ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 16:41:25     རྩོམ་པ་པོ།   ཞོ་བཟང་དགེ་འདུན་ཚུལ་ཁྲིམས།     ཀློག་ཐེངས།  

古瓦活佛.jpg

མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་ཀློང་བརྡོལ་བའི༧རྗེ་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི།  མདོ་སྨད་གཅན་ཚའི་ཧོར་མོག་ཁག་གསུམ་གྱི་ནང་ཚན་ཞོ་བཟང་སྡེ་བའི་ལྷ་འབྲུག་བྱ་བ་ཁྲི་ཀའི་རྐང་ཚར་སོང་ནས་གཞིས་ཆགས་པ་ལ་བུ་གསུམ་ཡོད་པ་ལས་བུ་ཆུང་བ་ཡབ་ནུའུ་ཞིའི་མགོན་སྐྱབས་དང་ཡུམ་སྙིང་མོ་ཚེ་རིང་ངམ་ཐ་རེ་སྐྱིད་གོ་གཉིས་ཀྱི་སྲས་སུ་རབ་ཚེས་ཤིང་འབྲུག༼ ཕྱི་ལོ༡༩༠༤༽ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས།

དགུང་ལོ་ལྔ་བ་ས་སྤྲེལ༼  ཕྱི་ལོ༡༩༠༨  ༽ལོའི་ཟླ་དང་བོའི་ཚེས་བཅུ་གསུམ་ལ་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེས་ཀོའུ་བ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་ཡང་སྤྲུལ་ཡིན་པར་ཐུགས་ཐག་བཅད་དེ། ཕྱི་ལོར་མཁས་གྲུབ་ཆེན་པོ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་ཟུང་གསེར་གྱ་འཁོར་ལོ་ལེགས་པར་བཀོད། ལོ་འདི་ལ་རྗེ་ཞྭ་དམར་རིན་པོ་ཆེ་བཀའ་སློབ་ཀུན་སྤངས་རི་ཁྲོད་པ་མང་པོ་དང་བཅས་རང་དགོན་འདིར་དབྱར་ཆོས་ལ་ཕེབས་ནས།  ཆོས་ཐོག་གི་མཇུག་ཏུ་དབུས་བརྒྱུད་ཀྱི་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཉམས་ཁྲིད་ཉིན་ལྔ།  རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་དང་།  མཁས་གྲུབ་སངས་རྒྱས་ཡེ་ཤེས་གཉིས་ཀྱི་བཀའ་འབུམ་གྱི་བཀླག་ལུང་སོགས་ཆོས་བཀའ་མང་དུ་སྤེལ་བ་རྣམས་ཉན་པའི་སྐལ་བ་ཐོབ། འདི་དུས་རྗེ་ཞྭ་དམར་རིན་པོ་ཆེ་འཁོར་སློབ་རི་ཁྲོད་རིགས་སྨྲ་ཚོགས་ཀྱིས་རྩོད་པའི་ང་རོ་ཆེས་ཆེར་བསྒྲགས་པ་གཟིགས་པའི་རྐྱེན་གྱིས་སྔོན་གོམས་ཀྱི་བག་ཆགས་བསླངས་ཏེ། དེ་དུས་ནས་རྩོད་པའི་རྣམ་འགྱུར་ཙམ་ལའང་ཐུགས་དགྱེས་པར་མཛད། གཏེར་ལུང་ཀུན་སྤངས་ཆེན་པོ་རྗེ་དགེ་འདུན་ཀློག་གི་སློབ་དཔོན་དུ་བསྟེན་ནས་སྦྱོར་ཀློག་ཕྲལ་ཀློག་བསླབ་པས་འུད་ཀྱིས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ངེས་པར་དུ་དཀའ་ཚེགས་ལ་མ་ལྟོས་པར།  སྐྱེ་གནས་སོ་སོ་ནས་ཡི་གེ་རང་རང་བཀླགས་ཚུལ་ཚུན་ཆད་ཞིབ་ཏུ་མཁྱེན་ཅིང།  སྨྲ་བརྗོད་གཙང་ཞིང་ཀློག་ལ་བྱང་བས་ཀུན་ཡ་མཚན་པ་བྱུང་།   

དགུང་ལོ་བདུན་པ་ལྕགས་ཁྱི༼  ཕྱི་ལོ༡༩༡༠  ༽ལོར་རྨ་འགྲམ་སྐར་མ་ཐང་དུ་མཉམ་མེད་ཐུབ་པ་མཆོག་གི་གདུང་འཚོབ་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཞེས་པའི་མཚན་གསོལ། དེ་ནས་རིམ་གྱིས་སྨོན་ལམ་ཆོས་སྤྱོད་དང་། ཀུན་རིག  འཇིགས་བྱེད།  མགོན་ཆོས།  ལྷ་མོ།  རྒྱན་འཇུག་གཉིས་སོགས་ལ་ཐུགས་འཛིན་དང་། ཉིན་བཞིན་ཡོངས་འཛིན་ཞྭ་དམར་བའི་ལམ་ཁྲིད་ཅི་འགྲོ་རེ་སྐྱོར་བར་མཛད་ནས་ཚར་མང་བོ་ཕུད། ཁྱབ་བདག་འཁོར་ལོའི་མགོན་པོ་ཨ་རིག་ཡོན་ཤུལ་རིན་པོ་ཆེ་རྗེ་བློ་བཟང་རྒྱ་མཚོ་དཔལ་བཟང་བོའི་དྲུང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་། མགོན་པོ་ཕྱག་དྲུག་པའི་རྗེས་གནང་དང་འཕོ་ཁྲིད་སོགས་གསན་ཅིང་སྔགས་ཀྱི་ཆོས་སྒོར་ཐོག་མར་ཞུགས་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་གསོལ།  

དགུང་ལོ་དགུ་བ་ཆུ་བྱི༼  ཕྱི་ལོ༡༩༡༢  ༽ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་དུས་རྗེ་ཞྭ་དམར་རིན་པོ་ཆེར་སྐུ་བསྙུན་བཞེས་ཡོད་པས་ཞབས་བརྟན་སྒྲུབ་པའི་གྲས་སུ་ཞུགས། གཞི་བྱེས་ཀྱི་རི་ཁྲོད་པ་མང་པོ་དང་ལྷན་དུ་བཀའ་འགྱུར་སོགས་གསུང་སྒྲོག་གནང་བ་དང་། ཞབས་བརྟན་སྐབས་རྗེ་ཞྭ་དམར་རིན་པོ་ཆེས་རྗེ་འདི་ཉིད་ལ་སྤྱན་བསྐྱངས་དཔེ་མེད་གནང་ཞིང་ཐུགས་བརྩེ་བས་སྒོ་ནས་བྱིས་པའི་བློ་ཁ་དང་འཚམ་པར་བསྟོད་བསྔགས་མང་དུ་མཛད།  

དགུང་ལོ་བཅུ་གཅིག་པ་ཤིང་སྟག༼  ཕྱི་ལོ༡༩༡༤  ༽ལོར་དགེ་རྒན་དགེ་འདུན་ཚང་སླར་གཏེར་ལུང་དུ་ཕེབས་པས།  སྐུ་གཞོགས་ཨ་རིག་རིན་པོ་ཆེའི་གསུང་བཀོད་ལྟར་ཁྲི་ཀའི་རི་ཁྲོད་པ་བདེ་ལེགས་བྱ་བ་དགེ་རྒན་དུ་བསྟེན་ནས་སུམ་ཅུ་བ་རྩ་འགྲེལ་གྱི་གཟབ་བཤད་ཅིག་གསན།

དགུང་གྲངས་བཅུ་གསུམ་པ་མེ་འབྲུག༼  ཕྱི་ལོ༡༩༡༦  ༽ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་དུ་ཕེབས་སྟེ།  སེར་བྱེས་གཞུང་བརྒྱ་སྨྲ་བའི་དབང་བོ་བཤེས་གཉེན་ཆེན་པོ་ཤེས་བཞིན་བཀའ་བཅུ་བ་དགེ་འདུན་མཁས་མཆོག་ཚང་གི་མདུན་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ལ་བསླབ། དགུན་ཆོས་སྐབས་ནས་བཟུང་ཆོས་གྲྭར་འགྲིམས་སྟེ་བྱིས་པ་གཞན་ལྟར་རྩེད་མོའི་རིགས་ལ་མི་དགྱེས་པར་བསླབ་བྱའི་རིགས་ལ་ཤུགས་ཆེར་གཞོལ། རྗེ་དགེ་འདུན་མཁས་མཆོག་གི་མདུན་ནས་རྟེན་འབྲེལ་བསྟོད་པའི་བཤད་ལུང་དང་། ཉི་ཁྲི་བརྒྱད་སྟོང་བ་རྣམས་ཀྱི་ལུང་གསན།  རྗེ་གྲུབ་པའི་དབང་ཕྱུག་འཇམ་དབྱངས་དཔལ་ལྡན་ནམ་མཚན་ཡོངས་གྲགས་སུ་ཨ་ལགས་ཁ་གྱ་རིན་པོ་ཆེའི་དྲུང་དུ་མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་དང་།  མགོན་ཆོས་ཀྱི་བེའུ་བུམ།  རྟ་མགྲིན་དང་འཇིགས་བྱེད་ཀྱི་དབང་སོགས་གསན།  སྐུ་གཞོགས་སྐུ་མཆེད་དགེ་འདུན་བསྟན་པ་རབ་རྒྱས་ཀྱི་དྲུང་ནས་རྗེ་གསུང་འབུམ་གྱི་ལུང་གསན། 

དགུང་གྲངས་བཅོ་ལྔ་བ་ས་རྟ༼  ཕྱི་ལོ༡༩༡༨  ༽ལོར་དགེ་རྒན་ཚང་གི་མདུན་ནས་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱི་གསུང་འབུམ་གྱི་ལུང་གསན། ཁ་གྱ་རིན་པོ་ཆེའི་མདུན་ནས་བློ་སྦྱོང་སྐོར་འགའ་དང་།  དཔེ་ཆོས་སོགས་དང་།  ཆོས་རྒྱལ་ཡང་གསང་དུག་རི་ནག་པོའི་རྗེས་གནང་།  ལྕམ་སྲིང་བེའུ་བུམ་སོགས་ཀྱི་ལུང་བཅས་གསན།  དཔྱིད་ཆོས་ཀྱི་རྩོད་པ་དཔེ་ཁྲིད་སོགས་ལ་བརྩོན་པ་གནང་།  ལོ་དེའི་དགུན་ཆོས་སྐབས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་ལ་ཡང་ཆོས་འབྲེལ་ཞུས་ཤིང་།  རྗེ་དགེ་འདུན་མཁས་མཆོག་པ་དང་རྣམ་གཉིས་ཀྱི་དྲུང་ནས།  ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ཆེ་ཆུང་གི་ཁྲིད་ཞིབ་རྒྱས་གསན་པས་གཞི་བྱས་ནས་རྣམ་བཤད་ཐར་ལམ་གསལ་བྱེད།  ཊིཀ་ཆེན།  རྣམ་ངེས་དར་ཊིཀ  རིགས་ཐིག་དང་འབྲེལ་བརྟག་སོགས་ཀྱི་ཊིཀྐ  ཚད་མའི་ལམ་བསྒྲིགས།  ཚད་མའི་བརྗེད་བྱང་།  མངོན་སུམ་ལེའུའི་ཊིཀྐ  སྤྱི་དོན་རིགས་རྒྱན་སོགས་རྗེ་ཡབ་སྲས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་རྣམས་དང་།  དེ་དག་གི་དགོངས་དོན་གསལ་བྱེད་གྲྭ་ས་སོ་སོའི་ཡིག་ཆ་མི་འདྲ་བ་རྣམས་ལ་གཟིགས་རྟོག་རྒྱ་ཆེར་གནང་ཞིང་།  དགེ་རྒན་རྣམ་གཉིས་ལ་དོགས་གཅོད་ཞུས་པའི་སྐོར་སོགས་ཀྱི་གསུང་ཟིན་ཤོག་དྲིལ་ཆེས་མང་བ་མཛད།

དགུང་གྲངས་བཅུ་བདུན་པ་ལྕགས་སྤྲེལ༼  ཕྱི་ལོ༡༩༢༠  ༽ལོར་གཞུང་བརྒྱ་སྨྲ་བའི་དབང་བོ་རྗེ་དགེ་འདུན་ཕུན་ཚོགས་ལ་ཆོས་འབྲེལ་ཞུས་ཏེ་སུམ་རྟགས་དང་སྙན་ངག་རྩ་འགྲེལ་གྱི་གཟབ་བཤད་གསན།  སྙན་ངག་གི་དཔེར་བརྗོད་རྩོམ་རྒྱུགས་ཀྱི་ཚུལ་དུ་ཕུལ་བ་ལ་དགེ་རྒན་ཚང་ཐུགས་ཤིན་ཏུ་དགྱེས་བྱེད་ཅིག་བྱུང་།  རྗེ་དགེ་འདུན་མཁས་མཆོག་པའི་མདུན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་གྱི་ལུང་སོགས་གསན།  དགེ་རྒན་ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་མདུན་ནས་སེམས་བྱུང་དང་། ཚད་འབྲས། ས་ལམ། གྲུབ་མཐའ་སོགས་ཀྱི་དཔེ་ཁྲིད་ཞིབ་རྒྱས་གསན་ཅིང་དཔེ་གཟིགས་དང་ཆོས་གྲྭར་ཧུར་ཐག་གནང་། གྲུབ་དབང་ཁ་གྱ་རིན་པོ་ཆེའི་མདུན་ནས་ཆོས་གསན་མཁན་མང་པོ་དང་ལྷན་དུ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་བཀའ་འབུམ་གྱི་ལུང་སོགས་གསན།

དགུང་ལོ་བཅོ་བརྒྱད་པ་ལྕགས་བྱ༼  ཕྱི་ལོ༡༩༢༡  ༽ལོར་རང་དགོན་དུ་བཞུགས་དགོས་བྱུང་སྐབས་རང་དགོན་གྱི་གསེར་གདུང་ལྷ་ཁང་ལ་ཕྱག་མཆོད་དང་།  སྐུ་འབུམ་མང་དུ་བཞེངས་ཤིང་ལྷ་སྡེ་ཧོར་མོག་ཁག་གསུམ་ལ་རི་དྭགས་བཤོར་མི་ཆོག་པའི་བཅའ་ཁྲིམས་གནང་།  གྲུབ་མཐའ་དང་རྣམ་འགྲེལ་སོགས་རྩོད་པ་སྔོན་སོང་གི་སྐོར་ལ་གཟིགས་རྟོག་རྒྱ་ཆེར་མཛད།  ལོ་དེའི་དབྱར་ཐོག་རྗེ་དགེ་འདུན་མཁས་མཆོག་རང་དགོན་དུ་ཞུས་ཏེ། དོན་བདུན་ཅུ་དང་། དགེ་འདུན་ཉི་ཤུ་སོགས་ལ་ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་གཞིར་བྱས། གསེར་ཕྲེང་། རྟོག་སྣང་། རྣམ་བཤད་སོགས་ཀྱི་དགོངས་པ་མཐའ་དཔྱོད་ཀྱི་སྟེང་དུ་ཕབ་སྟེ་ཞིབ་ཁྲིད་དང་། ཐ་ན་ཇ་འཕྲོས་ཚུན་ཆད་ལ་བརྒལ་བརྟག་གི་འཕྲོས་པས་དུས་འདའ་བར་བྱས་པས་གཞུང་དོན་གྱི་འགངས་རྣམས་ཐུགས་ལ་རབ་ཏུ་འཁྲུངས་བར་མཛད།  རྒྱན་འཇུག་གི་ལུང་སོགས་ལུང་ཆོས་ཁ་ཤས་གསན།  ལོ་དེའི་དགུན་ཐོག་ཟླ་ངོ་གཉིས་ཀྱི་ཡུན་ལ་འཇིགས་བྱེད་ཀྱི་ལས་རུང་གནང་། ཆུ་ཁྱི་ལོའི་གསར་ཚེས་སུ་ལྡེ་ཚར་ཕེབས།  རྗེ་དགེ་འདུན་མཁས་མཆོག་པའི་དྲུང་ནས་ལམ་རིམ་གྱི་ཁྲིད་གསན། ཨ་ལགས་ཁ་གྱ་རིན་པོ་ཆེའི་མདུན་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་ལུང་དང་།  དབྱངས་ཅན་མ་དཀར་དམར་གྱི་རྗེས་གནང་སོ་སོའི་སྒྲུབ་ཐབས་ཀྱི་ལུང་སོགས་གསན།

དགུང་གྲངས་ཉི་ཤུ་བ་ཆུ་ཕག༼  ཕྱི་ལོ༡༩༢༣  ༽ལོའི་གསར་ཚེས་ལ་གསུམ་པ་ལ་མཉམ་མེད་ཐུབ་པ་མཆོག་གི་གདུང་འཚོབ་ཨ་ལགས་ཁ་གྱ་རིན་པོ་ཆེས་མཆོག་གི་མཁན་སློབ་སྦྲགས་མ་དང་། རྗེ་དགེ་འདུན་མཁས་མཆོག་པས་གསང་སྟོན། རྗེ་དགེ་འདུན་ཕུན་ཚོགས་ཚང་ལ་སོགས་པའི་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསླབ་གཞི་ཡོངས་རྫོགས་ཀྱི་སྡོམ་པ་བཞེས། མཁན་པོ་དེ་ཉིད་ཀྱིས་རང་བསྙེན་པར་རྫོགས་པ་ནས་དེ་བར་འབྲལ་སྤོངས་བསྣམས་པའི་ཐུབ་སྐུ་བྱིན་ཅན་ཞིག་ཡོད་པ་དེ་ཉིད་གནང་བ་སོགས་དགྱེས་བརྩེ་མཛད།  ཧོར་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ལ་ཨ་ལགས་ཁ་གྱ་རིན་པོ་ཆེ་ཀོའུ་བ་དགོན་དུ་གདན་དྲངས་ནས་དབང་བཀའ་མང་དུ་བསྩལ། དེ་དག་གི་སྐབས་སུ་ངོ་མཚར་བའི་ལྟས་མང་དུ་བྱུང་སྟེ། བཀའ་ཆོས་ཐོག་མའི་ཉིན་གཟིམ་ཁང་གི་སྟེང་དུ་འཇའ་ཚོན་ཁ་དོག་སྣ་ལྔ་བ་ཤར་ལ། རིགས་གསུམ་སྤྱི་སྒྲུབ་དང་འཇམ་དབྱངས་དཀར་སེར་གྱི་རྗེས་གནང་གི་ཉིན་སྟེང་གི་ནམ་མཁར་དབུས་སུ་འཇའ་ཚོན་མེ་ཏམ་ཞིག་ཏུ་རྨ་བྱའི་སྒྲོ་བཙུགས་པ་ལྟ་བུའི་དབྱིབས་ཅན་གྱི་མཐའ་སྐོར་ཏུ་འཇའ་ཚོན་མིག་མང་རིས་སུ་ཡོད་པ་གཟིམ་ཁང་གི་སྟེང་ཕྱོགས་ཐམས་ཅད་ཁྱབ་པ་ཤིན་ཏུ་མཛེས་ཤིང་ངོ་མཚར་བ་ཞིག་ཐམས་ཅད་ལ་མཐུན་སྣང་དུ་བྱུང་། ཐུགས་རྗེ་ཆེན་པོའི་དབང་གི་སྟ་གོན་གྱི་ཉིན་མདུན་རིའི་ཕྱོགས་ཀྱི་ནམ་མཁའ་ལ་འཇའ་ཚོན་མེ་ཏོག་ཁ་ཕྱེ་བའི་དབྱིབས་ཅན་ཤིན་ཏུ་མཛེས་པ་ལྔ་ཙམ་དང་། གཟིམ་ཁང་གི་མདུན་ཕྱོགས་ཀྱི་གཡོན་ངོས་སྤྲིན་དཀར་པོ་དབྱིབས་ལེགས་པ་འགའ་ཞིག་གི་མཐར་ཡང་སྔ་མ་འདྲ་བ་གཉིས་ཙམ་འདུག དེ་ཐམས་ཅད་ཀྱི་རྩེ་གཟིམ་ཁང་གི་ཕྱོགས་སུ་བསྟན་ཅིང་། རྩ་བ་རྣམས་གཅིག་ལ་གཅིག་སྦྲེལ་ནས་ཡོད་པ་དེ་ལྟ་བུ་དག་ཤར་བ་ནི་རྗེ་བཙུན་བླ་མ་མཆོག་ནས་གནས་འདིར་ཞབས་ཀྱིས་བཅགས་ཤིང་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཐང་མར་བརྡལ་བ་ན་དཀར་ཕྱོགས་སྐྱོང་ཞིང་མངོན་ཤེས་དང་ལྡན་པའི་མི་མ་ཡིན་མཐུ་བོ་ཆེ་རྣམས་ཀྱིས་སྔོན་རབས་ཀྱི་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་བཟང་པོ་དང་བཀའ་དྲིན་རྗེས་སུ་དྲན་པས་ཞལ་གྱི་དཀྱིལ་འཁོར་བལྟ་བ་དང་། གསུང་གི་བདུད་རྩི་མྱང་བའི་སླད་དུ་འཁོར་དུ་འདུས་ཤིང་དགེ་མཚན་གྱི་ལྟས་བཟང་པོ་དག་གིས་ལྷ་ལམ་མཛེས་པར་བྱས་པ་གོར་མ་ཆག་གོ།

 དགུང་གྲངས་ཉེར་གསུམ་པ་མེ་སྟག༼  ཕྱི་ལོ༡༩༢༦  ༽ལོའི་གསར་ཚེས་ལ་རྗེ་གྲགས་པ་དར་རྒྱས་པའི་དྲུང་ནས་སྔགས་རིམ་ཆེན་མོའི་བཤད་ལུང་དང་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་དང་ལུང་གི་སྐོར་བཅས་ཁོང་ཉིད་ལ་རྒྱུན་གང་བཞུགས་གསན་བཞེས་གནང་། ལོ་དེའི་དབྱར་ཆོས་ལ་ཕར་ཕྱིན་གྱི་རྩོད་པ་རྫོགས་ཤིང་། འཛིན་གྲྭའི་ཕར་ཕྱིན་སྟོན་མོ་ལ་ཉིན་ཐུབ་གཅིག་གི་བསྙེན་བཀུར་ཞུས།  འདི་ལོ་རང་དགོན་གྱི་འདུ་ཁང་བསྐྱར་བཞེངས་གྲུབ་པ་ལ་དགོན་གྲོང་སོ་སོར་དགའ་སྟོན་གཟབ་རྒྱས་ཞུས། དད་ལྡན་མང་པོས་སྔ་ཕྱི་གསོལ་བ་ནན་ཆེར་བཏབ་པའི་ངོར་ལམ་ཁྲིད་དང་། མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་གནང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕར་ཕྱིན་དང་ཚད་མ་དྲང་ངེས་རྟེན་འབྲེལ་སོགས་ལས་བརྩམས་ཏེ་ཉིན་བཞིའི་རིང་ལ་གྲྭ་སྐོར་གནང་། ཉེར་ལྔའི་དམ་བཅའི་མཚན་འཕུད་སྐབས་བླ་མ་དགེ་བཤེས་རྣམས་ཐུགས་དགྱེས་པའི་རྩེར་སོན་པས་ཀུན་གྱིས་བསྔགས་བརྗོད་མཛད། ཧོར་ཟླ་བཅུ་གཅིག་པའི་ཚེས་ནས་རང་ཡུལ་སྒང་བ་ཧོར་མོག་ཕྱོགས་སུ་ཕེབས། ཧོར་མོག་ཁག་གསུམ་གྱི་གྲོང་སྡེ་སོ་སོ་དང་སྲིན་པོ་རྫ་འདབས་སོགས་སུ་ཆུ་མིག་ཧ་ཅང་མང་བས་དེར་གཉན་ཁྲོད་ཆེན་མོ་འགྲིམས། ལོ་དེའི་བོད་ལོའི་ཉི་ཤུ་ནང་དུའང་དཔོན་གཡོག་ཐམས་ཅད་ཆུ་མིག་བརྒྱ་རྩར་ཕེབས། ཕྱི་ལོར་ཆུ་མིག་གྲོལ་འཕྲལ་ལྡེ་ཚར་ཕེབས་ནས་དཔྱིད་ཆོས་དང་དབྱར་ཆོས་ཀྱི་རྩོད་གྲྭ་འགྲིམས། ཧོར་ཟླ་བརྒྱད་པའི་ཚེས་ལ་རྗེ་གྲགས་པ་དར་རྒྱས་པའི་དྲུང་ནས་དུས་འཁོར་དབང་ཆེན་སོགས་གསན།

དགུང་གྲངས་ཉེར་ལྔ་བ་ས་འབྲུག༼  ཕྱི་ལོ༡༩༢༨  ༽ལོར་རེབ་གོང་ལྕང་ལུང་སྒར་གསར་དུ་ཕེབས་ནས་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཚང་གི་དྲུང་ནས་ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་དང་ལྷན་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་ལུང་དང་རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་རྣམ་གསུམ་ཁྲིད་སོགས་གསན། ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་ནས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་ཕུན་ཚོགས་ཚང་དང་རྗེ་འདི་བ་རྣམ་གཉིས་ཀྱིས་གསར་སློབ་པ་རྣམས་ལ་དཔེ་ཁྲིད་ཉིན་རྒྱུན་གནང་། བཅུ་གཅིག་པའི་ཉི་ཤུ་ལ་གཅེན་མོ་བསོད་ནམས་སྒྲོལ་མ་དུས་ཆོས་སུ་གྱུར་བས་རྒྱབ་རི་བསམ་གཏན་རྩེ་རུ་སྐྱེ་རྒ་ན་འཆིའི་ངང་ཚུལ་ལས་བརྩམས་པའི་མགུར།  སྲིད་པ་ལས་ངེས་པར་འབྱུང་བའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར་བྱ་བ་བཀའ་རྩོམ་དུ་གནང་།

དགུང་ལོ་ཉེར་དགུ་བ་ཆུ་སྤྲེལ༼  ཕྱི་ལོ༡༩༣༢  ༽ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱག་དཔེ་ཆ་བླུ་བར་ཕེབས་ནས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་མཁན་པོ་ངག་དབང་དགེ་ལེགས་ཚང་རྣམ་གཉིས་ལ་མཇལ་ཞིང་ཆོས་འབྲེལ་གསན། བདུན་པའི་ཚེས་ལ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་རང་དགོན་དུ་ཕེབས་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་གསན་བཞེས་མཛད།

དགུང་ལོ་སུམ་ཅུ་བ་ཆུ་བྱ༼  ཕྱི་ལོ༡༩༣༣ ༽ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་རྗེ་དགེ་འདུན་ཕུན་ཚོགས་ཀྱི་དྲུང་ནས་ལམ་རིམ་བདེ་ལམ་གྱི་ཁྲིད་ཞིབ་རྒྱས་དང་ །  ཨ་ཁུ་གྲགས་པ་དར་རྒྱས་ཚང་གི་དྲུང་ནས་དབྱངས་ཅན་སྒྲ་མདོ་རྩ་འགྲེལ་གྱི་གཟབ་བཤད་དང་། སྡེབ་སྦྱོར་སོགས་གསན། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲུང་ནས་ལམ་རིམ་བསྡུས་དོན་དང་། ལམ་གཙོ་རྩ་འགྲེལ་གྱི་བཤད་ལུང་། རྡོར་སེམས་སྒོམ་བཟླས་སོགས་སྐབས་དེར་དབང་ལུང་རྗེས་གནང་དང་ཁྲིད་ཀྱི་སྐོར་གང་གནང་གསན་བཞེས་མཛད་པ་མ་ཟད་གསུང་མཐའ་དག་ཟིན་ཐོར་བཀོད། སྟོན་མཇུག་བྲག་དཀར་སྤྲེལ་རྫོང་དུ་ཕེབས་ནས་རྒྱལ་བའི་བཀའ་འགྱུར་པོད་འགའི་བཀླགས་ལུང་གསན། སྤྲེལ་རྫོང་དགོན་པའི་ཁྲི་ལས་ཐོག་པ་གཙང་བ་མཆོག་སྤྲུལ་བློ་བཟང་ལུང་རྟོགས་བསྟན་པའི་ཉི་མ་དང་དྲུང་ཡིག་ཡར་འཕེལ་སོགས་ལ་སྒྲ་ཏིཀ་གསལ་ལྡན་གྱི་མཛུབ་ཁྲིད་གནང་། སྐུ་གཞོགས་ཨ་རོལ་ཚང་གི་ཚ་བོ་དགེ་ལེགས་རྒྱ་མཚོ་དང་། བླ་བྲང་གི་གྲྭ་རིགས་དཔྱོད་ལྡན་དགེ་འདུན། རྟགས་རིགས་འཛིན་གྲྭ་སོགས་ལ་དཔེ་ཁྲིད་བསྩལ། དེའི་ཕྱི་ལོར་སྐུ་འབུམ་ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་ཚང་གི་དྲུང་ནས་བྱང་ཆུབ་ལམ་སྒྲོན་གྱི་ལུང་ཞུས།  

དགུང་ལོ་སོ་གསུམ་པ་མེ་བྱི༼  ཕྱི་ལོ༡༩༣༦  ༽ལོའི་ནག་ཟླའི་ཉ་ལ་རྗེ་གསེར་ཁང་བའི་ཕྱག་ལེན་ལྟར་འཇིགས་བྱེད་བསྙེན་ཆེན་གྱི་མཇུག་ལེགས་པར་གྲུབ་པར་མཛད། གསུམ་པའི་ཉི་ཤུ་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་ལམ་རིམ་བདེ་ལམ་སོགས་ཆོས་བཀའ་མང་པོ་དང་། རྗེ་འདི་ཉིད་ཀྱིས་ཆེད་དུ་ཞུས་པའི་ངོར། འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་དང་གཞི་གསུམ་ཆོ་གའི་བཤད་ལུང་།  ལྷ་མོ་ཤྲ་མ་ཎ།  ཁྱུང་ཁྲ།  ལྷ་མོ།  སེང་གདོང་མ་རྣམས་ཀྱི་རྗེས་གནང་།  འཇིགས་བྱེད་བསྙེན་ཁྲིད།  ལམ་མཆོག་སྙིང་བོའི་ཁྲིད།  བདེ་མཆོག་གི་དབང་།  གཅོད་དབང་ཞི་དྲག་སོགས་ཟབ་ཆོས་མང་དུ་གསན། དབྱར་ཐོག་དེར་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་བླ་བྲང་དུ་ཕེབས་པར་གཟིམ་ཆུང་མཇལ་ཁ་ཞུས་ཏེ་སྐུ་གསུང་ཐུགས་རྟེན་དང་མཎྜལ་བཅས་ཕུལ་ཏེ། ཆེད་དམིགས་ཀྱིས་ཞབས་བརྟན་འགའ་དང་བཅས་སྐྱབས་འཇུག་ཞུས་པར་དགྱེས་གཟིགས་ཀྱི་གསུང་འགངས་ཆེ་བ་ཕེབས། རྟེན་སྐལ་དུ་པཎ་ཆེན་རིན་པོ་ཆེའི་འདྲ་དཔར་རྣམ་བཅུ་དབང་ལྡན་གྱི་ཐེལ་རྟགས་ཅན་དང་། པོ་ཏི་ཙིའི་ཕྱག་ཕྲེང་བྱུ་རུའི་རྒྱན་ལྡན་ཞིག རིན་ཆེན་གཉིས་པ་ལས་གྲུབ་པའི་ཡུ་བ་སེང་གེ་ཉལ་སྟངས་ཅན་གྱི་མཁན་པོ་ནོ་མོན་ཧན་ནམ་ཆོས་ཀྱི་རྒྱལ་བོ་ཞེས་པའི་ཆོ་ལོའི་ཐམ་ཀ་དང་འཇའ་ས་བསྩལ་དང་། ཁོང་ཉིད་ཀྱི་དྲུང་ནས་བླ་མ་ལྔ་བཅུ་བའི་བཤད་ལུང་དང་། དུས་འཁོར་གྱི་དབང་སྟ་གོན་དང་བཅས་པ་ཆ་ཚང་གསན། དུས་འཁོར་བ་རྗེ་ཨོཾ་འཁྱིལ་འཇམ་དབྱངས་ལེགས་བཤད་ཚང་གི་དྲུང་ནས་དབྱངས་ཅན་སྒྲ་ཊིཀ་གསལ་ལྡན་གྱི་རི་མོ་ཞིབ་ཁྲིད་དང་། དེ་ཉིད་ཀྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་ལེགས་སྦྱར་སྒྲུབ་ཚུལ་གྱི་མཛུབ་ཁྲིད། སྨིན་གླིང་ལོ་ཆེན་གྱི་སྡེབ་སྦྱོར་འགྲེལ་བའི་གཟབ་བཤད་བཅས་ཟླ་བ་བཞི་ལྷག་ལ་གསན།  

དེ་ནས་རང་དགོན་དུ་ཕེབས་ནས་རང་དགོན་དང་གསང་འབྲོག་དགོན་པའི་གྲྭ་རིགས་མང་ཤོས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་།  དེའི་ཕྱི་ལོར་ལ་མོ་ཡོངས་འཛིན་བློ་བཟང་བསྟན་པ་ཚང་རང་དགོན་དུ་གདན་དྲངས་ནས་ཕར་ཕྱིན་གྱི་དཔེ་ཁྲིད་སོགས་གསན། བླ་བྲང་དུས་འཁོར་བ་བརྩོན་འགྲུས་རྒྱ་མཚོ་ཚང་ལས་རྒྱ་རྩིས་དང་བོད་རྩིས། ནག་རྩིས། དབྱངས་འཆར་ལུགས་ཀྱི་རྩིས་རྣམས་ཀྱི་ས་རིས་གསན། 

དགུང་གྲངས་སོ་ལྔ་བ་ས་སྟག༼  ཕྱི་ལོ༡༩༣༨  ༽ལོར་མདོ་སྨད་བྱང་རྒྱུད་ཀྱི་དབེན་གནས་རྣམས་སུ་ཕེབས་བཞུགས་མཛད་པར་བཞེད་ནས་བྱ་ཁྱུང་ཕེབས། སྨན་པ་གྲྭ་ཚང་གིས་ཞུས་པ་ལྟར་ལམ་རིམ་བསྡུས་དོན་དང་ལམ་རིམ་སྨོན་ལམ་གྱི་ལུང་གནང་། མཁྱེན་རབ་ཀྱི་དབང་ཕྱུག་ཇོ་མོ་རི་བྱིའི་ཞབས་དྲུང་གིས་ཞུས་ངོར་ལམ་རིམ་གསེར་ཞུན་མ་དང་དཔེ་ཆོས་རིན་ཆེན་སྤུངས་བ་སོགས་ཀྱི་ལུང་གནང་། གྲོ་ཚང་དགོན་པ་དང་གྲོ་ཚང་རྡོ་རྗེ་འཆང་གི་རྟེན་རྣམས་ལ་ཞིབ་མཇལ་དང་ཕྱག་སྐོར་མང་པོ་མཛད། ར་རྒན་རི་ཁྲོད་དང་ཤ་རྫོང་རི་ཁྲོད ། རི་ཁྲོད་མཚེར་མོ་ཆེ་སོགས་སུ་བསྙེན་མཚམས་ལ་བཞུགས་ནས་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་སྐྱོང་ཚུལ་སྐལ་ལྡན་སྙིང་གི་གཅེས་ནོར་སོགས་ལྗགས་རྩོམ་མཛད།

དགུང་ལོ་སོ་དྲུག་པ་ས་ཡོས༼  ཕྱི་ལོ༡༩༣༩  ༽ལོའི་དཔྱིད་ཀར་སྒར་གཞི་རྙིང་བ་སླར་གསོ་དང་ཇོ་ཁང་ཆེན་མོ་གསར་བཞེངས་གནང་སྟེ་ལེགས་འགྲུབ་བྱུང་། སྔར་ནས་རྗེ་ཉིད་ལ་བསྙུང་གཞི་ཞིག་ཡོད་པ་ཅུང་འཕར་བར་བརྟེན་ཞབས་བརྟན་རིམ་གྲོ་མང་དུ་བསྒྲུབས། ལོ་དེའི་ཧོར་ཟླ་དགུ་བར་བླ་བྲང་དུ་ཕེབས་ནས་གསེར་ཁང་ཆེན་མོ་དང་ཁོང་ཨ་ལགས་རིན་པོ་ཆེའི་གཟིམ་ཁང་གཉིས་ལ་ཕྱག་སྐོར་ཆགས་མེད་གནང་བཞིན་པར།  ཁོང་གི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་གདུགས་དཀར་ལྷ་བཅུ་གསུམ་མའི་དབང་བྱད་གྲོལ་དང་བཅས་པ།  ལེགས་ལྡན་མཆེད་གསུམ་གྱི་གཏོར་དབང་།  མ་ནིང་ཧ་འདོན་གྱི་ཁྲིད།  མི་འཁྲུགས་པ་ལྷ་དགུའི་དབང་བཅས་གསན་པ་ན་སྔར་གྱི་བསྙུང་གཞི་ཡང་རིམ་གྱིས་དྭངས་མགོ་བརྩམས། 

དགུང་ལོ་སོ་བདུན་པ་ལྕགས་འབྲུག༼  ཕྱི་ལོ༡༩༤༠  ༽ལོར་པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་གི་དྲུང་ནས་གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ལུང་དང་གསང་འདུས་ཆོ་གའི་སྟེང་ནས་བསྐྱེད་རིམ་གྱི་ཁྲིད་སོགས་གསན།  ཨ་ཁུ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ་བ་ལ་ཆོས་འབྲེལ་ཞུས་ཏེ་སྡོམ་གསུམ་བསླབ་བྱ་དང་སྔགས་ཀྱི་སྤྱི་དོན་ཞིབ་རྒྱས་གསན་ཅིང་སོ་སོར་ཟིན་བྲིས་ཀྱང་ཞིབ་རྒྱས་བཏབ།  ཡོངས་འཛིན་དམ་པ་རྗེ་གྲགས་པ་རྒྱ་མཚོ་བའི་དྲུང་ནས་དབལ་མང་རིན་པོ་ཆེའི་སྔགས་ཀྱི་སྤྱི་དོན་གྱི་དཔེ་ཁྲིད་ཞུས།  དེ་དུས་རྗེ་ཉིད་ཀྱིས་ཉིན་པར་དཔེ་ཁྲིད་དང་བཀའ་ཆོས་ཆག་མེད་དུ་གསན་པ་དང་། དགུང་མོ་གཟིམ་མལ་དུ་དཔེ་གཟིགས་དང་ཟིན་བྲིས་གང་བཏབ་ལ་དག་ཐེར་ནན་ཏན་མཛད། ལོ་དེའི་སྟོན་ཁར་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་ཆེན་དང་ལམ་རིམ་བདེ་ལམ་གྱི་ཁྲིད། ཐུགས་རྗེ་ཆེན་པོའི་དབང་། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། སེང་གདོང་མ། འོད་ཟེར་ཅན་མ། གདུགས་དཀར། སྒྲོལ་མ་རྣམས་ཀྱི་རྗེས་གནང་གསན། ཧོར་ཟླ་དགུ་བའི་ཚེས་མགོར་གུང་ཐང་མཆོག་སྤྲུལ་འཇིགས་མེད་བསྟན་པའི་དབང་ཕྱུག་གིས་ཞུས་པའི་ངོར་དབང་རྡོ་རྗེ་ཕྲེང་བ་གསན་པ་ལ་རྗེ་ཉིད་ཀྱིས་ཟིན་ཐོ་རྒྱས་པར་བཀོད། པཎ་ཆེན་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོ་ཚང་གི་དྲུང་ནས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་དང་གྲུབ་མཐའ་ཆེན་མོའི་ཟིན་བྲིས་སོགས་ཆོས་བཀའ་ཅི་རིགས་གསན་རྗེས་སྐུ་མཚམས་མཛད་ནས་དཔེ་གཟིགས་རྒྱ་ཆེར་གནང་།

དགུང་ལོ་སོ་བརྒྱད་པ་ལྕགས་སྦྲུལ༼  ཕྱི་ལོ༡༩༤༡  ༽ལོར་བཅུ་ཕྲག་རིག་པའི་གནས་ཀྱི་མཛོད་འཛིན་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གི་མདུན་ནས་བདེ་མཆོག་བསྐྱེད་རྫོགས་ཀྱི་དམར་ཁྲིད་ཆོ་གའི་སྟེང་ནས་སྨིན་རྒྱས་དང་། ཡང་སྔགས་ཀྱི་སྤྱི་དོན་གྱི་གཟབ་བཤད་གཅིག་སྟེ་བཤེས་གཉེན་ཆེན་པོ་འདིའི་དྲུང་ནས་སྔགས་ཀྱི་སྤྱི་དོན་ཞིབ་ཁྲིད་ལན་གསུམ་སོགས་ཁྲིད་དང་བཤད་ལུང་གི་སྐོར་མང་དུ་གསན། ལྔ་རིག་ནོར་བུའི་ཕྲེང་འཛིན་ཨོཾ་འཁྱིལ་འཇམ་དབྱངས་ལེགས་བཤད་ཀྱི་དྲུང་ནས་དག་ཡིག་ངག་སྒྲོན་གྱི་དཔེ་ཁྲིད་དུས་འཁོར་ལུགས་ཀྱི་གོ་ལ་སོགས་ཀྱི་ཐིག་ལ་བསླབ་སྦྱངས་མཛད། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་ནས་རིགས་གསུམ་སྤྱི་སྒྲུབ་དང་མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ་སོགས་རྗེས་གནང་དང་ལུང་གི་སྐོར་སོགས་མང་པོ་གསན། པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་སྐྱབས་རྗེ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་ཁྲི་ཀར་གདན་དྲངས་པ་ན། རྗེ་ཉིད་དང་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ཚང་རྣམ་གཉིས་ཀྱང་ཁྲི་ཀའི་ཀབ་རོན་ཆུ་ཚན་ཁར་ཕེབས་ནས་ཁོང་གི་དྲུང་དུ་དྭགས་པོ་ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རྫོགས་དང་འབྲོང་རྩེ་ལྷ་བཙུན་པའི་བསྐྱེད་རྫོགས་སོགས་ཟབ་ཆོས་མང་དུ་གསན། གཡུ་བཟང་ཐང་དུ་ཕེབས་ནས། བཀའ་འགྱུར་རིན་པོ་ཆེའི་བཀླགས་ལུང་མདོ་སྡེ་བསྐལ་བཟང་ནས་དབུ་བཙུགས་ཏེ་མདོ་མང་རྫོགས་པ་ན། རྗེ་འདི་ཐིས་པ་དགོན་གྱིས་གདན་ཞུས་ལྟར་ཕེབས་ནས། གྲྭ་བ་འགའ་ལ་སྐུ་གཞོགས་སྐུ་མཆེད་རིན་པོ་ཆེའི་གསུང་གི་སྟེང་ནས་འཇིགས་བྱེད་བསྙེན་ཁྲིད་དང་ཀུན་མཁྱེན་བླ་མའི་སྒྲུབ་པའི་ཐོ་ཡིག་དབལ་མང་རིན་པོ་ཆེའི་ཡིག་ཆུང་དང་བཅས་པའི་ཁྲིད་། ཨ་རོལ་གོང་མའི་བསྙེན་ཆེན་སྐོར་གྱི་ལུང་སོགས་གནང་།  ཁྲིད་ཞུ་བ་བོ་རྣམས་ཀྱིས་བསྐུལ་ངོར་འཇིགས་བྱེད་བསྙེན་སྒྲུབ་བྱ་ཚུལ་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་ཞེས་པ་ལྗགས་རྩོམ་གནང་། དེ་ནས་སྟོན་ཟླ་བརྒྱད་པའི་སྨད་ལ་པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་གཡུ་བཟང་ཐང་ནས་རང་དགོན་དུ་གདན་དྲངས་ནས་གཞི་བྱེས་ཀྱི་གསན་མཁན་མང་པོར་ཐོག་མའི་བློ་སྦྱོང་གི་ཁྲིད་དང་རྒྱལ་སྲས་ལག་ལེན། བློ་སྦྱོང་སྙན་བརྒྱུད་ཆེན་མོའི་ལུང་དང་ནྰ་རོ་ཆོས་དྲུག་སོགས་ཀྱི་ཁྲིད།  བཤད་ལུང་།  རྗེས་གནང་གི་རིགས་ཇི་སྙེད་ཅིག་ཟླ་ངོ་ལྔ་ཙམ་ལ་བསྩལ་བ་རྣམས་གསན་བཞེས་མཛད་ཅིང་ཟིན་ཐོར་བཀོད།

དགུང་ལོ་སོ་དགུ་བ་ཆུ་རྟ༼  ཕྱི་ལོ༡༩༤༢  ༽ལོའི་གཉིས་པའི་ཉི་ཤུ་ལ་ཁྲི་ཀའི་ཐིས་པ་དགོན་དུ་ཕེབས་ཏེ་གྲྭ་མང་ལ་རྗེས་གནང་དང་ལུང་ཚོགས་འགའ་གནང་།  གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་དུ་པཎ་ཆེན་ཡོངས་འཛིན་འཇིགས་མེད་ཞབས་དང་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་རྣམ་གཉིས་ལ་མཇལ། གསུམ་པའི་ཚེས་གཅིག་ནས་ཡོངས་འཛིན་ཚང་གི་མདུན་ནས་བཀའ་འགྱུར་གྱི་ལུང་གི་འཕྲོ་གསན། བཞི་བའི་བཅོ་ལྔ་ནས་བྲག་དཀར་མེ་ལོང་དགོན་དུ་བླ་སློབ་འཁོར་བཅས་ཀྱིས་འཆད་ཉན་རྒྱུན་མི་ཆད་པར་མཛད་དེ་བདུན་པའི་ཚེས་ལ་བཀའ་འགྱུར་རིན་པོ་ཆེ་བཀླགས་ལུང་རྫོགས་པར་གསན་ཅིང་གསུང་བཤད་མཐའ་དག་ཟིན་ཐོར་བཀོད། ཧོར་ཟླ་དགུ་བའི་ཉི་ཤུ་ལ་རང་དགོན་དུ་ཕེབས་འཕྲལ་བཅུ་བའི་ཚེས་མགོ་ལ་བཀའ་ཆོས་ཆེད་གཉེར་གྱིས་བླ་བྲང་དུ་ཕེབས། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་མཁའ་སྤྱོད་མའི་ཆོས་ཉིད་ངོ་སྟོན་གྱི་བྱིན་རླབས་དང་བསྐྱེད་རྫོགས་ཀྱི་ཟབ་གནད་འགའ་ཞིག་ཞུས་པ་གསན། འདི་སྐབས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་རྗེ་འདི་བ་རྣམ་གཉིས་ཀྱིས་བླ་བྲང་འཆམ་ཆེན་གྱི་ཞལ་འབག་བྱིན་རླབས་དང་ལྡན་པ་དེ་ལ་རབ་གནས་གནང་། བཅུ་བའི་ཚེས་མགོར་རང་དགོན་དུ་ཆས་པར། རོང་བོ་དགོན་དུ་ཨ་རོལ་རིན་པོ་ཆེའི་མདུན་ནས་འཁྲུལ་འཁོར་གྱི་ལུང་གི་སྐོར་ཆད་གསབ་འགའ་ཞིག་གསན། བཅུ་གཅིག་པའི་ཚེས་མགོར་སྐུ་འབུམ་དུ་ཕེབས་ནས་པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་གི་དྲུང་ནས་མཁས་པའི་དབང་བོ་ཨ་ཀྱྰ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་བྱང་ཕྱོགས་བསྟན་པའི་རྩ་ལག་དུ་མ་དང་ལྷན་དུ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་བཤད་ལུང་དང་འགྲེལ་བ་དོན་གསལ། འདུལ་སྡོམ། དགེ་ལྡན་བསྟན་འབར་མ།  ཚེས་གཅིག་ཉམས་ལེན་རྣམས་ཀྱི་བཤད་ལུང་གསན་ཅིང་ཟིན་བྲིས་སུ་བཏབ། 

དགུང་གྲངས་བཞི་བཅུ་བ་ཆུ་ལུག༼  ཕྱི་ལོ༡༩༣  ༽ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལ་ཡོངས་འཛིན་ཚང་གི་མདུན་ནས་མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་རྒྱས་པ་དང་གཉིས་པའི་ཡར་ཚེས་ནས་སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་སོགས་ཟབ་ཆོས་མང་དུ་གསན་ནས་གསུམ་པའི་ཚེས་མགོར་རང་དགོན་དུ་ཕེབས། གསུམ་པའི་ཉི་ཤུ་ལ་ཁྲི་ཀའི་མེ་ལོང་དགོན་དུ་ཕེབས་ནས་པཎ་ཆེན་ཡོངས་འཛིན་འཇིགས་མེད་རྒྱ་མཚོ་ཚང་གི་དྲུང་ནས་སྐྱབས་རྗེ་ཐར་ཤུལ་ཚང་དང་ཨ་ཀྱྰ་རིན་པོ་ཆེ་སོགས་དང་ལྷན་དུ་ཟླ་བ་གཅིག་ལྷག་ཙམ་ལ་བསྟན་འགྱུར་གྱི་ལུང་གསན་ཏེ་རང་དགོན་དུ་ཕེབས། གྲྭ་ཚང་གཞུང་གིས་ཞུས་ངོར། འཇམ་དབྱངས་བདེ་བའི་རྡོ་རྗེའི་ཁྲིད་ཡིག་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བྱང་ཆུབ་བདེ་ལམ། འཇམ་དཔལ་ཞལ་ལུང་སོགས་ཀྱི་ལུང་གནང་། དགུན་གྱི་ཉི་ལྡོག་འདས་རྗེས་ལྡེ་ཚར་རྗེ་དགེ་འདུན་ཕུན་ཚོགས་པ་དང་ཁྱབ་བདག་གྲགས་པ་དར་རྒྱས་ཚང་རྣམ་གཉིས་ལ་མཇལ་བར་ཕེབས།

དགུང་ལོ་ཞེ་གཅིག་པ་ཤིང་སྤྲེལ༼  ཕྱི་ལོ༡༩༤༤  ༽ལོའི་ལོ་གསར་ལ་བླ་བྲང་དུ་ཕེབས་ནས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་རྗེ་གྲགས་པ་རྒྱ་མཚོ་བར་ཆེད་གཉེར་གྱིས་ཞུས་ཏེ་མདོ་སྡེ་ཟ་མ་ཏོག་བཀོད་པའི་ལུང་སོགས་དང་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གི་མདུན་ནས་འཕོ་ཊིཀ་གསེར་གྱི་སྒོ་འབྱེད་ཀྱི་བཤད་ལུང་སོགས་གསན། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་མདུན་ནས་མི་ཏྲ་རྡོར་ཕྲེང་གི་དཀྱིལ་ཆོག་སྐོར་དང་། གཟུངས་གཞུག་སྐོར་ལ་དོགས་གཅོད་ཞུས་ཏེ་ཟིན་ཐོ་གནང་། གཉིས་པའི་ཚེས་གཅིག་ལ་རང་ཡུལ་དུ་ཆས་ཏེ་ཚུར་ལམ་ལ་མོ་བདེ་ཆེན་དུ་ངེས་དོན་དགེ་བའི་བཤེས་གཉེན་ཆེན་པོ་ལ་མོ་བློ་བཟང་བསྟན་པ་ཚང་ལ་མཇལ་ནས་རང་དགོན་དུ་ཕེབས། སྐུ་འབུམ་རྭ་ཁོ་ཧོ་ཐོག་ཐུ་བློ་བཟང་བཤད་སྒྲུབ་བསྟན་པའི་ཉི་མ་ཚང་གིས་སྔ་ཕྱིར་དངོས་དང་ཡི་གེའི་ལམ་ནས་ཞུས་པ་ལྟར་གདན་ས་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས། རྭ་ཁོ་ཧོ་ཐོག་ཐུ་དང་མཚན་སྒྲོགས་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ། བླ་བྲང་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ལ་དབྱངས་ཅན་སྒྲ་ཊིཀ་ཞིབ་ཁྲིད་དང་དབྱངས་ཅན་སྒྲ་མདོ་རྩ་འགྲེལ་གྱི་བཤད་ལུང་། སྙན་ངག་མེ་ལོང་མ་སོགས་ཀྱི་ལུང་དང་། གཞན་དོན་གཉེར་ཅན་ཁ་ཤས་ལ་སུམ་རྟགས་ཀྱི་ལུང་བཅས་གནང་། སྐབས་དེར་པཎ་ཆེན་ཡོངས་འཛིན་ཚང་གི་མདུན་ནས་བེའུ་བུམ་སྔོན་པོ་རྩ་འགྲེལ་གྱི་ལུང་དང་དབུ་མའི་སྟོང་ཐུན། འཇིགས་བྱེད་བསྐྱེད་རིམ་གསལ་བའི་གཙུག་རྒྱན། ཀུན་མཁྱེན་བླ་མའི་རྟོག་བདུན་མཆན་འགྲེལ་རྣམས་ཀྱི་བཤད་ལུང་བཅས་གསན་བསམ་མཛད། ཤོལ་ཟླ་བཞི་བའི་ཡར་ཚེས་ལ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་པཎ་ཆེན་ནང་མ་སྒང་དང་སྐུ་འབུམ་གཞུང་གིས་གདན་ཞུས་ལྟར་སྐུ་འབུམ་དུ་ཕེབས། ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་མདོ་སྨད་ཕྱོགས་ཀྱི་བླ་སྤྲུལ་ཆེ་དགུ་ཡོད་དོ་ཅོག སྐྱ་སེར་ཀྱི་ཚོགས་པ་ཆེས་མང་པོ་དང་ལྷན་དུ་ལམ་རིམ་བསྡུས་དོན་གྱི་སྟེང་ནས་ལམ་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད།  སྐྱབས་ཁྲིད་རྒྱས་པ།  བྱིན་རླབས་སྤུངས་ཞུས་སོགས་གསན། 

ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་འབུམ་གསེར་སྡོང་ཆེན་མོའི་བར་སྟེང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོས་མཁན་པོ་དང་། པཎ་ཆེན་ཡོངས་འཛིན་རྗེ་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོས་དུས་གོ་བ། རྒྱ་ཡག་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གཙུག་ཕུད་འབྲེག་པའི་གྲོགས་ལྡན་པ་དང་། སྐུ་འབུམ་མཁན་པོ་སྟོང་སྐོར་སྤྲུལ་སྐུ། མཁས་པའི་དབང་བོ་ཨ་ཀྱྰ་སྤྲུལ་སྐུ། གསེར་ཏོག་མཆོག་སྤྲུལ་ཚང་། སྒྲུབ་བསྟན་མངའ་བདག་ཐར་ཤུལ་སྤྲུལ་སྐུ། ཀོའུ་བ་སྤྲུལ་སྐུ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་སོགས་གནས་བརྟན་འདུལ་བ་འཛིན་པ་དགེ་འདུན་གྲངས་མང་ཚང་བའི་དབུས་སུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྩོམ་གཞིར་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་ཏེ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྗེས་འཇུག་གི་ཁྲོད་དུ་ཆུད་པར་བྱས།     

དེ་ནས་རང་དགོན་དུ་ཕེབས་ནས་ཇོ་ཁང་གསར་བའི་ནང་དུ་སྐུ་གསུང་ཐུགས་ཀྱི་རིང་བསྲེལ་བྱིན་རྟེན་ཤ་སྟག་གིས་གཏམས་པར་མཛད་དེ་ཡུལ་འདིའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་བྱིན་རླབས་ཀྱི་གཏེར་དུ་བསྐྲུན་པར་མཛད།  རང་དགོན་གྱི་བླ་གྲྭ་ཡོངས་ལ་བླ་མ་མཆོད་པའི་ཁྲིད་ཞིབ་རྒྱས་དང་རྣམ་འཇོམས་རྗེས་གནང་། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། རྒྱན་འཇུག་གཉིས། སྤྱོད་འཇུག་ཆེན་མོ། ཐར་མདོ་རྣམས་ཀྱི་ལུང་དང་། གྲྭ་བ་ཉི་ཤུའི་སྐོར་ལ་གཅོད་དབང་ལན་གཉིས། ཁྲོས་ནག་སྒྲུབ་ཐབས་སྐོར་གྱི་ལུང་སོགས་གནང་། 

དགུང་ལོ་ཞེ་གཉིས་པ་ཤིང་བྱ༼  ཕྱི་ལོ༡༩༤༥ ༽ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུ་ལ་ལྷ་འབངས་ཆེ་ཚང་མས་ཞུས་ངོར་ཁྱམས་ཚང་སྤྱི་ཁང་དུ་ཕེབས་ནས་ཚོགས་པ་ལྔ་བརྒྱ་ལྷག་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་བཅས་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་། རྟ་མགྲིན། གུར་དྲག གདུགས་དཀར། སྒྲོལ་མ། འོད་ཟེར་ཅན་མ་སོགས་ཀྱི་རྗེས་གནང་། སྐྱབས་འགྲོ། མ་ཎི་སོགས་འདོན་ཆོས་ཟབ་མོ་མང་པོའི་ལུང་བཅས་བསྩལ། རང་དགོན་ལ་བཅའ་ཡིག་གསར་རྩོམ་མཛད་དེ་མགོན་ཁང་གཉན་པོ་མའི་མདུན་དུ་གྲྭ་ཚང་ཡོངས་ལ་ལྗགས་ཀློག་གནང་ཞིང་བཅའ་ཡི་གྲྭ་ཚང་ལ་གནང་།  ཧོར་ཟླ་བཞི་བའི་ཚེས་དྲུག་ལ་མངའ་འབངས་སྐྱ་ནག་སྟོད་སྨད་ཀྱིས་སྤྱི་ཁང་དུ་ཞུས་པ་ལྟར་ཕེབས་ནས། ཚོགས་པ་སྟོང་ཕྲག་ཙམ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་སོགས་གོང་གི་ཆེ་ཚང་མ་ཤོག་ཁ་ལ་གནང་བའི་ཆོས་བཀའ་དེ་དག་ཆ་ཚང་བར་གནང་ཞིང་མཇུག་ཏུ་ཨ་འབྱུང་སྡེ་བའི་སྔགས་འཆང་བཀྲ་ཤིས་དོན་གྲུབ་ཀྱིས་མཎྜལ་བཤད་པ་ཕུལ། སྐྱ་ནག་སྔགས་མང་གིས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཆོ་གའི་རྟ་འདུར་དབྱངས་གསུམ་དང་། རོལ་མོ་འབུལ་དཀྲོལ་དང་འཆམ་རྒྱུགས་རྔམས་བརྗིད་ཅན་འབུལ་བ་སོགས་ཆོས་མཐུན་གྱི་བཀུར་བཟོས་ཆེས་ཆེར་ཞུས། སྔགས་མང་གིས་ཞུས་ངོར་དེ་གའི་བསྟེན་པ་ཆོས་སྐྱོང་དམ་ཅན་གཉན་ཆ་ཆེ་བས་རྗེ་ཉིད་ཀྱིས་གཉེར་གཏད་དང་འཕྲིན་བཅོལ་གནད་སྨིན་མཛད་དེ་ཐུགས་རྒྱུད་ཇེ་འཇམ་དུ་བཏང་ཞིང་། ཕྱིན་ཆད་དམར་བསུར་བཅད་དེ་དཀར་བསུར་དུ་བསྒྱུར་དགོས་པའི་ཞལ་བཀོད་བསྩལ་བ་ལ་ཚང་མས་ཅི་གསུང་བཀའ་བཞིན་བསྒྲུབས། སྐབས་སྔ་ཕྱི་ཅི་རིགས་ལ་ཧོར་མོག་ཁག་གསུམ་གྱི་གྲོང་སྡེ་ཁ་ཤས་དང་ཁྱིམ་ཚང་མང་བོ་ཞིག་གི་དམར་བསུར་བཅད་དེ་དཀར་བསུར་དུ་བསྒྱུར་བ་སོགས་བསྟན་པ་སྤྱི་ལ་ཕན་པའི་ཕྱག་རྗེས་ཆེར་མཛད། ཧོར་ཟླ་བཞི་བའི་ཚེས་བཅུ་ལ་ཚོ་དྲུག་གི་སྤྱི་ཁང་དུ་ཞུས། སྐྱ་སེར་གྱི་ཚོགས་པ་སྟོང་དང་ཉིས་བརྒྱ་ལྷག་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་སྟ་གོན་སོགས་ཆེ་ཚང་མ་དང་སྐྱ་ནག་ཤོག་ཁ་གཉིས་ལ་གང་གནང་མ་ལུས་པར་གནང་བ་ཐེག་ཆེན་གསོ་སྦྱོང་གི་སྡོམ་རྒྱུན་སོགས་གནང་། གྲྭ་ཚང་གིས་ཞུས་པ་ལྟར། དཔེ་ཆོས་རིན་ཆེན་སྤུངས་བ་དང་བེའུ་བུམ་སྔོན་པོའི་འགྲེལ་བ། ལམ་རིམ་བདེ་ལམ།  བློ་སྦྱོང་སྙན་བརྒྱུད་ཆེན་མོ།  ལམ་རིམ་དམར་ཁྲིད་མྱུར་ལམ་རྣམས་ཀྱི་ལུང་ཆོས་བཀའ་དྲིན་དུ་བསྩལ། 

དགུང་ལོ་ཞེ་གསུམ་པ་མེ་ཁྱི༼ ཕྱི་ལོ༡༩༤༦ ༽ལོའི་གསར་ཚེས་བརྒྱད་ལ་ཆོ་འཕྲུལ་སྨོན་ལམ་དང་གསུང་ཆོས་གཉིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་བཞིན་གསར་འཛུགས་མཛད་དེ་རྗེ་ཉིད་ཀྱིས་གསུང་ཆོས་ཀྱི་བཤད་པ་སྐྱ་སེར་ཡོངས་ལ་རྒྱས་པར་གནང་། ཟླ་བ་གཉིས་པའི་བཅུ་གཅིག་ལ་གྲུབ་དབང་འབེ་ཙ་ཚང་སྐུ་གཤེགས་པའི་གསལ་འདེབས་དུ་ཕེབས། བཅུ་གསུམ་ལ་སྐུ་གདུང་བསྲེག་ཆོག་གནང་བའི་མེ་འབུད་ཁར་ཡེ་ཤེས་པ་ནམ་མཁར་བཏེགས་པའི་ཚིག་རིས་ཀྱི་སྐབས་གློ་བུར་དུ་ནམ་མཁའ་གཡའ་དག་པར་དབང་གཞུ་བཀྲ་བའི་འཇའ་ཚོན་ཤར་བ་སོགས་སྐུ་གདུང་ལྷ་དངོས་སུ་བསྐྱེད་པ་དང་། ཡེ་ཤེས་པ་དངོས་སུ་གཤེགས་སྟིམ་བྱེད་པའི་རྟགས་མངོན་སུམ་དུ་གྱུར། ཚེས་བཅུ་དགུ་ལ་སྐུ་འབུམ་བྱམས་པ་གླིང་དུ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ཡིས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་ལ་དུས་འཁོར་དབང་ཆེན་སོགས་ཆོས་བཀའི་རྒྱུན་མང་པོ་ཞིག་འབུལ་ཆར་ཡོད་པ་ལ། པཎ་ཆེན་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོ་ཚང་གིས་རྗེ་ཉིད་སྐུ་འབུམ་དུ་བཀའ་ཆོས་ཟིན་ཐོ་འགོད་པར་འབོད་སྐུལ་གནང་བ་ལྟར་ཕེབས་ནས། དེ་དུས་རྗེ་ཉིད་ཀྱིས་དུས་འཁོར་དབང་གི་ཟིན་བྲིས་སོགས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་ཡབ་སྲས་རྣམས་ལ་ཕུལ་བའི་ཚེ། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེས་པཎ་ཆེན་རིན་པོ་ཆེ་ལ་ཕྱིན་ཆད་ཁྱེད་ཀྱིས་ཟིན་བྲིས་འདིའི་སྟེང་ནས་དབང་བཤད་དང་ཕྱག་ལེན་གནང་ན་ཆད་ལྷག་མེད་ཅེས་ཞུས་པར་གསུངས།  རྗེ་བླ་མ་འདི་ནི་སྐུ་ཚེ་ཧྲིལ་བོར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་དེ། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་གཙོ་བྱས་བླ་མ་དག་གི་གསུང་ཟིན་བྲིས་སུ་མ་བཀོད་པ་ཕལ་ཆེར་མེད་པར་བཤད། མཐར་གདུལ་བྱ་རྟགས་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་ལོ་འདིའི་ཧོར་ཟླ་ལྔ་བའི་ཚེས་ཉེར་དྲུག་གི་ཐོ་རངས་ཀྱི་དུས་སུ་ལུམྦིའི་དགའ་ཚལ་གཉིས་པ་སྐུ་འབུམ་བྱམས་པ་གླིང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།             

འདི་དུས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ཡི་ཞལ་ནས་ངས་བསམ་པར་ཀོའུ་བ་ཚང་གི་དབང་བཀའ་ཆོས་ཀྱི་རྒྱུན་རེ་སྤེལ་ཨེ་ཐུབ་ཀྱི་རེ་བ་ཆེན་པོ་བཅངས་ཡོད་མོད། ད་སེམས་ཅན་གྱི་ལས་དེ་ཟད་འདུག་ཅེས་ཐུགས་སྐྱོ་བའི་གསུང་འགའ་རེ་བྱོན་པར་མ་ཟད། ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་ཏུ་ཡང་། མཐའ་འཁོབ་སྐྱེ་བོ་དམན་པའི་བསོད་མིན་གྱིས།། རྨད་བྱུང་མཁས་བཙུན་བཟང་བོའི་མཛད་བརྒྱའི་འོད།། ཡུད་ཙམ་གསལ་ཡང་རྨི་ལམ་དགའ་སྟོན་བཞིན།། སྤྱོད་པའི་སྐལ་བ་དབེན་པ་ཡིད་མུག་ལྡང་།། ཞེས་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དེ་ཉིད་ཀྱིས་ཀྱང་། མཁན་ཆེན་བསྟན་པའི་མངའ་བདག་དྲུང་།། ཟབ་གསང་ཆོས་ཀྱི་བདུད་རྩིའི་རྒྱུན།། མཉམ་དུ་ནོད་པའི་རྡོ་རྗེའི་སྤུན།། ཞི་དབྱིངས་མནལ་བའི་ཚུལ་འདི་སྐྱོ།།  ཞེས་སོགས་གསུངས་སོ།།

རྗེ་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་དངོས་སློབ་ཆེ་གྲས་འགའ་རེ་བརྗོད་ན། དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རམས་པ་འཇམ་དབྱངས་གྲགས་པ་དང་། གཞུང་ལུགས་སྨྲ་བའི་དབང་བོ་དཀོན་མཆོག་དཔལ་ལྡན། སྐུ་འབུམ་རྭ་ཁོ་སྤྲུལ་སྐུ་བློ་བཟང་བཤད་སྒྲུབ་བསྟན་པའི་ཉི་མ། སྐུ་འབུམ་མཚན་སྒྲོགས་སྤྲུལ་སྐུ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ། སྐུ་འབུམ་དགེ་བཤེས་བྱང་ཆུབ་བསམ་འགྲུབ་རྒྱ་མཚོ། བྱ་ཁྱུང་གྲོ་མོ་རི་བྱིའི་ཞབས་དྲུང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ། སྤྲེལ་རྫོང་གཙང་པ་མཆོག་སྤྲུལ་བློ་བཟང་ལུང་རྟོགས་བསྟན་པའི་ཉི་མ། གསང་སྒྲོགས་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན། སྐུ་གཞོགས་ཨ་རོལ་རིན་པོ་ཆེའི་དྲུང་ཡིག་ཡར་འཕེལ། སྐུ་གཞོགས་ཨ་རོལ་ཚང་གི་ཚ་བོ་དགེ་བཤེས་དགེ་ལེགས་རྒྱ་མཚོ། པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོའི་ཉེ་གནས་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ཐུབ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པའི་སློབ་བུ་ཡོན་ཏན་དང་ལྡན་པ་ཆེས་མང་པོ་ཞིག་མཆིས་སོ།།                               

རྗེ་ཉིད་ཀྱི་གསུང་རྩོམ་ཞུས་དག་བྱས་མ་བྱས་གཉིས་ཀ་པོ་ཏི་བཅུ་གཅིག་ཙམ་མཛད་ཡོད་ནའང་། བརྩམས་ཆོས་ཕལ་ཆེར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མེ་ལྷའི་ཞལ་དུ་འཐིམས་པ་དང་། རྗེ་ཉིད་ཀྱི་གསུང་རྩོམ་ལ་གཅེས་སྤྲས་བྱེད་མཁན་སྐྱ་སེར་རེ་གཉིས་ཀྱིས་འབད་བརྩོན་དང་བདག་གཉེར་གནང་བའི་བརྩམས་ཆོས་འགའ་རེ་བཞུགས་པ་དེ་དང་།  ཉེ་སྔོན་བླ་བྲང་དང་སྐུ་འབུམ་སོགས་ནས་རྙེད་སོན་བྱུང་བའི་བསྟན་བཅོས་གཙོ་བོ་རྣམས་ཀྱི་མཚན་བྱང་ནི། ༧དཔལ་དུས་ཀྱི་འཁོར་ལོའི་དབང་གི་ཕྱག་ལེན་དང་གསུང་བཤད་སྔ་ཕྱིར་ཐོས་པ་རྣམས་ཕྱོགས་བསྒྲིགས་སུ་བཀོད་པ་ཞེས་བྱ་བ་དང་། ༈བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་བསྙེན་སྒྲུབ་མེ་ལྷའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པའི་འདོན་བསྒྲིགས་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་། ༈དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་པའི་འདོན་བསྒྲིགས་ཡི་གེར་བཀོད་པ་དངོས་གྲུབ་ནོར་བུའི་བང་མཛོད། ༈རྒྱལ་བའི་བཀའ་རིན་པོ་ཆེ་བཀླགས་ལུང་མནོས་སྐབས་ཀྱི་ཞལ་གདམས་ལེགས་བཤད་བདུད་རྩིའི་རོལ་མཚོ་ལས་ཆ་ཤས་ཙམ་ཞིག་ཡོངས་སུ་སྤེལ་བ་སྐལ་བཟང་སྙིང་གི་གཅེས་ནོར་ཕན་བདེའི་དགའ་སྟོན། ༈དབང་སྣ་ཚོགས་བསྩལ་སྐབས་ཀྱི་བཅའ་ཤོམ་སོགས་ཀྱི་ཐོ་ཆུང་། ༈རིགས་ཀུན་ཁྱབ་བདག་ཨ་ལགས་བླ་ཁོ་རིན་པོ་ཆེའི་ཞལ་སྔ་ནས་ཟུར་བཀའི་དབང་མང་པོ་ཐོབ་པའི་སྐབས་གསུང་བཤད་དང་ཕྱག་ལེན་རྣམས་མ་ནོར་བར་ཞིབ་ཏུ་བཀོད་པ་མཁས་པའི་སྙིང་ནོར། ༈གཏོར་མ་བརྒྱ་རྩའི་ཁྲིད་ཀྱི་བརྗེད་བྱང་བདུད་རྩིའི་སྒོ་འབྱེད།  ༈འཇིགས་བྱེད་དབང་གི་ཟིན་ཐོ་སྐོར། ༈འཇམ་དབྱངས་དཀར་པོའི་ལས་ཚོགས་ཀྱི་ཁྲིད་སྩལ་སྐབས་ཀྱི་ཟིན་ཐོ། ༈ཨ་ལགས་བླ་ཁོ་རིན་པོ་ཆེའི་ཞལ་སྔ་ནས་གཤེད་དམར་ལྷ་ལྔའི་དབང་དང་ཀྱེ་རྡོར་ལྷ་དགུའི་དབང་གནང་སྐབས་ཀྱི་ཟིན་ཐོ། ༈རིམ་ལྔ་གསལ་སྒྲོན་གྱི་ཟིན་བྲིས།  ༈དྲག་པོ་སུམ་དྲིལ་གྱི་རྗེས་གནང་གི་ཐོ།  ༈རྟ་མགྲིན་གསང་སྒྲུབ་ཀྱི་དབང་གི་གསུང་བཤད་སོགས་ལེ་ཚན་ཁ་ཤས་ཀྱི་ཟིན་ཐོ།  ༈ཟུར་བཀའི་དབང་གི་ཟིན་བྲིས་སྐོར། ༈རིགས་གསུམ་སྤྱི་སྒྲུབ་ཀྱི་ཟིན་བྲིས་སྐལ་བཟང་བདུད་རྩིའི་མཆོད་ཡོན།  ༈གཅོད་དབང་གནང་སྐབས་ཀྱི་གསུང་བཤད་དང་ཕྱག་ལེན་ཟིན་ཐོ།  ༈གཟུངས་གཞུག་དང་རབ་གནས་ཀྱི་ཁྲིད་གནང་སྐབས་ཀྱི་ཟིན་ཐོ།  ༈རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་ཟིན་ཐོ་སོགས་ལེ་ཚན་ཁ་ཤས།  ༈སྔགས་ཀྱི་ས་ལམ་གྱི་བཤད་ལུང་།  ༈འགྲེལ་ཆེན་དྲི་མེད་འོད།  ༈དགའ་ལྡན་ལྷ་བརྒྱ་མའི་ཁྲིད།  ༈སྙིང་བོ་དོན་གསུམ་གྱི་ཁྲིད།  ༈མཎྜལ་དང་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ཟིན་ཉུང་བསྡུས་བཅས་ཡོད།  ༈གུང་ཐང་འཇམ་པའི་དབྱངས་ཀྱིས་མཛད་པའི་འདུལ་སྡོམ་བཤད་ལུང་གི་ཟིན་ཐོ།  ༈ཚེ་གཅིག་ཉམས་ལེན་གྱི་བཤད་ཁྲིད།  ༈ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་ནས་གསན་པའི་ལམ་རིམ་བདེ་ལམ་གྱི་ཟིན་ཐོ། ༈བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྐྱོང་ཚུལ་སྐལ་ལྡན་སྙིང་གི་གཅེས་ནོར། ༈དྲང་ངེས་ལེགས་བཤད་སྙིང་བོའི་བཤད་ལུང་གི་ཟིན་ཐོ་སོགས་ལེ་ཚན་ཁ་ཤས་བཞུགས།  ༈སྲིད་པ་ལས་ངེས་པར་འབྱུང་བའི་གཏམ་དྲང་སྲོང་མངོན་པར་དགའ་བའི་ཟློས་གར། ༈བསླབ་བྱའི་བཀའ་རྩོམ་ཐེག་མཆོག་ལམ་བཟང་གསལ་བའི་སྒྲོན་མེ། ༈ཁྲི་ཀའི་ཡུལ་ལྷ་གཉན་པོའི་གསོལ་མཆོད་བསྐང་བཤགས་བྱ་ཚུལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན། ༈ད་དུང་སྒྲ་མཆན་གྱི་ཟིན་ཐོ་དང་། ༈མགུར་དབྱངས་མཐོང་བ་དོན་ལྡན་སོགས་མགུར་དབྱངས་ཀྱི་སྐོར་དང་།  ༈བསང་མཆོད་ཀྱི་སྐོར་སོགས་གསུང་འབུམ་པོད་གཉིས་ལྷག་བཞུགས་སོ།། 

   ༼༧འདི་ནི་བླ་མ་ཁོང་གི་དངོས་སློབ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྡོ་རམས་པ་འཇམ་དབྱངས་གྲགས་པ་ཚང་གིས་མཛད་པའི་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་རྣམ་ཐར་ས་བོན་མ་དང་སྐུ་འབུམ་སངས་རྒྱས་རྒྱ་མཚོས་བརྩམས་པའི་མདོ་སྨད་གཅན་ཚའི་ཀོའུ་བ་དགོན་ལེ་ལག་དང་བཅས་པའི་ལོ་རྒྱུས་ཉི་མའི་སྣང་བ་ལས་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་རྣམ་ཐར་གྱི་ཁ་སྐོང་གཉིས་ལས་ཅུང་ཇེ་བསྡུས་སུ་བཏང་སྟེ་རབ་རྒྱན་མེ་སྤྲེལ་ལོའི་ཧོར་ཟླ༥་པའི་ཚེས༢༦ཉིན་བླ་མ་རིན་པོ་ཆེ་ཁོང་གི་དུས་མཆོད་དང་འབྲེལ་ཏེ་ཞོ་བཟང་དགེ་འདུན་ཚུལ་ཁྲིམས་ཀྱིས་ཡི་གེར་བཀོད་པའོ།། ༽

ཕྱི་ལོ2016/6/30ལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།