རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-25 20:57:37     རྩོམ་པ་པོ།   རྙེ་བློ་བཟང་དགེ་འདུན།     ཀློག་ཐེངས།  

 

  མཁས་གྲུབ་བྱེ་བའི་འབྱུང་གནས་ལ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ཁྲི་རབས་ལྔ་བ་༸རྙེ་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མ་མཆོག་ནི།  ཕྱི་ལོ་༡༧༤༠ལོར་ད་ལྟའི་ཁྲི་ཀ་རྫོང་མཁར་གྱི་ལྷོ་ཕྱོགས།   འཕྲང་དམར་ཚོ་སྐོར་བཅུ་གཉིས་ཀྱི་ནང་ཚན་སྟག་རིག་རྙེ་ཚང་ཞེས་གྲགས་པའི་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་སྐུ་གོང་མ་རྙེ་སྒོམ་ཆེན་པའི་ཚ་བོར་སྐུ་འཁྲུངས།  བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོའི་སྐྱེ་བར་གྲགས་ཞེས་སྔོན་གྱི་ཡིག་རྙིང་རྣམས་སུ་གསལ།       

རྗེ་འདི་བ་ཡུམ་གྱི་ལྷུམས་སུ་བཞུགས་སྐབས་སུ་ཡུམ་རྩྭ་འཐུ་རུ་བྱིན་ནས་ཡུལ་དུ་ལོག་པའི་ལམ་བར་དུ་ཟོར་བ་མ་མཐོང་རྐྱེན་ཕྱིར་འཚོལ་དུ་འགྲོ་གྲབས་བྱེད་སྐབས།  "ཨ་མ།  ཟོར་བ་རྩྭའི་གསེང་ན་འདུག"་ཅེས་གསུང་བྱོན་པར་བཤད་སྲོལ་དུ་མཆིས།   སྔོན་གོམས་དགེ་བའི་བག་ཆགས་ཡོངས་སུ་སད་དེ་སྐུ་གཞོན་ནུའི་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།   རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཕྱིར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་ཆོས་ཀྱི་དགའ་ཚལ་གྱི་ཆོས་སྒོར་ཞུགས།  བཤེས་གཉེན་ཆེན་པོ་དཔལ་ལྡན་བཀྲ་ཤིས་དང་།   མོག་ཀྱཱ་མཁན་ཆེན།   ལྕང་ལུང་ཁྲི་རྒན་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་རྡོ་རུས་ཐུག་པ་ལྟ་བུའི་ཐུགས་གཉེར་ཚུལ་བཞིན་གནང་།  

གཞན་ཡང་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་བུམ་པ་གང་བྱོའི་ཚུལ་དུ་ཆོས་བཀའ་རྒྱ་ཆེར་གསན།   ལུང་སྡེ་སྣོད་གསུམ་དང་།  རྒྱུད་སྡེ་བཞི་ལ་སྦྱངས་པ་མཐར་ཕྱིན་མཛད་པས་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་ཁྱུ་མཆོག་ཆེན་པོར་གྱུར།    ལྷག་ལྷ་དུ་མའི་ཞལ་གཟིགས་ཤིང་མངོན་ཤེས་གསལ།    ཀུན་མཁྱེན་འཇིགས་མེད་དབང་པོའི་སྡེས།  ཁོང་ནི་གྲུབ་མཐའ་གཙང་།  ཡོན་ཏན་བཟང་ཞེས་བསྔགས་བརྗོད་ཆེ་ལ་ཐུགས་སྲས་ཀྱི་སློབ་མར་གྱུར་ནས་ཕྱག་ཆེན་སོགས་འདོད་ཆོས་མང་དུ་བསྩལད།  

རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོར་མཇལ་སྐབས་ཤིག་ལ་རྙེ་མཆོག་སྤྲུལ་རིན་པོ་ཆེ་འདི་བས་དོན་གྱི་གནད་ཟབ་ལ་ཚིག་གི་སྡེབ་ལེགས་པའི་མཎྚལ་བཤད་པ་ཡིད་དབང་འཕྲོག་པ་ཞིག་ཕུལ་བས་༸གོང་ས་རྒྱལ་བའི་དབང་བོ་མཆོག་གི་ཐུགས་དགྱེས་པའི་རྩེར་སོན་པར་མ་ཟད་རྒྱུ་དངུལ་ལས་གྲུབ་པའི་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཞིག་གནང་སྟེ་རྒྱལ་བ་པཎ་ཆེན་གཉིས་ལ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཡོད་མོད་ཁྱེད་ལའང་ཐམས་ཅད་མཁྱེན་པ་ཞེས་པའི་མིང་འདི་འོས་ཞེས་བསྔགས་བརྗོད་ཚད་མེད་པ་གནང་།  ཕྱིས་སུ་༸གོང་ས་རྒྱལ་བའི་དབང་བོ་མཆོག་གིས་བཀའ་ཤོག་དང་ཐམ་ག་གནང་བར་མ་ཟད།  འཇིགས་བྱེད་ཀ་ལོ་མའི་སྐུ་ཞིག་བཅས་གནང་བ་ད་ལྟའང་བཞུགས།  དེ་ནས་བཟུང་སྟེ་རྙེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཆགས་པར་རྒན་པ་ཚོའི་ངག་རྒྱུན་ན་གསལ། 

དགེ་འདུན་གྱི་སྡེ་ཞིག་འཛུགས་ཐུབ་ན་ཅི་མ་རུང་སྙམ་པའི་ཐུགས་འདུན་བཅོས་མིན་དུ་འཁྲུངས་ཏེ། ཕྱི་ལོ་༡༧༦༧ ལོར།  སྐུ་གོང་མ་རྙེ་སྒོམ་ཆེན་པའི་སྒྲུབ་གནས་སུ་དབེན་གནས་ལྷུན་འགྲུབ་ཆོས་རྫོང་༼རྙེ་དགོན་པ༽དངོས་སུ་ཕྱག་བཏབ་སྟེ་སྒྲུབ་སྡེ་བཟང་པོའི་སྲོལ་བཙུགས།  ཆོས་སྐྱོང་དུ་དཔལ་ལྡན་ལྷ་མོ་བསྟེན། འཕྲིན་ལས་མྱུར་ཞིང་བཀའ་ཤིན་ཏུ་གཉན་སྟབས།  ལྷ་མོའི་རྟེན་ཐང་བྱིན་རླབས་ཅན་ཞིག་ཡོད་པ་འཁྲུངས་གཞིས་ནས་རང་དགོན་དུ་སྤྱན་དྲངས་བར་ཕྱིར་འཁྲུངས་གཞིས་སུ་འཕུར་ནས་བྱོན་པར་གླེང་།    རིམ་གྱིས་རི་ཁྲོད་པ་མང་དུ་འདུས་པས་ལྕགས་སྟག་ལོར་ལྷུན་འགྲུབ་ཆོས་རྫོང་གི་རི་ཁྲོད་པ་རྣམས་ཀྱི་བཅའ་ཡིག་ཐར་བའི་ཁང་བཟང་མཛེས་པའི་རྒྱན་མཚན་གསར་རྩོམ་མཛད།  ཐིས་བ་དགོན་པར་བསྟན་སྲུང་དམག་ཟོར་མའི་རྒྱས་པའི་གཏོར་སྒྲུབ་དང་འཆམ་པ་གྲྭ་ཚང་བཙུགས།  རང་དགོན་དུ་བསྐང་ཆེན་ལྕགས་མཁར་སོགས་ཆོས་ཐོག་གི་ཆོ་ག་དང་གཞི་གསུམ་གྱི་ཉམས་ལེན་སོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས།  ལམ་རིམ་ཆེན་མོའི་བཤད་ལུང་ཚར་ཁ་ཤས་དང་རྡོར་ཕྲེང་གི་དབང་སོགས་ཆོས་བཀའ་མང་དུ་གནང་། 

ཕྱི་ལོ་༡༧༨༢ནས་༡༧༩༡བར་ལོ་བཅུར་བདེ་ཆེན་གྱི་ཁྲིར་བཞུགས།  ལོ་དེ་དག་གི་རིང་ལ་ཆོས་སྡེ་དེར་ཚར་གཅོད་རྗེས་འཛིན་ལེ་ཤོར་མེད་པར་མཛད་པས་སྒྲིག་ལམ་ཉམས་པ་གསོས་ཤིང་།  འཆད་ཉན་གོང་འཕེལ་དུ་གྱུར་པས་ཀུན་གྱིས་ལ་མོ་བདེ་ཆེན་ལ་སྐུ་དྲིན་བླ་ན་མཐོ་བའི་གྲས་སུ་བརྩི། 

གསུང་རྩོམ་གྱི་སྐོར་ལ་བཅའ་ཡིག་ཐར་བའི་ཁང་བཟང་མཛེས་པའི་རྒྱན་མཚན་སོགས་ཆོས་ཚན་བཅུ་ཕྲག་བཞི་ཡས་མས་ཤིག་བཞུགས་པ་ཐམས་ཅད་དོན་ཟབ་ལ་ཚིག་སྙན་པ།  གདུལ་བྱའི་རྒྱུད་ལ་ཐར་བའི་ས་བོན་འཇོག་པའི་ནུས་པ་ཁྱད་པར་དུ་ཡོད་པ་ཤ་སྟག་དུ་བཞུགས་པ་ལོགས་སུ་གཤམ་ནས་འགོད་པར་ཞུ།

དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བགྱིས་ནས།  འཆད་རྩོད་རྩོམ་གསུམ་དང་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་གང་ལ་གང་འདུལ་གྱི་རྣམ་པས་སེམས་ཅན་མ་སྨིན་པ་རྣམས་སྨིན་པ་དང་།  སྨིན་པ་རྣམས་གྲོལ་བར་བྱས།  བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་དེ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་ཕྱི་ལོ༡༨༠༠ལོའི་ཡས་མས་ཤིག་ལ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་འདི་ཉིད་ཀྱིས་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ཏེ་ཟག་མེད་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

 

བརྒྱུད་འགོད།