ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ།
༄༅།།ཨ་རིག་ཡོན་ཤུལ་སྤྲུལ་སྐུ་རིན་པོ་ཆེ་རྗེ་བློ་བཟང་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། དུས་རབས་བཅུ་དགུ་བའི་སྨད་ཀྱི་ཆར་ཨ་རིག་སྡེ་ཁྲོད་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཨ་རིག་དགོན་ཆེན་གྱི་ཆོས་གྲལ་དུ་ཞུགས་ནས་མཚན་ལྡན་བླ་མའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཏེ། ཆོ་ག་ཆོས་སྤྱོད་སོགས་ལ་རིམ་པར་སྦྱངས། ཕྱིས་སུ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལས་ཀྱང་ཟབ་ཆོས་མང་དུ་གསན་པ་དང་གཞུང་ལུགས་མང་པོར་ཐོས་བསམ་ལེགས་པར་བྱས་ཏེ། ཁྲི་ཀའི་རི་ཁྲོད་པའི་གྲས་སུ་ཞུགས་ནས་སྒྲུབ་པ་ལ་རྩེ་གཅིག་གཞོལ།
རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ༼ ཕྱི་ལོ༡༨༨༡ ༽ལོའི་སྟོན་མཇུག་ཤིང་བཟའ་བློ་བཟང་བསྟན་དབང་ཕྱུག་ཚང་ཁྲི་ཀའི་གོང་བ་གྲྭ་ཚང་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེར་མཇལ་བར་ཕེབས་དུས། གོང་བ་གྲྭ་ཚང་གི་གྲྭ་རྒན་རྣམས་ཀྱིས་ཞུས་ཏེ་ཁོང་དང་མཚོ་སྔོན་ཞབས་དྲུང་ཕུན་ཚོགས་གཉིས་ཀྱིས་གཙོས་དགོན་པའི་གྲྭ་མང་ལ་འཇིགས་བྱེད་དཔའ་བོ་གཅིག་པ་དང་། ཀུན་རིག་རྩ་བའི་དབང་གནང་བ་གསན་བཞེས་མཛད། དེའི་ཕྱི་ལོར་སྐུ་འབུམ་བྱམས་པ་གླིང་གི་འདུ་ཁང་ཆེན་མོར་ཤིང་བཟའ་ཚང་གི་དྲུང་ནས་མཁན་ལས་ཐོགས་པ་དགའ་ལྡན་ཁྲི་ཆེན་རྒྱ་ནག་པའི་མཆོག་སྤྲུལ་དང་ལ་མོ་སྒོ་མང་མཁན་སྤྲུལ་སོགས་སེར་སྐྱ་སུམ་སྟོང་བརྒལ་བ་ཙམ་དང་མཉམ་དུ་ཉིན་བཞིའི་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྟ་གོན་དང་བཅས་པ་གསན།
མི་ཟད་ཅེས་པ་མེ་ཁྱི༼ ཕྱི་ལོ༡༨༨༦ ༽ལོར་སྒོ་མང་མཁན་སྤྲུལ་དང་མཉམ་དུ་ཤིང་བཟའ་ཚང་ཁྲི་ཀའི་གོང་བ་གྲྭ་ཚང་དུ་ཕེབས་པ་ལ་མི་ཏྲ་བརྒྱ་རྩའི་དབང་གི་སྙན་བསྐུལ་ཕུལ་བ་བཞིན། ཕྱི་ལོའི་གསུམ་པའི་ཚེས་ནས་ཨ་ཀྱཱ་ཧུ་ཐོག་ཐུ་རིན་པོ་ཆེ་དང་སྐུ་མཆེད་སོགས་བླ་སྤྲུལ་དུ་མས་གཙོས་གཞིས་བྱེས་རི་ཁྲོད་པ་རྣམས་དང་། དགོན་ཁག་སོ་སོ་ནས་བྱོན་པ་བཅས་གསན་མཁན་སྟོང་ཕྲག་བརྒལ་བ་ཙམ་ལ་གྲུབ་མཆོག་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་དབང་གི་ཆུ་བོ་བརྒྱ་རྩར་གྲགས་པའི་སྨིན་བྱེད་རྣམས་རྫོགས་པར་སྩལ་བའི་མཇུག་ཏུ་སེམས་བསྐྱེད་མཆོད་པ་གསན།
ཐམས་ཅད་འདུལ་ཅེས་པ་མེ་ཕག༼ ཕྱི་ལོ༡༨༨༧ ༽ལོར་ཁྲི་ཀའི་གོང་བ་གྲྭ་ཚང་ནས་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་གཉིས་པའི་ཚེས་ཉེར་བཞི་ནས་བཟུང་སྟེ། ལ་མོ་ཞབས་དྲུང་དཀར་པོ་དགེ་འདུན་བསྟན་འཛིན་ནོར་བུ་དང་། ལ་མོ་གྲགས་རྒན་སྤྲུལ་བའི་སྐུ་བློ་བཟང་སྙན་གྲགས་རྒྱ་མཚོ། སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས། བདེ་ཡངས་མཁན་སྤྲུལ་བློ་བཟང་བསྟན་འཛིན་ནོར་བུ། རི་ཁྲོད་པ་བརྒྱ་ལྷག གསན་མཁན་དྲུག་བརྒྱ་སྐོར་དང་ལྷན་དུ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་ཆེ་བ་བཞི་ལྡན་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་བྱང་ཆུབ་བདེ་ལམ་གྱི་དམིགས་ཁྲིད་རྒྱས་བསྡུས་འཚམས་ཤིང་གོ་བདེ་གནད་འདྲིལ་ཉམས་མྱོང་དང་བླ་མའི་གསུང་བཤད་ཀྱིས་བརྒྱན་པ་ཉིན་བཞིའི་རིང་གསན། བདུན་པའི་ཚེས་བདུན་ལ་ཞྭ་དམར་པཎྜི་ཏ་ཚང་གིས་བཅད་རྒྱའི་ཐུན་བར་ནས་ལམ་རིམ་ཆེན་མོའི་སྐྱབས་འགྲོ་ཡན་ཞིབ་ཁྲིད་གསན།
རྣམ་འབྱུང་ཞེས་པ་ལྕགས་སྟག༼ ཕྱི་ལོ༡༨༩༠ ༽ལོའི་ཤོལ་ཟླ་གཉིས་པའི་ཚེས་ལ་བན་གྲོའི་སྒྲུབ་ཁང་དགེ་ལེགས་ཆོས་རྫོང་དུ་ཞྭ་དམར་ཚང་གི་མདུན་ནས་ཀོའུ་བ་དཔོན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་ཚང་དང་དཔོན་སློབ་འཇུ་ཚང་། རྗེ་ཚྭ་འདམ་བཀའ་འགྱུར་བ་རིན་པོ་ཆེ་དང་གསན་མཁན་མང་པོར་སྨན་བླ་མཐོ་བརྩེགས། ཀླུ་དབང་རྒྱལ་བོ་གཙོ་འཁོར་ལྔ། རྣམ་རྒྱལ་ལྷ་དགུ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། དབྱངས་ཅན་མ་དཀར་མོ་ཐུན་མོང་མིན་པ་དང་། སྒྲོལ་དཀར་ཐུན་མོང་མིན་པ། རྣམ་འཇོམས་གཙོ་རྐྱང་། ས་ལུགས་སྨེ་བརྩེགས་དུད་ཁ། ཕྱག་རྡོར་གཏུམ་ཆེན། མཁའ་ལྡིང་གསེར་མིག་འཁྱིལ་བ། འོད་ཟེར་ཅན་མ། ཛམ་དཀར་ལྷ་ལྔ། རྣལ་འབྱོར་རྒྱུད་རྡོར་སེམས། ས་ལུགས་འཇམ་དབྱངས་དམར་སེར། སྲད་རྒྱུད་ལོ་གྱོན་མ་བཅས་རྗེས་སུ་གནང་བ་ཟུར་བཀའ་བཅོ་ལྔ། འཇམ་དབྱངས་དཀར་པོ། སྒྲོལ་དཀར། སྨྲ་སེང་རྣམས་ཀྱི་ཆོས་སྐོར་ལུང་སོགས་གསན་པ་དང་། གསུམ་པའི་ཚེས་ལ་ཁྲི་ཀའི་སྟག་རི་དགོན་ནམ་ཐིས་པ་བཀྲ་ཤིས་ཆོས་རྫོང་དུ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་དང་། དགོན་རོང་དགེ་བཤེས་སོགས་བླ་སྤྲུལ་བཀའ་རམས་རི་ཁྲོད་པ་དགོན་ཁག་སོ་སོའི་གྲྭ་བ་སོགས་གཞི་བྱེས་ཀྱི་གསན་མཁན་ལྔ་བརྒྱ་སྐོར་ལ་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེ་ནས་བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་བོའི་སྟེང་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་གོ་བདེ་བ་གནང་ཞིང་། ཕྱིས་སུ་ཡང་དེ་དུས་བདེ་ལམ་གྱི་ཁྲིད་སྐྱོང་མཁན་ཆ་རེ་ཨེ་ཡོང་ཀི་རེ་བས་སྐྱོང་བདེ་བའི་ལུགས་སུ་བྱས་པ་ཡིན་ཀྱང་དེ་འདྲའི་འདུན་པ་ཅན་དཀོན་པ་འདྲ་ཞེས་ཡང་ཡང་གསུངས་པ་ཐོས། བླ་མཆོད་དང་ཕྱག་ཆེན་སྦྲགས་མའི་ཁྲིད་སྨིན་རྒྱས་སྩལ་ཞིང་། མཇུག་ཏུ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་ལྗགས་བཀོད་བཞིན་མཆོད་པ་གང་རྒྱས་ངོས་ཚོགས་པ་སུམ་སྟོང་ཙམ་ལ་སེམས་བསྐྱེད་མཆོད་པ་བླ་མའི་ཕྱག་ལེན་བཞིན་གསུང་བཤད་རྒྱས་པ་དང་བཅས་བཀའ་དྲིན་བསྐྱངས། དགོན་པའི་གྲྭ་མང་ལ་བླ་མེད་རྡོར་སེམས་ཀྱི་རྗེས་གནང་། སྟག་རི་སེར་སྐྱ་གཙོས་དད་འདུས་ཀྱི་ཁྲོམ་ཆེན་པོར་ཐུགས་རྗེ་ཆེན་པོའི་རྗེས་གནང་སོགས་སྩལ་བ་གསན།
གདོང་ངན་ཞེས་པ་མེ་སྤྲེལ༼ ཕྱི་ལོ༡༨༩༦ ༽ལོར་ཟླ་གསུམ་པའི་ཚེས་ལ་རྙེ་དགོན་ལྷུན་གྲུབ་ཆོས་རྫོང་དུ་ཕེབས། གཞུང་གི་གསོལ་སྟོན་དང་གྲྭ་མང་གི་ཆོས་འབྲེལ་ཞུས་ཏེ་རྙེ་བླ་བྲང་དུ་བཞུགས་གདན་འཇགས། ཚེས་བརྒྱད་ནས་ཨ་རིག་རི་ཁྲོད་པ་ཚངས་དབྱངས་པས་ཞུས་པ་བཞིན། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གི་དྲུང་ནས་གོང་ས་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེ་དང་སྐྱབས་རྗེ་སྒོ་མང་ཚང་། ཨ་རིག་ཀུན་སྤངས་པ་ཆེན་པོ་ངག་དབང་བསྟན་དར། རི་ཁྲོད་པ་ལྔ་བཅུ་སྐོར། གཞན་གཞིས་བྱེས་ཀྱི་དོན་གཉེར་བ་བཅས་གསན་མཁན་སུམ་བརྒྱ་ལྷག་ལ། ས་གསུམ་གྱི་སྒྲོན་མེ་བྱང་ཆུབ་ལམ་གྱི་རིམ་པ་ཆེ་བའི་བཤད་ལུང་ཆུང་འབྲིང་གི་སྐོར་གཞུང་ཆེན་དུ་མ་གུང་བསྒྲིགས་པའི་གསུང་ཤིན་ཏུ་རྒྱས་པ་དང་ཆེན་པོའི་སྐོར་བཤད་པ་མདོར་བསྡུས་བཅས་ཉིན་ཉེར་གཅིག་ལ་གསན།
གསེར་འཕྱང་ཞེས་པ་མེ་བྱ༼ ཕྱི་ལོ༡༨༩༧ ༽ལོར་སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་དང་ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་སོགས་ཀྱིས་ཞུས་ངོར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་ཟླ་མེད་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོའི་རྣམ་ཐར་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་ཞེས་པ་བརྩམས།
དགེ་བྱེད་ཅེས་པ་ཆུ་སྟག༼ ཕྱི་ལོ༡༩༠༢ ༽ལོར་ཁྲི་ཀའི་རི་ཁྲོད་པ་རྣམས་ཀོའུ་བ་དགོན་དུ་ཚོགས་པར་ཞྭ་དམར་ཚང་དང་སྒོ་མང་ཚང་སོགས་དང་མཉམ་དུ་ཕེབས་ནས་ཁོང་གིས་ཧོར་མོག་ཁག་གསུམ་གྱི་ནང་ཚན་ལས་སྒང་སྟོད་ཚོ་བ་བཅུ་ལ་མ་ཎིའི་ཆོས་ཐོག་བཙུགས་པ་དང་། སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་ཚང་གིས་ཧོར་མོག་ཁག་གསུམ་གྱི་ནང་ཚན་ལས་སྐྱ་ནག་ཕྱོགས་ཁར་མ་ཎིའི་ཆོས་ཐོག་བཙུགས།
རབ་བྱུང་བཅོ་ལྔ་བའི་ཤིང་སྦྲུལ༼ ཕྱི་ལོ༡༩༠༥ ༽ལོའི་ལོ་མགོར་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་འཁྲུངས་ནས་ཉིན་འགའི་རྗེས་སུ་སྐུ་ཁམས་ཅུང་ཟད་མ་སྙོམས་པར་ཡབ་ཀྱིས་སྐུ་གཞོགས་ཁོང་ཨ་རིག་རིན་པོ་ཆེ་བློ་བཟང་རྒྱ་མཚོའི་སྐུ་མདུན་དུ་ཞུར་སོང་ནས་ལྟས་ཡ་མཚན་ཅན་མང་པོ་བྱུང་ཚུལ་སོགས་ཞིབ་ཏུ་ཞུས་པར། ཉིད་ནས་བརྟག་པ་གནང་སྟེ་བྱིས་པའི་དོན་དུ་རིམ་གྲོའི་སྐོར་གྱི་ཕྱག་ཡིག་དང་སྲུང་མདུད་སེར་བོ་བཅས་གནང་ནས་གཙང་སྦྲ་གལ་ཆེ་ཚུལ་དང་། ལྟས་དེ་འདྲ་བྱུང་ཚུལ་བར་སྐབས་སུ་གཞན་ལ་གསང་བ་དམ་པོ་བྱས་ན། འཇིག་རྟེན་གྱི་ཁ་དཔེ་ལ་གསེར་ས་ན་ཡོད་ན་འོད་གནམ་ལ་ཕོག་ཟེར་བ་ལྟར་ཁྱད་ཆོས་རིམ་གྱིས་གསལ་ཡོང་། མིང་སྔ་མ་དེ་སྤོར་ལ་ཚེ་དཔག་སྐྱབས་ཞེས་ཐོགས་གསུངས་ནས་ཚེ་དཔག་སྐྱབས་ཞེས་ལན་འགའ་ཡར་གསུངས་ཏེ། ཁྱོད་ཀྱིས་སངས་རྒྱས་ཚེ་དཔག་མེད་ཡིད་ལ་ཆོངས་དང་དེས་མི་བརྗེད་གསུངས། དེ་ནས་ཡུལ་དུ་འོང་ནས་ཞབས་རིམ་རྣམས་སྒྲུབ་འཕྲལ་རིམ་གྱིས་དྭངས།
རབ་ཚེས་ལྕགས་ཁྱི༼ ཕྱི་ལོ༡༩༡༠ ༽ལོར་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་སོགས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་། འཕོ་ཁྲིད་སོགས་གནང་ཞིང་ཀོའུ་བ་སྤྲུལ་སྐུ་ཚང་སྔགས་ཀྱི་ཆོས་སྒོར་ཐོག་མར་ཞུགས་སུ་བཅུག་སྟེ་གསང་མཚན་དོན་ཡོད་རྡོ་རྗེ་ཞེས་གསོལ།
ཡོངས་འཛིན་ཞེས་པ་ཆུ་བྱི༼ ཕྱི་ལོ༡༩༡༢ ༽ལོའི་ཟླ་བདུན་པའི་ཚེས་ལྔ་ཉིན་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་དུས་ཐུགས་དམ་ལ་བཞུགས་པ་ཞག་བདུན་ཕྲག་གཅིག་སོང་རྗེས་ཞུགས་འབུལ་གྱི་དུས་སུ་སྐུ་ཞབས་ཨ་རིག་རིན་པོ་ཆེ་ནས་སྙན་གསན་ཕུལ་བ་དང་། ཚེས་བཅུ་གསུམ་ཉིན་སྙན་རྒྱུད་རྒྱ་མཚོའི་མངའ་བདག་ཨ་རིག་ཡོན་ཤུལ་སྤྲུལ་བའི་སྐུ་བློ་བཟང་རྒྱ་མཚོས་རྡོ་རྗེ་སློབ་དཔོན་དང་། བཤེས་གཉེན་ཆེན་པོ་རྡོ་འཕོངས་མཁས་གྲུབ་བཟང་པོ། བཤེས་གཉེན་མཛོད་དགེ་བློ་བཟང་རྒྱ་མཚོ་སོགས་ཆོག་གྲྭར་བཅས་པས་བཅོམ་ལྡན་འདས་འཇིགས་མཛད་དུས་བགྲའི་དབང་བོ་དཔའ་བོ་གཅིག་པའི་སྒོ་ནས་ཞུགས་མཆོད་ཕུལ། ཚེས་བཅོ་ལྔའི་ཉིན་ཐམས་ཅད་གདན་འཛོམས་པའི་དབུས་སུ་གདུང་ཁང་ཞལ་ཕྱེ་བ་ན་ཐུགས་ལྗགས་སྤྱན་གསུམ་ལ་ཞུགས་ཀྱིས་མ་གོས་པར་བྱོན།
རབ་ཚེས་ཤིང་སྟག༼ ཕྱི་ལོ༡༩༡༤ ༽ལོར་ཀོའུ་བ་སྤྲུལ་སྐུས་དགེ་རྒན་སླར་གཏེར་ལུང་དུ་ཕེབས་པས། ཁོང་གིས་གསུང་བཀོད་ལྟར་ཁྲི་ཀའི་རི་ཁྲོད་པ་བདེ་བླག་བྱ་བ་དགེ་རྒན་དུ་མངགས་པ་མ་ཟད། ཀོའུ་བ་སྤྲུལ་སྐུ་ཚང་སྐུ་ན་གཞོན་དུས་སུ་བདག་སྐྱོང་དང་བསླབ་སྟོན་ལེགས་པོ་མཛད།
དམར་སེར་ཅན་ཞེས་པ་མེ་སྦྲུལ༼ ཕྱི་ལོ༡༩༡༧ ༽ལོར་ཀོའུ་བ་དགོན་པའི་གྲྭ་བ་འགས་དགོན་པའི་འདུ་ཁང་དུ་མཆོད་རྫས་ཤིག་འཇོག་རྩིས་ཀྱི་ཁུར་ལེན་པའི་ཚུལ་ཀོའུ་བ་ཚང་གིས་ཁོང་ལ་ཞུས་པ་ན། དེ་ལེགས་མོད། དེ་བས་ཀྱང་གོས་སྐུ་ཞིག་བཞེངས་ན་ལེགས་གསུངས། དེ་འགྲུབ་དཀའ་རྒྱུ་རེད་ཞུས་པས། སྤྲུལ་སྐུ་རིན་པོ་ཆེ་དབུར་བཞུགས་ན་ངེས་པར་འགྲུབ་ཚུལ་དང་། དངུལ་སྲང་བདུན་ཅུ་སྐོར་གྱི་གནང་སྦྱིན་བཅས་མཛད། རྗེས་མར་ཁོང་གིས་ཐུགས་རྗེས་བྱིན་མཐུ་ལ་བརྟེན་ནས་བདེ་བླག་ངང་ལེགས་འགྲུབ་བྱུང་།
ཁོང་གིས་ཁྲི་ཀའི་དགོན་རོང་བྲག་སྐྱ་རྡོ་རྗེའི་རྫོང་དང་སེ་ཀྱྰའི་དགོན་བཀྲ་ཤིས་དགེ་འཕེལ་གླིང་སོགས་སུ་ཡུན་རིང་བཞུགས་ཏེ་ཆོས་བཀའ་ལན་དུ་མར་གནང་ཞིང་། རྟེན་བཞེངས་ཀྱང་མང་དུ་བགྱིས་པར་མངོན་ཏེ། མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་ལས། དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་དང་སེ་ཀྱྰའི་དགོན་པ་སོགས་སུ་ཨ་རིག་ཡོན་ཤུལ་བློ་བཟང་རྒྱ་མཚོ་མཆོག་རྒྱུན་རིང་བཞུགས་ཤིང་དབང་ལུང་ཁྲིད་གསུམ་གནང་བར་མ་ཟད། རྟེན་བཞེངས་སོགས་ཀྱིས་ཐུགས་ཁུར་གཞན་ལས་ཆེ་བའི་བཀའ་དྲིན་བསྐྱངས། ཞེས་གསལ་བའི་ཕྱིར་རོ།། རྗེས་མར་ཁོང་གཙོ་བོ་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་སོགས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བཞིན། ཡབ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོས་གསར་འཛུགས་གནང་བའི་ཁྲི་ཀའི་རི་ཁྲོད་པའི་བླ་མར་ལོ་མང་པོར་བཞུགས་ནས་སྒྲིག་ལམ་དང་ཀུན་སྤྱོད་སོགས་ལ་བདག་སྐྱོང་བླ་མེད་མཛད།
ལ་མོ་ཀུན་བཟང་རྒྱ་མཚོས་བརྩམས་པའི་ལ་མོའི་དེབ་ཐེར་སྐལ་བཟང་སྤྱི་ནོར་སྨད་ཆ་ལས། ཨ་ཡག་དགོན་གསར་བཀྲ་ཤིས་རབ་བརྟན་གླིང་དུ་ང་བརྒྱད་ཡར་སྔོན་དུ་ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོའི་བླ་བྲང་ཡོད་ལ། དེང་སྐབས་ཡང་འདུ་ཁང་ཆེན་མོའི་ནང་དུ་ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོའི་འདྲ་སྐུ་སོགས་བཞེངས་ཡོད་པ་མ་ཟད། གཅན་ཚའི་སྒྲུབ་སྡེ་བྱམས་པ་ཆོས་གླིང་ངམ་གྱེར་ཐང་དགོན་པར་ཡང་སྐུ་ཞབས་ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན་འདུ་ཁང་ཆེན་མོའི་སྟེང་གི་རྒྱ་མཐོང་ངོས་སུ་ཡོད་ཅེས་པར་དཔག་ན་དགོན་སྒྲུབ་སྡེ་མང་པོར་ཞབས་ཀྱིས་བཅགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ཡོད་པ་ཞར་དང་ཞོར་ནས་ཤེས་ཐུབ་པོ།།
མཐར་ཁོང་ཉིད་རབ་བྱུང་བཅོ་ལྔ་བའི་མེ་སྤྲེལ༼ ཕྱི་ལོ༡༩༢༠ ༽ལོའི་ཡས་མས་སུ་སྐུ་མྱ་ངན་ལས་འདས་པར་སྙམ་པ་དང་། ཁོང་གི་སྐུ་གདུང་ཡང་ང་བརྒྱད་ཡར་སྔོན་དུ་ཁྲི་ཀའི་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་གི་འདུ་ཁང་ཆེན་མོའི་གཡོན་གྲལ་གྱི་དབུས་སུ་དངུལ་ཤན་མ་མཐོ་ཚད་སྨིས་གང་གི་ཚད་ཙམ་པ་སྒོ་རྒྱན་དང་ཉི་ཟླ་དར་དཔྱངས་རྣམས་གསེར་འབའ་ཞིག་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན། མཆོད་རྟེན་གྱི་མདུན་དུ་བྱུ་རུའི་སྡོང་བོ་མཐོ་གང་གི་ཚད་ཙམ་ལ་གསེར་གྱི་ལོ་འདབ་བདུན་གྱིས་མཛེས་པར་སྤྲས་པ་ཁྱད་མཚར་ཅན་ཞིག་བཞེངས་ཡོད་མོད་རིག་གནས་གསར་བརྗེ་ཆེན་མོའི་མེ་རླབས་ཁྲོད་དུ་འཇིགས་སོང་ངོ་།།
བླ་མ་རིན་པོ་ཆེ་འདི་བ་ཚང་ལ་རྣམ་ཐར་ཞིག་མེད་པས་ཞྭ་དམར་ཚང་གི་རྣམ་ཐར་དང་ཀོའུ་བ་ཚང་གི་རྣམ་ཐར་སོགས་ལས་ཞོ་བཟང་དགེ་འདུན་ཚུལ་ཁྲིམས་ཀྱིས་བཏུས་བསྒྲིགས་བྱས་པའོ།།
༼ ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་ལས་ཁོལ་དུ་ཕྱུང་བའོ།། ༽
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn