐལ་བ་མ་ལྡན་པར་དུས་རིང་ཞིག་འགྱངས།ཡིན་ནའང་། དུས་དེར་རྗེ་འདི་བའི་ཕྱོགས་སུ་ཐུགས་ཁུར་དང་བསམ་གཞིགས་གནང་མཁན་ཡུལ་ཕྱོགས་འདིའི་ཡུལ་མི་གཅིག་པུ་ཙམ་མ་ཡིན་པར། རྨ་ཀླུང་ཕྱུག་མོ་ནུབ་བྱང་དུ་འབབ་པའི་ཁུག་གཞོང་གི་གནས་མཆོག་བྱམས་པ་འབུམ་གླིང་དང་ཀཱ་ཆུ་མཆོད་རྟེན་དཀར་བོའི་ལྷ་སྡེ། སྦྱིན་བདག་བཱ་ཇོ་ནང་སོའི་ཤུལ་འཛིན། འབུམ་ཁང་ཐང་དགའ་ལྡན་བཤད་སྒྲུབ་གླིང་། སྔགས་རྙིང་མཇོ་མོ་མཁར་ནང་གི་ཡུལ་མི་སྐྱེ་འགྲོ་ཀུན་གྱིས་ཀྱང་རྗེ་འདི་ལྟ་བུའི་སྐུ་དྲིན་ཅན་སྐྱེ་བ་ད་རེབ་ཙམ་ལ་བྱོན་པའང་གང་འདོད་དུ་སྐུ་སྲོག་ཤོར་བཅུག་པར་སྙིང་ཁོང་རུས་པའི་གཏིང་ནས་སྡུག་བསྔལ་གྱིས་ཕངས་སེམས་ཆེན་པོ་བྱས་ཀྱང་སྐབས་དེར་གཞན་དབང་ཞིག་གིས་བྲན་ལྟར་འགྱུར་དགོས་པ་ནི་བོད་རང་གི་གོམས་སྲོལ་ལྟར་ལས་དབང་ཞིག་གིས་གནས་སུ་གྱུར།དེ་བཞིན་དུ་ཁོ་བོ་སོང་སའི་མཐོང་ཐོས་ཐམས་ཅད་ཇི་བཞིན་དུ་འདི་ལྟར་ཟིན་བྲིས་ཀྱིས་ཚུལ་དུ་འབྲི་ཁུལ་གང་ལེགས་ཤིག་བྱས་ཀྱང་ལྐོག་གྱུར་གྱི་གསང་རྣམ་མང་པོ་ཞིག་དེང་འདིར་གསལ་བོ་འབྲི་མ་ཕོད་པར་འཕྲོ་ཅན་དུ་ལུས་འདུག་པ་འདི་ལགས་སོ། །ཇི་ལྟར་ཞུས་ཀྱང་རྗེ་འདི་བས་གསུབ་ཐབས་བྲལ་བའི་རླབས་ཆེན་གྱི་མཛད་རྣམ་ལ་ད་ལྟའི་བར་ཡུལ་ཕྱོགས་འདིའི་རྒྱ་བོད་སོག་གསུམ་གྱི་དད་ལྡན་མང་ཚོགས་མང་བོས་བསྟན་འཛིན་རིས་མེད་རྣམས་ཀྱི་མགོན་སྐྱབས་ཆེན་པོ། ཞེས་ངག་ནས་བསྐལ་བ་མ་སྟོང་བར་གནས་ཐུབ་པའི་བསྔོ་སྨོན་དུ་རྗེས་རབས་པར་འདི་ལྟར་རྒྱུན་དུ་གླེང་གྱིན་འདུག་གོ །ལཱོ་རྒྱ་སྐུ་ཕྲེང་གསུམ་པ་འདི་ཉིད་ནི། སྤྱི་ལོ1935ལོའི་ཧོར་ཟླ་བཞི་བར་མདོ་སྨད་རྡོ་སྦིས་ཤེས་རིག་མེ་ཏོག་འཐོར་བའི་ཞིང་ཁམས་འདིའི་རུ་གྲོང་རྒྱལ་ཚང་གི་རྒྱལ་སྐོར་ཚོ་བའི་ཡབ་མིང་རྒྱལ་སྐོར་རྒྱ་ལོ་དང་ཡུམ་མིང་མཁའ་འགྲོ་འཚོ་འབོད་པ་འདི་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲོང་བའི་མཚན་ལ་ཀླུ་རྒྱལ་ཚེ་རིང་དང་ཡང་ན་རྒྱལ་ཚང་ཨ་ལགས་ཞེས་འབོད།དགུང་ལོ་བདུན་གྱི་སྟེང་འཇམ་བཞད་བསྟན་པའི་རྒྱལ་མཚན་ཚང་གིས་སྐུ་གོང་མའི་སྤྲུལ་བར་ངོས་འཛིན་མཛད་དེ་ཐུགས་ཐག་བཅད། སྐུ་ན་ཧ་ཅང་ཕྲ་བའི་དུས་དེ་ནས་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་གངས་ཅན་རྩ་བའི་བླ་མའི་བླ་མ་བླ་ཁོ་རིན་པོ་ཆེའི་དྲུང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་མཉམ་དུ་དཔེ་གཟིགས་མཛད། ཁྱད་པར་ཏུ་རྗེ་འདི་བས་རྒྱུད་སྨད་པ་གྲྭ་ཚང་གི་ཨ་མཆོག་འཇིགས་མེད་ཚང་དང་སྨན་པ་གྲྭ་ཚང་གི་ཨ་ལགས་ཐུར་མ་ཚང་། ཨ་ལགས་དགེ་འདུན་དར་རྒྱས་ཚང་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་གཞུང་ཆེན་མོ་ལྔ་ལ་སློབ་གཉེར་གནང་ཞོར་ཆོས་གྲྭར་འགྲིམས། རྣམ་དཔྱོད་ཤིན་ཏུ་ཆེ་ཡང་། ཁོར་ཡུག་གི་མཐུན་རྐྱེན་ཧ་ཅང་ཞན་པས་ཨ་ལགས་ཐུར་མ་ཚང་གི་ནང་ཆེན་ཁྱམས་རའི་ནང་དུ་གྲྭ་རྐྱང་དཀྱུས་མ་ཞིག་གི་ཚུལ་མཛད་དེ་རྒྱུན་བཞུགས་གནང་། དཔེ་གཟིགས་ཆེར་མ་མཛད་པར་རྒྱུན་དུ་རྩེད་དགོད་བག་ཡངས་ཀྱི་མཛད་པ་མཛད། སྤྱི་ལོ1956ལོར་ལཱོ་རྒྱ་དོང་དགོན་པའི་ལྷ་སྡེ་ཚོ་སྐོར་བཞིའི་རེ་འདོད་ཇི་བཞིན་ཕྱིར་རང་དགོན་ལཱོ་རྒྱ་དོང་དགོན་པར་ཕེབས་ནས་བདེ་མཆོག་གི་ཆོས་སྤྱོད་གཙོ་བོས་བདེ་གསང་འཇིགས་གསུམ་གྱི་སྔགས་བཏུ་དང་སྨོན་ལམ། མགོན་ཆོས་ལྔ་བོ། གར་འཆམ། གཏོར་རྒྱག་དང་བཅས་པའི་འདོན་རྟ་དབྱངས་ཀྱི་བདག་འཇུག་གི་ཆོ་ག་ཕྱག་ལེན་ཐམས་ཅད་སྔར་སྲོལ་ལྟར་ཐུགས་བརྩོན་ཆེན་པོས་སླར་གསོ་བྱེད་གང་ཐུབ་བྱས་ཏེ། ས་འདི་འདུ་བའི་རྒྱ་བོད་ཧོར་གསུམ་གྱི་ཆོས་དད་མང་ཚོགས་རྣམས་ཀྱི་རེ་བ་གང་འདོད་དུ་ཡིད་སེམས་ཀྱི་སྨོན་འདུན་ཐམས་ཅད་ཚིམས་སུ་བཅུགསྤྱི་ལོ་ང་བརྒྱད་ལོ་ནས་བོད་ཁམས་ཡོངས་སུ་ཆོས་ལུགས་དད་མོས་ཀྱི་དོན་དུ་ཟིང་འཁྲུག་ཆེན་པོ་བསླངས་མགོ་བརྩམ་པ་དང་ཆོས་ལུགས་དད་མོས་རང་དབང་ལ་ཆག་འཇིག་ཡ་ང་བ་ཞིག་བྱུང་ནས་བོད་མི་སེར་ཐམས་ཅད་སྡུག་བསྔལ་གྱི་མེ་དོང་ནང་དུ་ལྷུང་བ་དང་བསྟུན། མདོ་སྨད་ཀྱི་གྲྭ་ས་དགོན་ཁག་ཆེ་ཆུང་གང་མང་བོ་ཞིག་ལའང་གདུག་རྩུབ་བཙན་དྲག་གིས་གཏོར་བརླག་ཚབས་ཆེན་བཟོས་ཏེ། བླ་གྲྭ་བགྲང་གིས་མི་ལངས་པ་མང་པོ་ཞིག་ཉེས་མེད་ཉེས་འགེལ་གྱིས་བཙོན་ནང་དུ་སྐུ་གཤེགས། ལོ་འདིའི་སྟོན་མཇུག་གི་ཉིན་ཞིག་ནས་རྗེ་འདི་བ་ཡང་བླ་བྲང་སྟོང་ཕྲག་གསུམ་པོའི་བླ་སྤྲུལ་དང་གྲྭ་བཙུན་རྣམས་དང་ལྷན་དུ་ཨ་ཡེ་ཤྭ་མོ་ལུང་ཁོག་གི་རྣོ་ལྕགས་ཀྱི་གཏེར་ཁ་བསློག་སར་ཞུགས།སྤྱི་ལོ1959ལོའི་དཔྱིད་ཀ་ནས་ལྷ་འདྲེ་གདོན་བགེགས་གཙང་ཕྱགས་དང་རྙིང་བ་བཞི་རྩ་གཏོར་གཏོང་དགོས་པའི་བཀའ་ཁྱབ་ལྟར་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་བསགས་པའི་རིག་གནས་སྒྱུ་རྩལ་དང་སྐུ་གསུང་ཐུགས་རྟེན་ཐམས་ཅད་གང་འདོད་དུ་མེར་བསྲེགས་པ་དང་། ཆུར་འཕངས་པ་བཅས་དང་མཉམ་དུ། རྗེ་འདི་ཉིད་ཀྱང་ཆོས་སྡེ་གཞན་གྱི་བླ་གྲྭ་རྣམས་དང་མཚུངས་པར་བཙན་གྱིས་ཕྱིར་རང་གི་འཁྲུངས་ཡུལ་རྡོ་སྦིས་རྒྱལ་ཚང་སྡེ་བར་དེད་དེ། རང་གི་སྡེ་བའི་ནང་དུ་ལོ་བཅུའི་རིང་མི་ངན་རིགས་བཞིའི་ཞྭ་མོ་སྐོན་བཞིན་འཐབ་རྩོད་དང་ངལ་རྩོལ་བསྒྱུར་བཀོད་བྱས་ནས་སྐྱག་ལུད་འཁུར། སྡེ་བའི་སྔོན་ཐོན་རྫུན་མ་དག་གིས་མནར་གཅོད་ཀྱི་སྡང་མིག་འོག་བྲན་གཡོག་དུ་བཀོལ་བ་ནི་ཐེངས་གཅིག་གཉིས་ཙམ་མ་ཡིན་པར་ལོ་དུ་མང་རིང་འཐབ་རྩོད་བསྒྱུར་བཀོད་གང་མང་ཞིག་བྱས་མྱོང་ཡང་ཁོང་གི་ཐུགས་རྒྱུད་དང་གཤིས་ཀ་དྲང་མོ་སོགས་ལ་འགྱུར་བ་གཏན་ནས་བྱུང་མ་མྱོང་བའི་རྣམ་ཐར་འཁྲུངས་ཡུལ་དང་ཉེ་འདབས་ཀྱི་རུ་གྲོང་ཀུན་ཏུ་དེང་འདིར་སྔར་བཞིན་གླེང་གིས་འདུགསྤྱི་ལོ1982ལོའི་ཟླ་བཅུ་བར་ཀཱ་ཆུའི་མངའ་ཁོངས་སུ་གཏོགས་པའི་རྫོང་ཁག་སོ་སོའི་དགོན་པ་དང་ལྷ་ཁང་གི་ཆོས་སྒོ་འབྱེད་ཆོག་པའི་ཆོག་མཆན་བཀོད་པ་དང་བསྟུན། ལྷ་སྡེ་སོ་སོའི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་འོད་སྣང་རྒྱ་བོད་སོག་སུམ་གྱི་ཉིན་སྲིབ་ཡུལ་ཕྱོགས་ཀུན་ཏུ་འཕྲོས་ཏེ། དད་ལྡན་མི་སེར་རྣམས་ལ་ཆོས་དད་རང་དབང་གི་སྐལ་བ་ཡང་ཅིག་ཐོབ། དུས་དེ་ནས་བཟུང་ཁོང་གིས་ལཱོ་རྒྱ་ཐང་འཁྱིལ་འདིའི་ཚོ་སྐོར་སོ་སོར་དབུ་ཁྲིད་ཀྱི་ནུས་པ་གལ་ཆེན་པོ་མཛད་དེ་རང་གི་རྩ་བའི་བླ་མ་འཇམ་བཞད་སྐུ་ཕྲེང་དྲུག་པ་འདི་བ་དང་འབྲེལ་ཡོད་ས་གནས་གོང་རིམ་པའི་སྲིད་འཛིན་འགོ་ཁྲིད་པར་སྙན་ཞུ་བརྒྱུད་ལཱོ་རྒྱ་དོང་དགོན་པའི་ལྷ་རྟེན་ཆོས་གསུམ་བསྐྱར་བཞེངས་དང་ཆོ་ག་ཕྱག་ལེན་སླར་གསོ། ལྷ་སྡེ་ཚོ་བའི་ལཱོ་ལཱིག་གི་རུས་ཁྱིམ་དང་ལཱིས་ལཱིག་གི་རུས་ཁྱིམ་བར་གྱི་གྱོད་གཞི་མང་བོ་ཞིག་འདུམ་པར་མཛད་དེ། སྡེ་བ་དང་ཚོ་སྐོར། རུས་ཁྱིམ་དང་རུས་རྒྱུད་སྣ་ཚོགས་མང་པོ་ཞིག་འགྲིག་ཅིང་མཐུན་པའི་ལུགས་སུ་བཀོད་པ་དང་གནས་ཁང་དགོན་པའི་དོ་དམ་གྱི་འགྲིག་ལམ་སྣ་ཚོགས་མང་བོ་ཞིག་གསར་དུ་བཙུགས། ཚོ་སྐོར་ལྷ་སྡེ་སོ་སོའི་འབྲེལ་འདྲིས་དང་ཆ་ལུགས། སྐད་རིགས་མི་གཅིག་པའི་མི་དང་མིའི་བར་གྱི་མཛའ་བརྩེ་མཐུན་སྒྲིལ་ལ་ཐུགས་སྣོན་བཏང་སྟེ། མི་རིགས་སོ་སོར་འབྲེལ་འདྲིས་མཛའ་བརྩེ་ལྡན་པའི་སྔར་སྲོལ་གྱི་ལོ་རྒྱུས་ཇི་བཞིན་ལོ་རེའི་ཟླ་གསུམ་པ་དང་བཞི་བའི་ཆོས་ཐོག་སྒ་ཁུར་རྟ་ལས་བབས་པའི་དགེ་མཚན་ལྟར་སླར་ཡང་ལཱོ་རྒྱ་དོང་གྲྭ་ཚང་གི་ཆོས་སྲིད་ཟུང་སྔར་ལས་ཡར་ལྡན་དུ་འཕེལ་བར་བཀྲ་ཤིས་རྟེན་འབྲས་སུ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་གདུལ་བྱ་རྟག་འཛིན་རྣམས་ཆོས་ལ་བསྐུལ་ཕྱིར། སྤྱི་ལོ1985ལོའི་བོད་ཟླ5བའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ། ། དུས་དེར་དགུང་ལོ་ལྔ་བཅུ་ང་གཉིས་ཡིན། གདུང་རྫོགས་སོགས་ཁོང་ཉིད་འཁྲུངས་ཡུལ་རྡོ་སྦིས་རྒྱལ་ཚང་སྡེ་བའི་གུས་འབངས་ཨ་ཁུ་ཤ་བོ་ཚེ་རིང་གཙོས་ཁྱིམ་མི་ཉེ་འབྲེལ་རྣམ་པས་གདུང་རྟེན་དངུལ་གྱི་རྒྱན་པའི་མཆོད་རྟེན་ཆེས་ལེགས་བཅས་བཞེངས་པ་འདི་ལགས་སོ། །
ལཱོ་རྒྱ་སྐུ་ཕྲེང་བཞི་བ་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་འདི་བ། སྤྱི་ལོ1986ལོའི་བོད་ཟླ4བའི་ཚེས18ཉིན་རྡོ་སྦིས་དམག་དཔུང་སྡེ་བའི་ཡབ་མིང་ལྷ་ལུང་ཚེ་རིང་དང་ཡུམ་མིང་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ1994ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་མདོ་སྨད་ཆོས་སྡེ་ཆེན་མོ་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་རྡོ་རྗེ་འཛིན་པ་བདེ་ཐང་ཞབས་དྲུང་མཆོག་དང་རྡོ་སྦིས་རྒྱལ་ཚང་སྡེ་བའི་གུས་འབངས་ཨ་ཁུ་ཤ་བོ་ཚེ་རིང་གཉིས་ཀས་ཐུགས་བརྩོན་ཆེན་པོས་དངོས་ཤུགས་བརྒྱུད་གསུམ་གྱིས་ཐུགས་ཁུར་དང་རོགས་སྐྱོར་གང་མང་ཞིག་ལ་བརྟེན་ནས་ཞྭ་སེར་བསྟན་པའི་བདག་པོ་འཇམ་བཞད་སྐུ་ཕྲེང་དྲུག་པ་འདི་ཉིད་ཚང་གིས་སྐུ་གོང་མའི་སྤྲུལ་བར་ངོས་འཛིན་མཛད་དེ་ཐུགས་ཐག་བཅད་ཅིང་མཇལ་དར་འཐེན།
དུས་དེར་འཁྲུངས་ཡུལ་དམག་དཔུང་སྡེ་བའི་ཁྱིམ་མཚེས་བླ་བྲང་རྒྱུད་སྨད་པ་གྲྭ་ཚང་གི་སྔགས་རམས་པ་ཆེན་མོ་དམག་དཔུང་ཨ་ཁུ་བསྟན་པ་མཆོག་གིས་ཁོང་གི་ཁྱིམ་མི་ཚོར་གསུངས་པར། ངའི་ཐེངས་འདིའི་མཚན་ལམ་དུ་ཤུག་སྡོང་ཆེན་མོ་ཞིག་གི་རྭ་ལག་ཆེན་པོ་ཞིག་ཀླུ་མོ་རྒྱལ་ཚང་གི་ཁྱིམ་གྱི་རྭ་བའི་ནང་དུ་ཟུག་ཡོད་པ་ཞིག་རྨིས་པ་དང་སྒོ་ཁའི་ཤུག་སྡོང་ཆེན་པོ་ཞིག་གི་སྟེང་དུའང་ཁ་བ་ཆེན་པོ་འབབ་བཞིན་འདུག་པ་ཞིག་རྨིས་བྱུང་། ད་ལྟ་བསམ་ན་འདི་དག་ཐམས་ཅད་ད་ལྟའི་མངོན་འགྱུར་བྱུང་ཟིན་པའི་སྔ་བལྟས་སུ་གྱུར་ཡོད། ཅེས་ཁོང་གིས་འདི་ལྟར་རྒྱུན་དུ་སྡེ་བའི་རྒན་འགོ་གྲལ་ནས་སྡེ་འབངས་ཚོར་བསྔགས་བརྗོད་གནང་གྱིན་འདུགསྤྱི་ལོ1994ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ངོ་མཚར་དགའ་བ་གཡས་སུ་འཁྱིལ་བའི་འདོད་བདག་ཐང་གི་ཕྱོགས་མཚམས་ཀུན་ཏུ་དགའ་བསུ་ཞུ་བའི་གྲལ་བསྒྲིག་བྱེད་པའི་བཟོ་ཞིང་ལས་བྱེད་མི་གྲངས་ཁྲི་ལས་བརྒལ་ཞིང་། ལམ་ཁའི་ཁོར་ཡུག་གི་ལྷ་སྡེ་ཚོ་བའི་ལམ་བར་བསང་ཁྲི་བརྩིགས་ནས་བསང་རྫས་ཀྱི་དྲི་ཞིམ་དང་དུ་སྤྲིན་མཁའ་ལ་འཁྱུག སྤྱི་ལེ་གཉིས་ཙམ་གྱི་ལམ་བར་རྒྱ་རིགས་གཙོས་ཆོས་དད་མི་རིགས་གཞན་གྱིས་སེར་འཕྲེང་བསྒྲིགས་ཤིང་། རྒྱ་སྲང་གཡས་གཡོན་ནས་སྐུ་འཁོར་རྣམས་ལ་མཆོད་པའི་མེ་ཏོག་གི་བསུ་མ་བྱས། ཟླ་འདིའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོ་ཀན་སུའུ་ཞིང་ཆེན་དང་ཀཱ་ཆུ་ཁུལ། ཡོན་ཅིན་རྫོང་བཅས་རིམ་པ་གསུམ་གྱི་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཆེད་མངགས་ཀྱིས་ཕེབས་བསུ་བཞུགས་མོལ་ཚོགས་པའི་ཁྲི་སྟོན་མཛད་སྒོ་རྒྱ་ཆེན་པོ་ཞིག་སྤེལ། དུས་དེ་ནས་བཟུང་ལཱོ་རྒྱ་དོང་གི་སྒྲུབ་ཕུག་འདི་ཡང་དད་ལྡན་སྐྱེ་འགྲོ་ཀུན་ལ་སྔར་ལས་ལྷག་པའི་གནས་མཇལ་བྱེད་སའི་གནས་མཆོག་དམ་པ་ཞིག་ཏུ་གྱུར།ཁོང་ཉིད་སྐུ་ན་ཧ་ཅང་ཕྲ་བའི་དུས་དེ་ནས་ནང་ཆེན་ཐུབ་བསྟན་གྱིས་ཐུགས་རྩིས་ཆེན་པོས་དྲིན་གྱིས་བསྐྱངས་པས་ཁོང་ཉིད་ཕྱིས་སུ་ནང་རིག་པའི་རྩོད་གྲྭར་འགྲིམས་པའི་དཔྱད་སྟོབས་ལ་བརྒལ་བརྟག་གི་སྤོབས་པ་གཟེངས་སུ་མཐོ་བ་དང་རྩོད་རྒྱུག་གི་དུས་སུའང་འགྲན་བཟོད་མེད་པའི་དཔེ་ཆ་བ་ཡིན་ཟེར་ཚད་ཀྱི་གྲལ་ནས་སྙན་པའི་ཡིད་རབ་ཀུན་ནས་འཕྲོག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་དུ་མངོན་ནོ། །སྤྱི་ལོ་ཉིས་སྟོང་དྲུག་གི་དཔྱིད་དུས་ནས་འཇམ་བཞད་དྲུག་པ་ཆེན་མོའི་ཐུགས་དགོངས་དང་ཁོང་ཉིད་ཀྱི་ཐུགས་འདུན་ལྟར་ལཱོ་རྒྱ་དོང་གི་གནས་མདུན་དུ་བྱང་ཆུབ་མཆོད་རྟེན་མཐོང་བ་ཀུན་འདྲེན་ཆེན་མོ་གསར་བཞེངས་ཀྱི་བརྩིག་བཟོ་དང་གཟུངས་བཞུགས། སྐུ་གསུང་ཐུགས་རྟེན། དེ་མིན་ལྷ་ཁང་སོ་སོའི་རྟེན་བཞེངས་དང་གྲུབ་མཐའ་རིས་མེད་སོ་སོའི་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་བཞེས་པའི་མཛད་རྗེས་བླ་ན་མེད་པ་གནངས་ནས་ད་ལྟའང་བཀའ་དྲིན་སྐྱོང་བཞིན་པ་འདི་ལགས་སོ། །སྤྱིར་སྤྲུལ་སྐུ་འདི་བས་ལྟོ་གོས་འཚོལ་བའི་གྲོང་ཆོག་མ་འགྲིམས་ཤིང་། བླུན་པོའི་འཁོར་ཚོགས་དབུས་ནས་མ་འགྱིངས་པར། ཟླ་བྲལ་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། ད་ལྟའང་སྔར་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྨད་པའི་དགེ་བཤེས་ཁྱོད་ཡིན་ང་ཡིན་ཟེར་སྒྲོས་གནང་མཁན་མཛོད་དགེ་འཇམ་དབྱངས་རྒྱ་མཚོ་ཆུང་བ་བཅས་མཁས་ཆེན་དམ་པ་དག་གི་དྲུང་ལས་དབང་བཀའ་ལུང་ཁྲིད་མན་ངག་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གསན་ཏེ་ཡོངས་སུ་ཐུགས་སུ་ཆུད་པར་ཆོས་ར་འགྲིམ་ཞོར་བསྡུས་གྲྭའི་རྟགས་གསལ་གྱི་རིགས་ལམ་སྣ་ཚོགས་སུ་བཞུགས་ཏེ་ཐུགས་བརྩོན་ཆེན་པོ་གནང་མུས་སུ་བཞུགས་པ་འདིའོ། །དེ་ཡང་གོང་དུ་ཞུས་པ་ལྟར། ལཱོ་རྒྱ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་བསྡུས་མ་འདི་ལ། ཁོ་བོ་སྤྱི་ལོ1994ལོའི་བོད་ཟླ་གསུམ་པ་ནས་སྔ་གཞུག་ཐེངས་གསུམ་ལ་གནས་མཇལ་གྱི་ཞོར་དུ་རྩད་གཅོད་ཞིབ་འཇུག་བྱེད་སྐབས་ཤིག་ལ་ལཱོ་རྒྱའི་ཚོ་བའི་རྒན་བགྲེས་ཕོ་མོ་རྣམ་པས་རང་དགོན་འདིའི་དགོན་བདག་རིམ་བྱོན་ལ་མཛད་རྣམ་ཞིག་ངེས་པར་མཁོ་གལ་ཆེ། ཁྱོས་ཅིས་ཀྱང་འབྲི་ཐབས་བྱེད་དགོས། ཞེས་ནན་གྱིས་སྐྱེ་བ་ཕྱི་མར་བཅོལ་བསྐུལ་གནང་བ་བཞིན་བཤད་པ་འདིར་དུས་དེར་ལྡོག་མ་ཕོད་པར་ཁས་ལེན་ཤོར་སོང་བ་ལྟ་བུ་བྱུང་། སྔར་ཁོ་བོ་ལའང་སྔོན་གོམས་ཀྱི་ཡུལ་འདིར་ཆ་རྒྱུས་ཤིན་ཏུ་གསལ་པ་སྣང་བཞིན་འབྲེལ་ཡོད་སོང་སའི་མཐོང་ཐོས་རྣམས་ལ་རྒྱ་ཡིག་གིས་འབྲི་ཁུལ་གྱིས་ཟིན་བྲིས་བྱས་ཟིན་པ་ཞིག་ཁོང་རྣམ་པའི་ཕྱག་ཏུ་ཕུལ་མྱོང་། ཡིན་ནའང་། འཁོར་བའི་བྲེལ་ཟིང་དང་བཅས་པའི་བར་ཆད་གང་མང་ཞིག་གིས་དོན་དུ་མ་གཉེར་པར་དུས་རིང་ཞིག་འགྱངས། ད་ལྟའི་བར་ང་དང་འདྲ་མ་ལས་གཞན་པས་འདིའི་རྟོགས་བརྗོད་ཀྱི་རིན་ཐང་ལ་བསམ་གཞིགས་གནང་ཕོད་མཁན་གྱི་སྐུ་བདག་གཅིག་ཀྱང་མ་བྱོན་པར་འཕྲོ་ཅན་དུ་ལུས་འདུག ད་ལྟ་ཟུར་བལྟས་མ་ཕྱིའི་ཚུལ་དུ་བོད་མ་རྒྱའི་སྐུ་བདག་སྔོན་མས་རེ་འདོད་ཇི་བཞིན་རྒྱ་བོད་ཡི་གེར་ཕབ་ཐུབ་པ་འདི་ཕྱིན་ཆད་ཀྱི་ས་བོན་ལ་སྣོན་པའི་ཁ་ཕྱོགས་ཙམ་སྟོན་དགོས་པ་ལས་ཞིབ་རྒྱས་ཞིག་གི་རྟོགས་བརྗོད་འབྲི་གནང་ཡོང་བ་དེ་ཕྱི་རབས་པས་སྒ་ཁུར་རྟ་ལ་བབས་ཡོད་པ་ཞིག་ཡིན་ནོ། །
རྡོ་སྦིས་བཤད་སྒྲུབ།མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་མི།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn