པྲ་ཏི་དགེ་བཤེས་རིན་ཆེན་དོན་འགྲུབ་ཀྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-05 07:30:55     རྩོམ་པ་པོ།   ལྕང་སྐྱ་དགེ་འདུན་བཀྲ་ཤིས།    ཀློག་ཐེངས།  

 IMG_3303.JPG

པྲ་ཏི་དགེ་བཤེས་རིན་ཆེན་དོན་འགྲུབ་ཀྱི་འཁྲུངས་འདས་དང་ཡབ་ཡུམ་གྱི་མཚན་སོགས་ལོ་རྒྱུས་ཁག་ཏུ་གསལ་ཆ་མེད་རྐྱེན།   འདིར་གཏན་ཁེལ་བ་ཞིག་བརྗོད་མི་སྤོབས་ཀྱང་།  དཔྱད་གཞིའི་རྒྱུ་ཆ་དག་གུང་བསྒྲིགས་ཏེ་དཔྱད་ན།  ཕལ་ཆེར་དུས་རབས་བཅུ་བདུན་པའི་སྨད་དམ་བཅོ་བརྒྱད་པའི་དུས་མགོ་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་གྱི་པྲ་ཏི་ཞེས་པའི་ཚོ་བར་སྐུ་འཁྲུངས།  པྲ་ཏི་ཞེས་པའི་མཚན་ཟུར་འདི་ལ་ཡི་གེ་འབྲི་ཚུལ་ཁ་ཤས་ཡོད་དེ།  པྲ་ཏི།  བྲ་ཏི།  པྲ་སྟི།  པྲ་བསྟི།  སྦྲ་སྡེ་སོགས་མང་མོད།  རྗེ་ཉིད་ཀྱི་གསུང་འབུམ་ལས་བྲ་ཏི་ཁང་སེར་མ་ཞེས་འབྱུང་བས་བྲ་ཏི་ཞེས་པ་དག་པར་སེམས།  འོ་ན།  བྲ་ཏི་ཟེར་བའི་མཚན་ཟུར་འདི་ཇི་ལྟར་འབྱུང་ཞེ་ན།  ཁ་ཅིག   པྲ་འབེབས་མཁན་གྱི་སྔགས་འཆང་ཞིག་དེར་བྱོན་ནས་གཞི་ཆགས་པས་པྲ་སྡེ་ཐོགས་ཟེར་ལ།  པྲ་ཏི་རིན་ཆེན་དོན་གྲུབ་ནི།  སྡེ་དེ་ལས་ཐོན་པའི་མཁས་པ་ཆེན་པོ་ཞིག་ལགས་པས།   པྲ་སྡེ་ཞེས་པ་ཟུར་ཆགས་ཏེ་པྲ་ཏི་ཞེས་འབྱུང་བར་བཤད་པ་དང་། 

ཡང་སྦྲ་འབྲུ་ལྡོང་གསུམ་གྱི་ནང་ཚན།   སྦྲའི་རུས་སྡེ་ཆེན་པོ་ཞིག་དབུས་གཙང་ནས་མདོ་ཁམས་སྨད་དུ་ཆད་པ་ལ་སྦྲ་སྡེ་ཞེས་འབོད་ལ།  སྦྲ་སྡེ་བྱ་བ་ཟུར་ཆག་ནས་བྲ་ཏི་ཞེས་འགྱུར་བར་ཡང་བཤད་ལ།  མངའ་བདག་འོད་སྲུང་གི་གདུང་རབས་བཞི་བ་ཁྲི་ལྡེ་མདོ་སྨད་དུ་འབྱོན་དུས་དེ་རྣམས་ཀྱིས་གྲོགས་དན་མཛད་དེ།  དཔའ་རིས་ཡུལ་དུ་གཞི་ཆགས།   རྒྱུད་འདིར་བྲ་སྒོམ་ཆོས་ཀྱི་རྡོ་རྗེ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དམ་པ་མང་དུ་འཁྲུངས།  ཁྱད་པར་དུ།   ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཁྲི་ཤོར་རྒྱལ་མོའི་མཚོ་སྙིང་དུ་སྒྲུབ་པ་གནང་སྐབས་ལི་ཤི་བན་དམར་དང་མཐུ་འགྲན་པ་དང་།  སློབ་བུ་རྣམས་ལ་གདམས་པ་གནང་སྐབས་བདེན་སྟོབས་བརྗོད་ནས་ཉི་མ་ཐག་པས་བཏེགས་ཏེ་ནུབ་ཏུ་མ་བཅུག་པས།  བྲ་བུ་ཉི་མ་ཐག་བརྟོད་ཐོགས་ཀྱང་ཟེར། 

རྒྱུད་དེ་ལས་ཆད་པའི་བྲ་ཏི་རིན་ཆེན་དོན་གྲུབ་ཁོང་དགུང་ལོ་ཆུང་དུས་ནས།  ཞོགས་དོན་ཡོད་མཁས་གྲུབ་1683_1738 ཀྱི་སྐུ་མདུན་ལས་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་མཛད།  སྐབས་དེར་བྲ་ཏིས་ལྟ་བའི་སྐོར་གྱི་དྲི་བ་ཞུས་པ་ལ།  ཞོགས་དོན་ཡོད་མཁས་གྲུབ་ཀྱིས་དྲིས་ལན་གནང་བའང་ཡོད།  གཞན་ཡང་རྒྱལ་དབང་བདུན་པ1708_1758དང་།  ཕུར་ལྕོག་ངག་དབང་བྱམས་པ་(1683_1762)།  སེ་ར་པཎྜི་ཏ་མཛོ་མོ་མཁར་བ་བློ་བཟང་སྦྱིན་པ་སོགས་བཤེས་གཉེན་མང་དུ་བསྟེན་ཏེ།  གཞུང་བཀའ་པོད་ལྔ་སོགས་སྦྱངས་པ་ཕུ་ཐག་ཆོད་པར་གནང་ནས།  དགེ་བཤེས་ཀྱི་མཚན་བཏགས་བཞེས་ཏེ།  མཁས་པའི་སྙན་པ་འབར།  མཁན་རིན་པོ་ཆེ་བློ་བཟང་སྦྱིན་པའི་སྤྱན་སྔར་དགེ་ཚུལ་སློང་གི་སྡོམ་པ་བཞེས།  ཁོང་སེ་ར་དགོན་པར་བཞུགས་སྐབས།  དམ་པ་མང་བོས་ཕར་ཕྱིན་དང་དབུ་མ་སོགས་ཀྱི་དཀའ་གནད་འདྲི་བ་དང་།  ཚད་མའི་སྐོར་གྱི་དོགས་གནས་ཞུ་བ་སོགས་ཆོས་ཀྱི་བཀའ་མོལ་རྒྱ་ཆེར་གནང་བས།  དམ་པ་མང་བོ་ཞིག་གི་དགེ་རྒན་ལྟ་བུར་ཆགས་ཡོད་ཀྱང་།   པྲ་ཏི་དགེ་བཤེས་ཁོང་ཆོས་གྲྭ་ཅུང་ཟད་འགྲིམས་ནས།  ཕྱིས་སུ་པྲ་ཏི་ཁང་ཚན་གྱི་ཐེམ་པའི་ཕྱི་རུ་མི་འབྱོན་པའི་ཐུགས་དམ་བཅས་ཏེ།  དཔེ་གཟིགས་རྒྱ་ཆེར་གནང་བས།  རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གྲགས་པ་བརྙེས། 

ཁོང་ཉིད་དེ་ཙམ་གྱིས་ཐུགས་མ་ཚིམ་པར་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་དྲུང་དུ་འཇམ་དབྱངས་དཀར་བོའི་སྒྲུབ་ཐབས་ཀྱི་མན་ངག་ཞུས་ཏེ།  བྲག་ཡེར་བར་འཇམ་དབྱངས་དཀར་བོ་ཡུན་རིང་དུ་བསྒྲུབས་ཀྱང་མཚན་ལྟས་སོགས་གང་ཡང་མ་བྱུང་བས།  ཐུགས་ཤིན་ཏུ་སྐྱོ་ནས་གངས་སྟོད་དུ་ཕེབས་ཏེ་བྲག་ཕུག་ཅིག་ཏུ་གཟིམ་ཅུང་ཟད་བབས་པ་ན།  མཚན་ལམ་དུ་ཨ་ཡིག་དཀར་བོའི་ཆར་བབས་ཏེ།  མཐར་ཨ་ཡིག་རྣམས་གཅིག་ཏུ་བསྡུས་ནས་རང་ཉིད་ལ་ཐིམ་པ་རྨིས།  གཉིད་སད་ཚེ་བྲག་ངོས་ལ་ཨ་ཡིག་རང་བྱོན་ཞིག་བབས་ཡོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་པར་བཤད། དེ་ནས་སེར་སྨད་དུ་ཕུར་ལྕོག་རིན་པོ་ཆེའི་དྲུང་དུ་བྱོན་ཏེ་མཚན་ལྟས་གང་ཡང་མ་ཐོན་པར་ཞུས་པས།  ཕུར་ལྕོག་པའི་ཞལ་ནས།  ཁྱེད་རང་གིས་འཇམ་དབྱངས་གྲུབ་པར་འདུག  སང་ཉིན་ཇ་ཡག་པོ་ཞིག་བཟོས།  གསོལ་ཇ་བཏུང་སྟེ་དཔེ་ཆ་ལ་གཟིགས་དགོས་པའི་བཀའ་གསུང་ཕེབས་པ་བཞིན།  ཞོགས་ཆོས་དམ་བཅའ་ཆེན་མོ་ཡང་མ་ཕེབས་པར་དཔེ་གཟིགས་གནང་བས།  སྔར་དང་མི་འདྲ་བའི་བློ་བསྐྱེད་ཐོན་ཏེ།  དགོང་མོར་དམ་བཅའ་ཆེན་མོར་བྱོན་ཏེ་རྟགས་གསལ་བཏང་བས།  ཀུན་གྱིས་བློར་མི་ཤོང་བའི་རིག་རྩལ་ལ་གཞན་གྱིས་རྒོལ་བའི་གླགས་མ་རྙེད་པས།   མང་བོས་ཞིག་གིས།   བྲ་ཏི་སྨྱོན་པའི་རྟགས་གསལ་སྒྲིག་མ་བཟོས་འདུག་ཅེས་གླེང་བར་གྲགས།   དེ་ནས་བཟུང་མདོ་སྔགས་རིག་གནས་ཐམས་ཅད་ལ་སྔར་ལས་ལྷག་པའི་ཆགས་ཐོགས་མེད་པར་གྱུར།  དཀའ་བཅུའི་མཚན་རྟགས་ཀྱང་བཞེས།

དཔྱད་གཞིའི་རྒྱུ་ཆ་འགའ་ཤས་ན།   ཁོང་གིས་བྲག་ཡེར་བ་ལས་འཇམ་དབྱངས་དཀར་བོ་ཞལ་གཟིགས་བྱུང་བས།   བྲ་ཏི་འཇམ་དབྱངས་དཀར་བོ་ཞེས་མཚན་སྙན་ཡོངས་སུ་གྲགས་པར་གསུངས་ཀྱང་དཔྱད་པར་འཚལ། 

ཡང་བར་སྐབས་ཤིག་ལ།  སེ་ར་གྲྭ་ཚང་ནང་ལོགས་སུ།  གནས་སྨྲ་བུ་བས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་བདག་གིས་སྟོང་བ་ཁས་ལེན་མི་ལེན་གྱིས་རྩོད་པ་ཞིག་བྱུང་བས།  རྗེ་ངག་དབང་བྱམས་པ་དང་བྲ་ཏི་རིན་པོ་ཆེ་རྣམ་པ་གཉིས་དགོངས་ཚུལ་ཅུང་ཟད་མ་མཐུན་པ་བྱུང་རྐྱེན།   དུས་དེར་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་ཞུས་པས།  ལྕང་སྐྱས་ཁོང་རྣམ་པ་གཉིས་ལ་ཁ་ཐུག་ལན་མ་ཕུལ་བར།  ཁོང་རྒྱ་ནང་དུ་ཕེབས་ནས་དཔེ་ཀློག་བརྒྱབ་སྟེ་ལན་བསྐྱོན་ཞེས་བཀའ་གནང་།  ཕྱིས་སུ་ལྕང་སྐྱ་རིན་པོ་ཆེའི<གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན>བརྩམས་ཏེ་ལན་ཆ་ཚང་གནང་ཡོད་ལ།  ཁྱད་པར་དུ།   སྤྱིར་བཏང་གནས་སྨྲ་བུ་བས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་བདག་གིས་སྟོང་བ་ཁས་མི་ལེན་ལ།  རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་གི་རེད།  ཅེས་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དགོངས་པ་དང་མཐུན་པར་གསུངས་པས།  དུས་ཐོག་དེར་རྗེ་ངག་དབང་བྱམས་པ་སེར་འབྲས་དགའ་གསུམ་ན་མཁས་པའི་ཡང་རྩེ་ལྟ་བུར་ཆགས་ཀྱང་།  དགོས་དབང་གིས་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་ཁ་ཐུག་དགག་པ་གཏོང་བ་སྟབས་བདེ་བོ་ཞིག་མ་བྱུང་བས།  ཁོང་གིས་དགག་ལན་ལྟ་བུ་ལ་<ལྟ་བ་དཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་བདག་མེད་པའི་དོན་གཏན་ལ་འབེབས་པ་ཡིད་ཀྱི་གདུང་སེལ>ཞེས་ཞུ་མཁས་པའི་སྒོ་ནས་ཤོག་བུ་མདའ་ཚད་མ་ཉེར་བདུན་ཙམ་ཞིག་བརྩམས་པའི་ལོ་རྒྱུས་ཡོད།

རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་སྤྱི་ལོ ༡༧༡༡ ལོར་རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་དྲུང་ནས།  བྲ་ཏི་དགེ་བཤེས་ཀྱིས་སེ་འབྲས་དགེ་གསུམ་གྱི་བླ་སྤྲུལ་མང་བོ་དང་ཆབས་ཅིག་བྱང་ཆུབ་ལམ་རིམ་ཆེན་མོ་དང་།  བྱང་ཆུབ་ལམ་སྒྲོན།  འཇམ་དཔལ་ཞལ་ལུང་།  ཆོས་སྤྱོད་རབ་གསལ་གསན་བཞེས་གནང་།  ཡང་དུས་ཐོག་དེར་ལམ་རིམ་ཆེན་མོའི་འཆད་ཉན་རྒྱ་ཆེར་གནང་དུས།  སེར་བྱེས་གྲྭ་ཚང་ལ་བཤད་རྒྱུན་ཐུན་མོང་མ་ཡིན་པ་མཆིས་པ་དག   བྲ་ཏི་རིན་པོ་ཆེར་ཞུས་པས།   ཁོང་གིས་ལམ་རིམ་གྱི་དཀའ་གནད་ལྷག་མཐོང་ཆིག་རྐྱང་གི་མཆན་མཛད་པའི་ཕྱག་ལས་གནང་བ་ལམ་རིམ་མཆན་བཞི་སྦྲགས་ན་གསལ་བ་དང་། 

གཞན་ཡང་།  དགེ་བཤེས་དོན་གྲུབ་བཀྲ་ཤིས་ལ་ལྷག་མཐོང་ཆེན་མོའི་མཆན་དང་སྦྲགས་པའི་ལུང་དང་།  དོན་གཉེར་ཅན་མང་བོར་དྲང་ངེས་ལེགས་བཤད་སྙིང་བོའི་ཁྲིད་ཀྱང་བསྩལ།  ཁྱད་པར་དུ་པྲ་ཏིའི་སུམ་རྟགས་ནི་སྔ་འགྲེལ་རྣམས་ཀྱི་བཅུད་བསྡུས་ཤིང་ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ལེགས་གསུང་ཇི་སྙེད་ཅིག་མཆིས་པས།  གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་ཀྱིས་མགྲིན་གཅིག་གིས་མཐེ་བོང་བསྒྲེང་བྱ་གཅིག་པུར་གྲུབ་ལ།  དེ་བས།  ཀུན་མཁྱེན་འཇིགས་མེད་དབང་བོས།  གཞུང་ལུགས་རྩིག་འོད་དཀའ་གནད་འབོད་གྲོགས་ཀྱི།། གཟུགས་བརྙན་འབུམ་དུ་ཤར་ཡང་མ་འདྲེས་པར།། སྟོན་མཁས་གནས་ལྔ་མཐར་སོན་པཎྜི་ཏ།། རིན་ཆེན་དོན་གྲུབ་མཚན་ཅན་རྟག་ཏུ་རྒྱལ།། གང་གི་རྣམ་པར་དཔྱོད་པའི་མཁའ་དབྱིངས་ལས།། གངས་ཅན་བརྡ་སྤྲོད་དགོངས་འདྲེན་ཉིན་མོ་བྱེད།། ལེགས་བཤད་འོད་སྟོང་དང་བཅས་ཤར་བའི་ཚེ།། རྣམ་བཤད་གཞན་དག་མེ་ཁྱེར་བཞིན་དུ་གྱུར།། ཞེས་དང་།  ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་ཀྱང་།  འཇམ་དབྱངས་ཐོན་མིའི་བཞེད་གཞུང་རིན་ཆེན་ནོར།། སྔོན་མེད་དགོངས་འགྲེལ་རྒྱལ་མཚན་རྩེར་བཀོད་ནས།། དགེ་ལེགས་འདོད་དགུའི་ཆར་གྱིས་རང་གཞན་དོན།།ལྷུན་གྲུབ་ལྔ་རིག་སྨྲ་བ་དེ་བསྔགས་འོས།། ཞེས་གཟུར་གནས་ཀྱི་གསུང་འབྱོན་ཡོད་ལ།  པྲ་ཏིའི་ཀུན་བཟང་དགོངས་རྒྱུན་གྱི་ཁྲིད་རྒྱུན་ཡང་།  པྲ་ཏི་དགེ་བཤེས་ཆུང་བ་བློ་བཟང་དཔལ་ལྡན་ནམ་བློ་བཟང་དགེ་ལེགས་ལ་གནང་ལ།   དེ་ནས་རིམ་བརྒྱུད་དུ་བྱུང་བ་ད་ལྟའི་བར་དུ་རང་ཅག་མངའ་བ་འདི་དང་།  དེ་ལས་གཞན་པྲ་ཏི་རིན་པོ་ཆེ་སེ་རར་བཞུགས་སྐབས།  ཅོ་ནེ་ས་རིས་པ་བསོད་ནམས་རྒྱལ་མཚན་དང་།  མཛོ་མོ་མཁར་བ་རབ་འབྱམས་པ་སྨོན་ལམ་ལྷུན་གྲུབ།  སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་ལ་ཐ་སྙད་རིག་གནས་ཀྱི་སྐོར་མང་དུ་འཆད་ཁྲིད་གནང་བ་དང་།  ལྷག་པར་དུ།  གཉལ་གྱི་བཙུན་པ་བློ་བཟང་ནོར་བུས་པྲ་ཏིའི་རིན་པོ་ཆེ་དྲུང་དུ་རིག་གནས་སྐོར་མང་དུ་སྦྱངས་ཤིང་།  བཙུན་པ་བློ་བཟང་ནོར་བུས་བརྩམས་པའི་<བོད་ཀྱི་བརྡ་ནས་རྟོགས་པར་དཀའ་བའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་བློ་གསལ་ཀུན་ཏུ་དགའ་བའི་འཁྲི་ཤིང>ཞེས་པ་ཡང་པྲ་ཏི་རིན་པོ་ཆེ་སྤྱན་ཞུས་ཕུལ་ཞིང་།  ད་དུང་པྲ་ཏི་རིན་པོ་ཆེས་མ་དག་པ་རྣམས་བཅོས།  གསལ་ཁ་མ་ཐོན་པ་ལ་མཆན་བུ་སོགས་ཀྱང་བཏབ་བོ།། གང་ལྟར་བྲ་ཏི་རིན་པོ་ཆེ་ཞལ་བཞུགས་པའི་དུས་ཐོག་དེར་གྲྭ་ཚང་གཅིག་པུ་ཙམ་མ་ཡིན་པར་བོད་ཁམས་ཀྱི་མཁས་པ་ཆེན་པོ་ཆགས་ཡོད།

པྲ་ཏི་དགེ་བཤེས་ཚང་དབུས་ཀྱི་སྐེད་ཚང་རི་ཁྲོད་དུ་བཞུགས་སྐབས།  རྒྱལ་བ་ཚངས་དབྱངས་པར་སྤྲུལ་སྐུ་དོགས་གཞི་ཅན་གཉིས་བྱུང་བ་ལས།  ལྷོ་ཁ་ངོས་སུ་བྱུང་བ་དེ་པྲ་ཏི་དགེ་བཤེས་ཀྱིས་སྐེད་ཚང་རི་ཁྲོད་དུ་བླངས་ཏེ་བདག་གཉེར་གནང་བའི་ལོ་རྒྱུས་ཀྱང་ཡོད། དེ་ལས་གཞན།  རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་།  སེ་ར་བློ་བཟང་སྦྱིན་པ།  ཆབ་མདོ་འཕགས་པ་ལྷའི་སྤྲུལ་སྐུ་སོགས་ལ་གསུང་འཕྲིན་ཕུལ་བའང་ཡོད།

བྲ་ཏི་རིན་པོ་ཆེའི་བུ་སློབ་ལ།   ཅོ་ནེ་གྲགས་པ་བཤད་སྒྲུབ།  མཛོ་མོ་མཁར་བ་སྨོན་ལམ་ལྷུན་གྲུབ།  བྲ་ཏི་བློ་བཟང་དགེ་ལེགས་སོགས་མཆིས། 

གསུང་རྩོམ་གྱི་སྐོར་ལ།   དྲང་ངེས་ཟིན་བྲིས་དང་།  ལམ་རིམ་ཉམས་ཁྲིད།  སུམ་རྟགས་འགྲེལ་བ་ཀུན་བཟང་དགོངས་རྒྱན་སོགས་པོད་གཅིག་བཞུགས་ལ།  དེའི་དཀར་ཆག་དང་བཅས་པ།  ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་མཛད་པའི་<བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ>ཞེས་པར་ཆོས་ཚན་མི་འདྲ་ཉེར་བརྒྱད་དང་། དེ་རེ་རེར་ཤོག་གྲངས་དུ་བཞུགས་གསལ་བར་བཀོད་ཡོད་པ་དང། ཡང་<ཞྭ་སེར་བའི་སྐྱེས་ཆེན་དམ་པའི་གསུང་འབུམ་དཀར་ཆག་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་>ཞེས་པ་ན་ཆོས་ཚན་མི་འདྲ་བཅུ་གཉིས་ཀྱི་མཚན་བྱང་དང་ཤོག་གྲངས་བཅས་བཀོད་ཡོད་དོ།། ད་དུང་དཀར་ཆག་དེ་གཉིས་ཀྱི་གྲས་སུ་མ་ཚུད་པ།  དག་ཡིག་སྨྲ་བའི་སྒྲོན་མེ།  སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་སོགས་ཀྱང་མཛད་ཡོད་པར་མཁས་དབང་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཀྱིས་གསུངས་སོ།།

ཚུལ་འདི་དག་ལ་དགོངས་ནས།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཆེན་རྭ་བསོད་ནམས་དབང་རྒྱལ་གྱིས།  པྲ་ཏི་དགེ་བཤེས་ཆེ་བ་སྦྱངས་སྟོབས་དང་མཁྱེན་པ་རྒྱ་ཆེ་ཞིང་།  ལྷག་པར་དུ་སུམ་རྟགས་ལ་མཁས།  ཞེས་པྲ་ཏི་རིན་པོ་ཆེའི་སྐུ་ཡོན་ལ་བསྔགས་བརྗོད་གནང་ཡོད་དོ།།

སྤྱིར་ན།  བྲ་ཏི་རིན་པོ་ཆེའི་རྣམ་ཐར་འབྲི་གནང་མཛད་མེད་པ་དང་།  སྒོས་སུ་ཁོང་གི་རྣམ་ཐར་ལ་རྒྱུ་ཆ་དཀོན་ཞིང་རྒྱུས་མངའ་མེད་རྐྱེན།  རྣམ་ཐར་ཚགས་དམ་པ་ཞིག་འོང་དཀའ་ནའང་།  དམ་པ་ཁོང་གི་ལེགས་བཤད་ལ་ཐོས་སོགས་འཇུག་པ་བྱ་འདོད་པ་དག་ལ།  ཁོང་གི་མཛད་རྣམ་འདི་ཧ་ཅང་མཁོ་བར་བསྟུན།   ཕྲན་གྱིས་དོན་གཉེར་ཅན་འགའ་ལ་པྲ་ཏིའི་སུམ་རྟགས་ཀྱི་ཁྲིད་རྒྱུན་བསྩལ་སྐབས།  བསྡུ་སྒྲིག་བྱས་པ་དོན་ཡོད་པར་གྱུར་ཅིག།   །། 

 

    པྲ་ཏིའི་རྣམ་ཐར་གྱི་དཔྱད་གཞི་རྒྱུ་ཆ་རེ་འགའ་ལག་སོན་བྱུང་བས།  སྔོན་མའི་རྣམ་ཐར་ལ་ཁ་སྐོང་མཛད་པའོ།།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

 

བརྒྱུད་འགོད།