བཤད་སྒྲུབ་བསྟན་པའི་མཛོད་འཛིན་རྗེ་གུང་ཐང་བློ་གྲོས་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-23 22:55:21     རྩོམ་པ་པོ།   མདོ་སྨད་པ་ཡོན་ཏན་རྒྱ་མཚོ།    ཀློག་ཐེངས།  

  

微信图片_20180323230111.jpg

བཤད་སྒྲུབ་བསྟན་པའི་མཛོད་འཛིན་རྗེ་གུང་ཐང་བློ་གྲོས་རྒྱ་མཚོ།

1851--1930

རྗེ་འདི་ཉིད་རབ་བྱུང་བཅུ་བཞི་བའི་ལྕགས་མོ་ཕག་གི་ལོར1851སྐུ་འཁྲུངས་ཤིང་། སྐུ་ན་ཕྲ་དུས་ནས་གདན་ས་འདི་ཉིད་དུ་བཞུགས་ནས་ཐོས་བསམ་རྡོ་རུས་ཐུག་པ་ལྟ་བུར་མཛད་པས་མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པའི་མ་ཧ་པཎྜི་ཏ་ཆེན་པོར་གྱུར་བ་ཞིག་གོ །

རྗེ་ཤེས་རབ་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་ཐུགས་ཟིན་གྱི་སློབ་མའི་གཙོ་བོ་ཞིག་ཡིན་ལ། རྗེ་དེ་ཉིད་ཀྱིས་གཙོས་སྐྱེས་ཆེན་གསེར་རི་ཕྲེང་བར་བསྒྲིགས་པ་ལྟ་བུ་དག་གི་དྲུང་ནས་མདོ་སྔགས་ཟབ་རྒྱས་མ་ལུས་པ་གསན་ཞིང་ཉམས་བཞེས་སུ་བསྟར་བས་བསྟན་པའི་སྲོག་ཤིང་ཉིད་དུ་གྱུར་བ་ཞིག་གོ །

གོང་ས་རྒྱལ་བའི་དབང་བོ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་བཞུགས་སྐབས། གདན་ས་འདི་ནས་ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་། རྗེ་འདི་ཉིད་ཀྱིས་གཙོས་རབ་འབྱམས་གཞུང་བརྒྱ་སྨྲ་བའི་མཁས་གྲུབ་བཅུ་ཕྲག་གཉིས་ཙམ་རིགས་ལུང་གི་རྒྱུགས་འབུལ་བར་ཕེབས། གོང་ས་བཅུ་གསུམ་པ་ཆེན་པོ་དམ་བཅར་བཞུགས་ནས་རྗེ་འདི་ཉིད་ཀྱིས་ཤིང་རྟའི་སྲོལ་འབྱེད་ཀྱི་སྟེང་ནས་བགྲོ་གླེང་ཕུལ། རྗེ་བཙུན་བྱམས་པ་མགོན་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་སྒྲུབ་བྱེད་སྒོ་མང་གི་ཡིག་ཆ་དྲངས་པས། གོང་ས་མཆོག་གིས་དེ་སྒོ་མང་པ་ཚོ་ལས་ངས་ཁས་ལེན་དགོས་པ་ཅི་ཡིན་གསུངས། རྗེ་འདིས། དེ་རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཡང་ཡིན་ཏེ། ལེགས་བཤད་གསེར་གྱི་ཕྲེང་བ་ལས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་བྱུང་ངོ་ཞེས་བྱ་བར་ཡང་གནས་སོ། ཞེས་དྲངས་པར། དེ་ཤེར་ཕྱིན་འགྲེལ་ཚུལ་གཉིས་བྱུང་གསུངས་པ་ལས་ཤིང་རྟའི་སྲོལ་འབྱེད་གཉིས་བྱུང་གསུངས་པ་མིན་ཞེས་གསུངས་པའི་མཚམས་རྗེ་ཉིད་སྤྱན་ཆབ་བསིལ་ནས་རིགས་ལུང་མ་ཕུལ་བར་ཡུན་ཙམ་བཞུགས། དེ་ནས་གདན་ས་འདིའི་དགེ་བཤེས་ཆེན་པོ་ས་དཀར་མི་ཕྲུག་བྱ་བ་བཞེངས་ནས། དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་གཅིག་ལས་མེད་ན་འཛམ་གླིང་བྱེ་བ་ཕྲག་བརྒྱན་ཀླུ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡོད་མེད་སོགས་རིགས་འཕྲུལ་གྱི་རྩེ་དགའ་འབུམ་དུ་སྤྲོས་པས།གོང་ས་མཆོག་གིས་ཞལ་ལན་འདེབས་དཀའ་བའི་ཚུལ་མཛད་ནས་སྐུ་འཁོར་དུ་ཨ་ཁུ་དཔའ་རེ་རབ་གསལ་ཚང་བཞུགས་པའི་ཞལ་ལ་ཡང་ཡང་གཟིགས་སྟངས་མཛད།

དེ་ནས་ཚུར་ཕེབས་ནས་ས་དཀར་མི་ཕྲུག་ལ་རིགས་ལུང་གི་རྒྱུག་འབུལ་ཡག་པོ་ཨེ་བྱུང་ཞེས་གཞན་གྱིས་དྲིས་པར། བློ་གྲོས་ཀྱིས་རྟགས་གསལ་མ་བཏང་བར་ངུས་ནས་བསྡད་པ་མ་གཏོགས་གཞན་ལེགས་ཙམ་བྱུང་གསུངས། རྗེ་འདི་ཉིད་ལ་ཁྱོད་ཀྱིས་བགྲོ་གླེང་མ་ཕུལ་བར་ངུས་ནས་བསྡད་པ་ཅི་ཡིན་དྲིས་པར་།   སྤྱན་རས་གཟིགས་ངའི་རྩོད་ཟླ་ག་ལ་ཡིན་ཞེས་གསུངས། དོན་ལ་གོང་ས་མཆོག་ལ་རིགས་ལུང་ཕུལ་སྐབས་སྤྱན་རས་གཟིགས་དངོས་སུ་ཞལ་གཟིགས་པའི་གསུང་སྒྲོས་རྣ་བའི་བུ་གར་ཡང་ཡང་སོན་ནོ། །

མདོར་ན་རྗེ་འདིའི་རྣམ་ཐར་མ་མཐོང་བས་ཞིབ་བཤད་མ་ནུས། དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟའི་ལོར་1930རྒྱའི་ཇག་དམག་ཡུལ་དེར་སླེབས་ནས་དགོན་པའི་ཤར་ངོས་མཆོད་རྟེན་ས་སྒར་མེ་མདའ་སྐུ་ལ་ཕིགས་པས་ཐུགས་དམ་ཞུགས་པའི་ངང་ཞི་བར་གཤེགས་སོ། །

རྗེ་འདི་ཉིད་ལ་བཀའ་རྩོམ་པོད་ཆེན་བཅུ་བཞུགས་པ་ལས། པོ་ཏི་དང་པོར་ཆོས་འདུལ་རྒྱ་མཚོའི་དགོངས་དོན་གསལ་བར་བྱེད་པའི་ཙིནྟ་མ་ཎིའི་ཕྲེང་མཛེས་བློ་གསལ་མགུལ་རྒྱན་སོགས་འདུལ་བའི་སྐོར། པོ་ཏི་གཉིས་པར་འདུལ་བ་མདོ་རྩ་མཆན་འགྲེལ་དྲན་པའི་ཆུ་རྒྱུན་དང་། ཆོས་མངོན་རྒྱ་མཚོའི་དགོངས་དོན་བརྗེད་བྱང་སོགས་འདུལ་མངོན་གྱི་སྐོར། པོ་ཏི་གསུམ་པར་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ཉིན་བྱེད་སྣང་བ་ཟབ་ལམ་ལྟ་བའི་མིག་འབྱེད་དང་། དྲང་ངེས་དཀའ་འགྲེལ་རིན་ཆེན་སྒྲོན་མེ། པོ་ཏི་བཞི་བར་སྒོ་མང་ཕར་ཕྱིན་ཡིག་ཆ་དང་དེའི་མཆན་འགྲེལ་གཉིས་ཀྱི་དགོངས་དོན་གསལ་བར་བྱེད་པ་སྐལ་བཟང་འཇུག་ངོགས། པོ་ཏི་ལྔ་བ་དང་དྲུག་པར་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དོན་གསལ་གྱི་མཆན་འགྲེལ་ཀུན་བཟང་ཞིང་གི་ཉི་མ་ཐར་འདོད་མུན་སེལ་ཏེ་པོ་ཏི་སྟོད་ཆ། པོ་ཏི་བདུན་པར་བློ་རྟགས་གཉིས་ཀྱི་དཀའ་གནད་དང་། བསྡུས་སྦྱོར་སོགས་རྣམ་འགྲེལ་སྐོར།པོ་ཏི་བརྒྱད་པར་འདུལ་བ་ལུང་སྡེ་བཞིའི་བར་སྡོམ་ཡོངས་སུ་རྫོགས་པ་དང་། སྟོང་ཉིད་བདུན་ཅུ་བའི་འགྲེལ་པ་གནད་དོན་གསལ་བྱེད། ཞིབ་མོ་རྣམ་འཐག་གི་མཆན་འགྲེལ། དབུ་མ་འཇུག་པ་རང་འགྲེལ___པའི་མཆན་འགྲེལ། པོ་ཏི་དགུ་པར་རྔོག་དཀྱིལ་བདུན་ལས་སྙིང་བོ་ཀྱེ་རྡོ་རྗེ་ལྷ་དགུ་ཅན་དང་།ཡུམདག་མེད་ལྷ་མོ་བཅོ་ལྔ་མ་གཉིས་ཀྱི་སྒྲུབ་དཀྱིལ་རྟ་ལྗང་དབང་བོ་སོགས་སྔགས་ཀྱི་སྐོར། བཅུ་བར་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་རྡོ་རྗེ་ཕྲེང་བའི་དབང་གནང་སྐབས་ཀྱི་གསུང་ཟིན་ཐོ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་སོགས་ཟིན་བྲིས་དང་། དཔལ་གསང་བ་འདུས་པའི་རྫོགས་རིམ་ལྔ་གསལ་སྒྲོན་སྐོར་གྱི་ཐོབ་ཡིག བདེ་འཇིགས་གསུམ་གྱི་བློས་བསླང་གི་རྣམ་བཞག་གསལ་བཤད་པ་ཟུང་འཇུག་ནོར་བུ་ལེན་པའི་གྲུ་གཟིངས་ཞེས་བྱ་བ་སོགས་སྔགས་ཀྱི་སྐོར།

ཡིག་གཏག་པ་བསོད་ནམས་དོན་འགྲུབ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།