དྷཱིཿ ཚ་དགོན་པའི་ཁྲི་རབས་བཞི་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ།
གདན་རབས་ཚིགས་བཅད་མ་ལས།
ཁྲི་ཐོག་བཞི་བ་རྡོ་རྗེ་འཆང་ཉིད་ཀྱི། །
མཆོག་སྤྲུལ་སྨྲ་བའི་ཉི་མ་འགྲོ་བའི་མགོན། །
བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་ཡིས། །
མི་འཇིགས་སེངྒེའི་ཁྲི་ལ་དབང་བསྒྱུར་རོ། །ཞེས་བྱུང་།
ཁྲི་རབས་བཞི་བ་བཅོམ་ལྡན་འཁོར་ལོ་སྡོམ་པ་ཡབ་ཡུམ་གདུལ་བྱའི་དོན་དུ་ངུར་སྨྲིག་གི་ཟློས་གར་བསྒྱུར་པ། ཡབ་རྗེ་རྡོ་རྗེ་འཆང་སཾ་གྷའི་མཚན་ཅན་སླར་ཡང་ཡང་སྲིད་གསར་བའི་གར་དུ་རྩེན་པ། བདག་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་ཞྭ་དམར་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་ཡིན་ལ། རྗེ་བཙུན་བླ་མ་འདི་ཉིད་ཀྱི་གཟུགས་སྐུའི་མེ་ཏོག་གསར་དུ་བཞད་པའི་ཡུལ་ནི་མདོ་སྨད་བྱང་རྒྱུད་ཀྱི་འཇུ་ལག་མཐོན་པོ་བཅུ་གསུམ་ཏུ་གྲགས་པའི་ནང་ཚན་གངས་དཀར་ནོར་བུ་བཟང་བོའི་ཉེ་འགྲམ་དུ་དད་པ་དང་གཏོང་བའི་ནོར་གྱིས་མཛེས་པའི་འབྲོག་སྡེ། གནའ་བོའི་དུས་ནས་སྙན་གྲགས་ཀྱི་རྒྱལ་མཚན་མཁའ་ལ་གཡོ་བའི་ཨ་རིག་ཆུ་སྟོད་མར། སྡེ་དེ་གའི་ཚོ་ཁག་གཅིག་གི་དཔོན་པོ་འགྱུར་མེད་དུ་གྲགས་པ་དཔའ་ཞིང་མཛངས་ལ་རྟུལ་ཕོད་པ། མཆོག་གསུམ་བླ་མར་འཛིན་པའི་དད་གུས་ཀྱིས་གདན་ས་འདི་དང་ཕྱོགས་ཀྱི་འདུས་སྡེ་མང་བོར་བསྙེན་བཀུར་རྒྱུན་དུ་བྱས་པས་བསྟན་པའི་སྦྱིན་བདག་ཆེན་པོར་གྱུར་པ་དེ་ཉིད་ཀྱི་བུ་རྨ་རྒྱལ་དོན་འགྲུབ་དང་། དེའི་ཆུང་མ་ཕུར་བཟའ་ཚེ་རིང་སྐྱིད་ཅེས་པ་བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་དད་པ་དང་གཏོང་བའི་ནོར་གྱིས་མཛེས་པ་སོགས་བསྔགས་པར་འོས་པའི་ཡོན་ཏན་མང་བོ་དང་ལྡན་པ་དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་སྟག་སྤྱི་ལོ་༡༩༡༤ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས།
དགུང་ལོ་དྲུག་ཏུ་སོན་པ་ས་ལུག་སྤྱི་ལོ་༡༩༡༩ལོར་ཀུན་གཟིགས་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོས་རྡོ་རྗེ་འཆང་སཾ་གྷའི་ཞབས་ཀྱི་མཆོག་སྤྲུལ་དུ་ཐག་བཅད་པའི་བཀའ་གླེགས་ཕྱག་རྒྱའི་རེ་ཁཱས་སྤྲས་པ་སློབ་འབངས་ཡོངས་ཀྱི་སྤྱི་བོའི་རྒྱན་དུ་འབྱོར་བས་དབུལ་བོས་གཏེར་རྙེད་པ་ལྟ་བུའི་སྤྲོ་དགའི་རླབས་ཕྲེང་མཁའ་ལ་ལུད་པའི་སྐལ་བཟང་མངོན་དུ་གྱུར།
སྔོན་ཤིང་སྦྲུལ་སྤྱི་ལོ་༡༩༠༥ལོར་རྡོ་རྗེ་འཆང་ཨོ་བསྭོ་དགོན་དུ་བཞུགས་སྐབས་ཨ་རིག་དཔོན་པོ་འགྱུར་མེད་ནས་ངའི་བུ་རྨ་རྒྱལ་དོན་འགྲུབ་ཟེར་བ་རང་བཞིན་བཟང་བོ་ཅན་ཞིག་ཡིན་སྟབས་དཔོན་ས་སྐྱོང་དཀའ། དེང་སང་གི་དཔོན་པོ་ལ་སྐྱིད་ཅུང་ཟད་ཀྱང་མེད། ཁོ་རང་ཡང་སེར་མོ་བྱེད་རྒྱུར་དགའ་བས་ངའི་དཔོན་ས་འདི་གཞན་ཞིག་ལ་སྤྲད་དེ་བུ་སེར་མོ་ཞིག་བྱས་ན་ཞེས་ཡང་ཡང་ཞུས་ཀྱང་བཀོད་ཁྱབ་གཏན་ནས་མ་གནང་། རྒད་པོས་ཨུ་ཚུགས་ཀྱིས་དྲུང་ཡིག་པ་རྗེ་གསེར་ལག་པར་ཞུར་བཅུག་པར། ཁྱེད་ཚོ་གླེན་པ་རེད། འདི་བཟང་རུང་ངན་རུང་ཨ་རིག་དཔོན་ཁག་ཅིག་ཡིན་པས་དེ་འདྲ་བྱེད་ག་ལ་རུང་གསུངས་ནས་ལྗགས་བཀོད་གཏན་ནས་མ་གནང་བ་ལ། དཔོན་པོ་འགྱུར་མེད་ནས་ད་ཁོ་རང་ལ་སེར་མོ་བྱེད་རྒྱུའི་ལས་མེད་ན་ཁྱིམ་སོ་ཞིག་ཀྱང་འཛིན་དགོས་པས་ཞལ་བཀོད་ཅིག་གནང་དགོས་ཞེས་བུད་མེད་འགའ་ཞིག་གི་མིང་ཞུས་པར་དགྱེས་བཞིན་བརྟགས་པ་གནང་སྟེ་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེའི་མ་ཡུམ་འདི་ལེགས་ཚུལ་དང་རིམ་གྲོ་སོགས་ཀྱང་ཞིབ་མོར་ལྗགས་བཀོད་གནང་སོང་བས། རྗེ་གསེར་ལག་པའི་ཐུགས་ལ་ཡ་མཚན། ད་སྔ་ཡན་ཆད་རབ་བྱུང་བྱེད་མཁན་ལ་བཀག་ཆ་དང་ཁྱིམ་སོ་འཛིན་པ་ལ་ལྗགས་བཀོད་གནང་བ་ལྟ་བུ་གོ་མ་མྱོང་ཡང་། དཔོན་པོ་འགྱུར་མེད་འདི་དད་པ་ཆེ་བ་དང་། ཁོང་རིན་པོ་ཆེ་ཡང་འདི་ལ་ཐུགས་ཤིན་ཏུ་བརྩེ་བའི་སྟབས་ཡིན་རྒྱུ་རེད་སྙམ་པ་ལས་མ་ཤར་ཡང་། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་མཆོག་སྤྲུལ་རིན་པོ་ཆེར་ཐག་བཅད་པའི་ཚེ་བླ་མ་རྡོ་རྗེ་འཆང་གི་དགོངས་བཞེད་ངོ་འཕྲོད་པ་བྱུང་སྟེ་མཆོག་ཏུ་དད་པར་གྱུར་ཚུལ་རྣམ་ཐར་ཆེན་མོར་གསལ་བ་ལྟར་རོ། །ཁྲུམས་ཟླའི་ཡར་ཚེས་དགེ་བར་གོང་ས་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ། རྗེ་གོང་མའི་ཞམ་རིང་བ། གདན་ས་གསར་རྙིང་གི་བླ་མ་དང་གྲྭ་རྒན་འགའ་བཅས་འཁྲུངས་གཞིས་སུ་ཕེབས་ཏེ་ཐོག་མའི་ལེགས་དར་བཏེགས། དགུང་ལོ་བདུན་བཞེས་པ་ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལོར་སྲིད་ཞིའི་གཙུག་རྒྱན་གོང་ས་ཞབས་དྲུང་རིན་པོ་ཆེ་དགེ་འདུན་བསྟན་འཛིན་ནོར་བུ་ལས་རབ་ཏུ་བྱུང་ཞིང་། བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་ཞེས་པའི་མཚན་གསོལ། གདན་ས་རྙིང་བ་ལཱ་མོ་བདེ་ཆེན་གྱི་སེངྒེའི་ཁྲི་ལ་ཞབས་སྐྱེས་བཀྲ་ཤིས་ཀྱི་རི་མོ་ཉེ་བར་བཀོད་དེ་ཆོས་ཀྱི་དགའ་སྟོན་བགྱིས། ཕྲལ་སྦྱོར་གྱི་ཀློག་དང་ཆོས་སྤྱོད་སྐོར་ཆོ་གའི་རིམ་པ་དུ་མ་བསླབས་ཤིང་ཐུགས་འཛིན་གནང་། དགུང་ལོ་བཅུ་གཅིག་པ་ཤིང་བྱི་སྤྱི་ལོ་༡༩༢༤ལོར་ཆོས་གྲྭ་ཆེན་པོ་བདེ་ཆེན་ཆོས་གླིང་དུ་ཚོགས་ཞུགས་གནང་ཞིང་འདུས་སྡེ་རིན་པོ་ཆེར་མང་འགྱེད་སོགས་ཀྱི་བསྙེན་བཀུར་གྱ་ནོམ་པ་བསྟབས།
དགུང་ལོ་བཅུ་བཞི་བ་རབ་རྒྱན་མེ་ཡོས་སྤྱི་ལོ་༡༩༢༧ལོར་གོང་ས་ཞབས་དྲུང་རིན་པོ་ཆེའི་བཀའ་བཞིན་མདོ་སྨད་བཤད་སྒྲུབ་ཀྱི་སྡེ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ། འཇམ་མགོན་བླ་མའི་རྣམ་སྤྲུལ་སྙན་བརྒྱུད་གདམས་པའི་མཛོད་འཛིན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོའི་ཞབས་པད་བསྟེན་ནས་བཞི་བའི་ཚེས་ཉེར་ལྔ་ཉིན་ནས་ཁོང་གིས་ཞུས་ངོར་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། འཇམ་དབྱངས་དཀར་བོའི་ལས་ཚོགས་དང་། དབྱངས་ཅན་མའི་ལས་ཚོགས་གཉིས་ཀྱི་ཁྲིད་སོགས་དང་། གཞན་མི་ཏྲ་དང་སྒྲུབ་ཐབས་རྒྱ་མཚོ་སོགས་སྤྱི་བཀའ་དང་ཟུར་བཀའི་དབང་རྗེས་གནང་མང་བོ་དང་། རྗེའི་ལམ་སྔགས་གཉིས་ཀྱི་ཁྲིད་སོགས་བཤད་ལུང་དང་ཁྲིད་ཀྱི་སྐོར། འཇམ་མགོན་བླ་མ་ཡབ་སྲས་གསུམ་གྱི་བཀའ་འབུམ་གྱི་ལུང་སོགས་བཀླག་ལུང་གི་སྐོར་ཏེ། མདོར་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་རྣམ་དག་མཐའ་ཡས་པ་གསན་བཞེས་གནང་ནས་ལེགས་གསུང་བདུད་རྩིའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད།
དགུང་ལོ་བཅུ་བདུན་པ་ལྕགས་རྟ་སྤྱི་ལོ་༡༩༣༠ལོར་གདན་ས་ཆེན་པོ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་ཏེ་ཁྲི་སྟོན་རྒྱ་ཆེར་སྤེལ། སྐབས་དེར་ཆོས་བཀའ་བ་མ་ཏི་ཟི་གྲགས་པ་རྒྱ་མཚོ་ཁོང་གིས་སྔ་སོར་ཆོས་རྗེའི་ཤག་རྡོ་ཚད་གསུམ་གྱིས་ཉོས་པ་ལ། རྒྱབ་ཀྱི་རྭ་སྐོར། གསོལ་ཐབ། ཐོག་ཁང་། ལག་སྣོད། རྟ་རྭ་སོགས་བསྐྱར་སྐུན་མང་བོ་བྱས་པའི་ཁང་བ་རྭ་སྐོར་གསུམ་པོ་མཆོག་སྤྲུལ་རིན་པོ་ཆེར་གཟིམ་ཁང་དུ་ཕུལ་ཅིང་། དེར་བཞུགས་སྐབས་གསེར་ཕྲེང་སོགས་ཡིག་ཆ་པོ་ཏི་ལྔ། གསོལ་དཀར་སིལ་གྱིས་གང་བ། མདུན་ཅོག་ཆ། གསོལ་ཁྲོ། བཞུགས་གདན་སོགས་མཁོ་བའི་ཡོ་བྱད་རྣམས་ཕུལ།
གཞུང་བརྒྱའི་མངའ་བདག་ཁ་སྒང་བ་དོན་གྲུབ་རྒྱ་མཚོ་ཚང་ཡོངས་འཛིན་དུ་བསྟེན་ཏེ། བསྡུས་གྲྭ་ནས་ཕར་ཕྱིན་སོགས་བཀའ་པོད་མང་བོའི་མཛུབ་ཁྲིད་གསན་ཅིང་བསྡུས་ཚད་ནས་དབུ་བརྩམས་ཏེ་རིམ་པ་བཞིན་གཞུང་མང་བོའི་དོན་ཆོས་གྲྭར་བརྒལ་བརྟགས་ཀྱིས་གཏན་ལ་ཕབ་སྟེ། རྟོག་གེ་ཁེངས་པ་ཅན་ཀུན་གྱི་སྤོབས་པ་རྨེག་མེད་དུ་བཅོམ་ཞིང་བློ་གསལ་རིགས་པ་སྨྲ་བའི་ཚོགས་ལ་རིགས་ལམ་དྲི་མ་མེད་པའི་སྐྱེས་བཟང་བཀའ་དྲིན་དུ་བསྩལ།
དགུང་ལོ་ཉེར་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོའི་དུས་ཚེས་དགེ་བར་རྒྱལ་ཚབ་རིན་པོ་ཆེ་དང་འདུས་སྡེའི་རྒན་མང་བཅས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར་དཔལ་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་ལུགས་གཉིས་ཀྱི་སྲོལ་བཟང་མི་ཉམས་པར་སྐྱོང་བའི་ཁུར་བཞེས་ཤིང་། ཆོས་ཀྱི་ཁྲི་ལ་ཞབས་སྐྱེས་པདྨའི་རྡུལ་ཕྲེང་ཉེ་བར་བཀོད་དེ། ལྷ་དང་བཅས་པའི་སྐྱེ་དགུའི་གཙུག་རྒྱན་དམ་པར་གྱུར།
གདན་རབས་ཚིགས་བཅད་མ་ལས།
ལོ་ངོ་དུ་མར་ཆོས་སྲིད་གཉིས་ཐད་ནས། །
བསྐྱངས་པའི་བཀའ་དྲིན་གཟུགས་སུ་གྱུར་པ་ན། །
སྟོང་གསུམ་ཕྱོགས་ཀྱི་འཁོར་ལོའི་ཁྱོན་འདི་ཡང་། །
སྣོད་དུ་ཆུང་ངམ་སྙམ་པ་ངང་གིས་སྐྱེས། །ཞེས་བྱུང་།
འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཨ་ལགས་བླ་ཁོ་རིན་པོ་ཆེ་དེ་ཉིད་ཀྱིས་མཁན་པོ་དང་། གཞན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ལས་ཀྱི་སློབ་དཔོན་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་ཏེ་འདུལ་འཛིན་བྱེ་བའི་གཙུག་རྒྱན་དམ་པར་གྱུར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཁ་སྒང་བ་དོན་འགྲུབ་རྒྱ་མཚོ་ཚང་ལས་བཀའ་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་འབུམ་སྐོར་མང་བོ་སོགས་ཀྱི་ཆོས་རྒྱུན་གསན། ཡོངས་འཛིན་གཡོན་རུའི་བློ་བཟང་རབ་རྒྱས་ཚང་ལས་ཀྱང་བཀའ་ཆོས་གསན་བཞེས་གནང་། དེ་ལྟར་བཤེས་གཉེན་དམ་པ་དུ་མ་བསམ་སྦྱོར་དག་པས་བསྟེན་པ་ལས་སྐུ་ཡོན་གྱི་ཁོ་ལག་ཡོངས་སུ་རྒྱས་པས་ལོ་ངོ་དུ་མར་ཆོས་སྲིད་གཉིས་ཀྱི་ཐད་ནས་བསྐྱངས་པའི་བཀའ་དྲིན་གཟུགས་སུ་མཆིས་པར་གྱུར་པ་ན་སྟོང་གསུམ་གྱི་ཕྱོགས་ཀྱི་འཁོར་ལོའི་ཁྱོན་འདི་ཡང་སྣོད་དུ་ཆུང་ངམ་སྙམ་པའི་དད་གུས་ངང་གིས་སྐྱེས་སོ་ཞེས་པའོ། །
གདན་རབས་ཚིགས་བཅད་མ་ལས།
འདུ་ཁང་ཞིག་གསོས་ཆོས་གྲྭ་ཉིས་ཐོག་བྱས། །
ར་ནག་ཁག་གསུམ་ཕྱོགས་ཀྱི་སྦྱིན་བདག་གིས། །
ཕུལ་བའི་དངུལ་སྒོར་ཁྲི་ཕྲག་མང་བོ་བཅས། །
ཆོས་ཐོག་སོ་སོའི་གཏོང་ཐེབས་ཉིད་དུ་སྦྱར། །
གཟིམ་ཁང་གོང་མའི་མཆོད་ཁང་གྱན་ལྔ་བ། །
ཉིས་ཐོག་ནང་རྟེན་སྟོན་པ་སྨན་བླ་སོགས། །
སྨན་བླའི་ཐུགས་ཀར་ངོ་མཚར་བདུད་རྩི་བབས། །ཞེས་བྱུང་།
སྡེ་འདིའི་འདུ་ཁང་ཆེན་མོ་ཞིག་གསོ་བགྱིས་པ་དང་། ཆོས་གྲྭ་རྒྱ་བསྐྱེད་དེ་ཉིས་ཐོག་རྒྱ་ཆེ་བ་ཞིག་ཀྱང་བཞེངས། སྦྲ་ནག་གི་ཡོན་བདག་རྣམས་ཀྱིས་ཕུལ་པའི་དངུལ་སྲང་སྟོང་ཕྲག་མང་བོ་ཆོས་ཐོག་སོ་སོའི་གཏོང་ཐེབས་སུ་སྦྱོར་འཇགས་མཛད་ཅིང་། ས་ཡོས་སྤྱི་ལོ་༡༩༣༩ལོར་གཟིམ་ཁང་བདེ་ཡངས་ཕོ་བྲང་དང་མཆོད་ཁང་གྱན་ལྔ་བ་ཉིས་ཐོག་དང་གཞན་ཁེར་ཐོག་ཡིན་པའི་ནང་ཆེན་གསར་དུ་བསྐྲུན། གཟིམ་ཁང་དང་མཆོད་ཁང་གྱན་ལྔ་བ་ཉིས་ཐོག་ཅན་ཚོམས་ཁང་བཅས་ནང་ཆེན་གསར་སྐྲུན་མཛད་དེ་གྲྭ་རིགས་སེང་གཤོང་བསྟན་པ་རྒྱ་མཚོ་ལྷ་དཔོན་དང་རྗེ་ཞོ་འོང་བ་ཕུན་ཚོགས་དར་རྒྱས་ཚང་སོགས་གྲྭ་རིགས་སྐོར་ཞིག་གིས་གསེར་ཚོན་ཕུལ། སྐབས་དེར་ལྷ་དཔོན་གྱིས་ལྷ་ཚངས་པ་དང་། རྗེ་ཞོ་འོང་བས་བརྒྱ་བྱིན་བཞེངས་པ་ལྷ་བཟོའི་ལག་རྩལ་དང་ཁྱད་འབྱེད་མ་ནུས་པ་ཀུན་གྱིས་ངོ་མཚར་བ་གླེང་ཞེས་ཁོང་གི་ཞལ་ལས་ཐོས། ནང་རྟེན་གཙོ་བོ་སྨན་བླའི་ཐུགས་ཀར་བདུད་རྩི་རྒྱུན་དུ་འབབ་བཞིན་པས་གཙོས་སྐུ་གསུང་ཐུགས་རྟེན་མང་བོ་བཞེངས། ལྷ་རམས་པ་ཆེན་མོ་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་རྗེ་བཙུན་ཤེས་རབ་རྒྱ་མཚོ་ཚང་སྡེ་འདིར་ཕེབས་ནས་གྲྭ་ཚང་རིན་པོ་ཆེ་ནས་དམ་བཅའ་ཆེན་མོ་འཚོགས་ཏེ་དམ་པའི་ཆོས་ཀྱི་བགྲོ་གླེང་གི་མཆོད་སྤྲིན་ཕུལ་པས་ཐུགས་དགྱེས་ཚོར་གནང་།
གདན་རབས་ཚིགས་བཅད་མ་ལས།
རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །
འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཞེས་བྱ་བ། །
རིགས་ཀྱི་བདག་པོར་བསྟེན་ནས་ཆོས་ཀྱི་རྒྱུན། །
མང་དུ་གསན་པས་ཆོས་ཀྱི་མངའ་བདག་གྱུར། །ཅེས་བྱུང་།
ཕྱིས་ཁོང་ཨ་ལགས་རིན་པོ་ཆེ་འདི་ཉིད་གདན་ས་འདིར་ཕྱགས་ཕེབས་པའི་སྤྱན་སྔར་ཀྱང་ཆོས་རྒྱུན་མཐའ་ཡས་པ་གསན་ཏེ་འགྲན་ཟླ་མེད་པའི་རིགས་ཀྱི་བདག་པོ་གཅིག་པུར་བཞེས་ཤིང་དམ་པ་འདི་ཉིད་ཀྱིས་བསྐུལ་ཏེ། རྡོ་རྗེ་འཆང་གི་བཀའ་སྲོལ་བཀའ་པོད་ལྔ་ལ་སློབ་གཉེར་མི་ཉམས་གོང་འཕེལ་དུ་གཏོང་བ་ལ་འཛིན་སྐྱོར་སྦྱང་དཔེ་ཁྲིད་དཔེ་ལྟོས་སོགས་གནང་དགོས་ཚུལ་ཀྱི་ཐབས་གང་མང་མཛད། ཨ་ལགས་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཁོང་ལ་དམ་པ་གང་གིས་བསྐུལ་པ་ལྟར་བཀྲ་ཤིས་ཆོས་སྡིངས་ཀྱི་བཅའ་ཡིག་བླང་དོར་རབ་གསལ་ཞེས་པ་ལྗགས་རྩོམ་གནང་། ཁོང་ཨ་ལགས་རྡོ་རྗེ་འཆང་གིས་འདི་གའི་བཅའ་ཡིག་གིས་གཙོས་ཉིད་ཀྱི་བཀའ་རྩོམ་རྣམས་སུ་ཆོས་སྡེ་འདིའི་མཚན་འགོད་སྐབས་དྷཱིཿཚ་ཞེས་འཇམ་པའི་དབྱངས་ཀྱི་ས་བོན་བྲིས། འདི་ཙམ་གྱིས་ཀྱང་ཐུགས་ལ་བཏགས་པའི་རྟགས་དང་རྟེན་འབྲེལ་གྱི་གནད་ཁྱད་པར་བ་ཞིག་མངོན་པར་དམ་པ་གོང་མ་རྣམས་གླེང་། འདི་ནས་བཟུང་དྷཱིཿཚ་ཞེས་པའི་འབྲི་སྲོལ་ཡང་བྱུང་ངོ་། །
ཡབ་རྗེ་རྡོ་རྗེ་འཆང་འདས་རྗེས་ཨ་ལགས་རིན་པོ་ཆེ་འདི་ཉིད་ཆོས་སྡེ་ཆེན་པོ་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་སྟབས་ཁོང་ཨ་ལགས་རྡོ་རྗེ་འཆང་ཞེས་པ་ལས་མཚན་རྗེན་པར་འཛིན་མཁན་ཙམ་ཡང་མེད་པར་བགྲེས་གཞོན་ཀུན་གྱིས་རྡོ་རྗེ་འཆང་སཾ་གྷའི་མཚན་ཅན་དང་མཉམ་པར་བཀུར་སྟི་བྱས་པ་ཡིན། སྤྱིར་གདན་ས་དམ་པ་འདིའི་བགྲེས་གཞོན་སུ་ཡིན་ཡང་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱི་མཚན་རྗེན་པ་ནས་མི་འཛིན་པར་བླ་མ་རྡོ་རྗེ་འཆང་། སྐུ་ཕྱོགས་ཐུགས་རྗེ་ཅན་ཁོང་ཨ་ཁུ་བཀའ་དྲིན་ཅན་ཞེས་འབོད་པ་འདི་ཙམ་ཡང་དགོན་སྡེ་རེ་འགའ་ལས་ཆེས་ཁྱད་པར་འཕགས་པའི་སྲོལ་བཟང་བོ་ཞིག་ཡིན་ལ། དེ་ཙམ་དུ་མ་ཟད་གདན་ས་འདིའི་སྔོན་བྱོན་རྣམས་ཀྱིས་བསམ་སྦྱོར་དག་པས་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་ལ་བརྟེན་ནས་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་ལ་འདོད་དགུར་དབང་བསྒྱུར་བ་ཡིན་གཤིས། ཆོས་སྡེ་འདི་བཏབ་ནས་དུས་ཡུན་ཆེས་མི་རིང་ན་ཡང་བཀའ་པོད་ལྔའི་འཆད་ཉན་གྱིས་མཚོན་པའི་བཤད་སྒྲུབ་ཀྱི་སྲོལ་མ་ལུས་པ་ཡར་ངོའི་ཟླ་བ་དང་མཚུངས་པར་གྱུར་པ་ཡང་དམ་པ་འགའ་ཞིག་གི་གསུང་སྒྲོས་ལས། དྷཱིཿཚའི་ཡིག་ཆ་བཟང་བའི་རྐྱེན་ཁོ་ན་མ་ཡིན་པར་བླ་མ་མཚན་ཉིད་དང་ལྡན་པ་དང་སློབ་མ་སྣོད་དང་ལྡན་པ་དག་མཉམ་དུ་འཛོམས་ནས་འདི་འདྲ་ཡོང་བ་ཡིན་ཞེས་བྱུང་བ་ཡང་ངེས་པ་དོན་ལ་གནས་ཤིང་དེ་འདྲའི་རྟེན་འབྲེལ་ཁྱད་པར་ཅན་མང་བོ་འགྲིག་པ་ལ་བརྟེན་ནས་བྱུང་ཚུལ་ཤེས་པར་བྱའོ། །
དེ་ནས་བཟུང་རྡོ་རྗེ་འཆང་ཡབ་སྲས་ཀྱིས་ལེགས་པར་བཙུགས་པ་གནང་བའི་ལམ་སྲོལ་བཞིན་བཀའ་པོད་ལྔ་ལ་སློབ་གཉེར་མཐའ་ཆོད་པ་བྱེད་པའི་གོ་སྐབས་མེད་པའི་རྒན་པ་རྣམས་ལ་ཐོས་བསམ་གྱི་དོན་རང་རྒྱུད་ལ་བསྐོར་ནས་ཉམས་སུ་ལེན་པའི་ཚུལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་ཚུལ་གཙོ་བོར་འཁྲིད་ཅིང་། བློ་གསལ་བའི་བར་ཤོད་དང་གཞོན་ནུ་རྣམས་ཀྱིས་བསྡུས་གཞུང་བློ་རྟགས་སོགས་ཀྱི་འཛིན་གྲྭ་མང་བོ་བརྒྱུད་ནས་ཚུལ་གསུམ་གྱི་གཏན་ཚིགས་ལ་བརྟེན་ཅིང་། བརྒལ་བརྟག་འཕྲུལ་གྱི་ལྡེ་མིག་མ་བོར་བར་དབུ་ཕར་མཛོད་འདུལ་གྱི་གཞུང་དོན་སྒོ་ཟྭ་འབྱེད་ནུས་པ་ཞིག་དང་། དེ་ཡང་ཀུན་མཁྱེན་འཇིགས་མེད་དབང་བོས། གཞུང་ཚིག་བློར་འཛིན་མི་བྱེད་གཞུང་གི་དོན། །དཔེ་ཀློག་ཙམ་གྱིས་ཤེས་འདོད་གད་མོའི་གནས། །གཉིད་དང་འདུ་འཛི་སྙོམས་ལས་རྣམས་སྤངས་ཏེ། །རྒྱུན་ཏུ་སྐྱོར་སྦྱོང་མཛོད་ཅིག་གྲོགས་པོ་དག །ཅེས་ཇི་ལྟར་གདམས་པ་ལྟར་བཀའ་པོད་ལྔའི་རྩ་འགྲེལ་མཐའ་དཔྱོད་ཟུར་བཀོལ་བཅས་ལ་འཛིན་སྐྱོང་སྦྱང་དཔེ་ཁྲིད་བརྒལ་བརྟག་གཙོ་བོར་གནང་བའི་སྒོ་ནས། རིགས་ལམ་གྱི་འགྲོས་དང་མཐུན་པའི་གཞུང་དོན་རྟོགས་པའི་ཐབས་ལ་ཇི་ལྟར་འབད་ཚུལ་གྱི་རིམ་པ་མཐའ་དག་གསུང་བཤད་དང་བསླབ་བྱ་ཚོགས་གཏམ་ཚུན་ཆད་ཀྱིས་འདོམས་པར་མཛད་ཅིང་། དོ་དམ་ཐུགས་ཁུར་ཆེར་བཞེས་གནང་བ་དང་། གདན་ས་འདིས་མཚོན་དགོན་སྡེ་མང་བོར་བྱོན་ནས་ཟབ་རྒྱས་ཆོས་ཀྱི་འོད་སྣང་འབུམ་ཕྲག་སྤྲོས་པས། སྐལ་བཟང་གདུལ་བྱ་མཐའ་ཡས་པའི་བློ་མུན་བསལ་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་ཆེས་ཆེར་གསལ་བར་མཛད།
དུས་སྐབས་དེ་ནི་དུས་འཁྲུག་སོགས་ཀྱི་དབང་གིས་ཡུལ་ཁམས་སྤྱི་ལ་དཔལ་འབྱོར་ལོངས་སྤྱོད་ཧ་ཅང་འཛོམས་པའི་སྐབས་ཤིག་མ་ཡིན་མོད། གདན་ས་དམ་པ་འདི་ཉིད་ལ་ནི་སྐྱབས་མཆོག་མཚུངས་པ་མེད་པ་གང་གི་ཐུགས་རྗེ་ལས་ཆོས་ཐོག་སོ་སོའི་སྐབས་ཀྱི་ཇ་ཐུག་དང་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར། དགེ་འདུན་པ་རྣམས་ཀྱི་རང་རང་གི་འཚོ་བའི་མཐུན་རྐྱེན་ཐམས་ཅད་བཟང་འགྲན་གྱི་ཚུལ་དུ་བྱུང་ཞིང་། གྲྭ་ཚོགས་ཀྱང་ཧ་ཅང་རྒྱས་ནས་དགེ་འདུན་ཞལ་གྲངས་བདུན་བརྒྱ་ལྷག་ལ་སླེབས་པ་དང་། འགྲོ་བའི་མགོན་པོ་འདི་ཉིད་ཐུགས་ཤིན་ཏུ་སྒམ་པས་དགོངས་པའི་གཏིང་དཔག་པར་མི་ནུས་ཤིང་ཆོས་སྲིད་གང་གི་ཐད་ནས་ཀྱང་གཞན་གྱིས་བཀྲི་མི་བཏུབ་པ་ཞིག་ལགས་གཤིས་ཆོས་སྡེ་འདིའང་ཆོས་སྲིད་གང་ཐད་ནས་ལྷུན་པོ་ལྟར་གཡོ་བ་མེད་པར་ཤིན་ཏུ་རང་ཚུགས་ཐུབ་པ་བྱུང་བ་ཡིན་ལ། ལྷ་སྡེ་བ་རྗེ་ཡེ་ཤེས་རྒྱ་མཚོས་གཙོས་དགེ་བའི་བཤེས་གཉེན་མང་བོས་བཀའ་བསྟན་གྱི་ལུང་སོགས་ཆོས་བཀའ་མཐའ་ཡས་པ་སྤེལ་ཏེ་ཆོས་རྒྱུན་རྣམ་དག་རྣམས་དུས་གཏན་དུ་མི་ནུབ་པར་གནས་པའི་དགེ་མཚན་བརྟན་པར་བྱས་སོ། །དེ་ལྟར་གདན་ས་འདི་ཉིད་དམ་པའི་ལྷ་ཆོས་དང་ཟང་ཟིང་གིས་གཞལ་བར་དཀའ་བའི་བཀའ་དྲིན་གྱིས་བགྲང་བྱ་བཅུ་དྲུག་ཙམ་ལ་ལེགས་པར་བསྐྱངས་ཏེ།
གདན་རབས་ཚིགས་བཅད་མ་ལས།
རེ་ཞིག་དངོས་ཀྱི་གདུལ་བྱ་རྫོགས་པ་ན། །
དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། །
གློ་བུར་མཁའ་སྤྱོད་དག་པའི་ཞིང་ཁམས་སུ། །
གཤེགས་ཚེ་བདག་སོགས་མགོན་མེད་ལྟ་བུར་གྱུར། །ཅེས་བྱུང་།
སྐྱབས་རྗེ་ཉིད་དགུང་གྲངས་སོ་དགུར་ཕེབས་པ་ཆུ་འབྲུག་སྤྱི་ལོ་༡༩༥༢ལོར་སྐུ་སྙུན་ཚུལ་བཞེས་པ་ལ། གདན་ས་འདི་དང་ཕྱོགས་ཀྱི་འདུས་སྡེ་དུ་མས་ཞབས་བརྟན་རིམ་གྲོ་མང་བོ་བསྒྲུབས་ཏེ། ཚོགས་ཡོངས་སྐུ་མདུན་དུ་གདན་འཛོམས་ནས་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པའི་ཚེ་ཕྱིར་ཕེབས་སུ་ད་ལྟ་དུས་ཧ་ཅང་སྙིགས་མར་སོང་བའི་དབང་གིས་བདག་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། འགྲོ་བའི་བདེ་སྐྱིད་ལ་ཕན་པ་ཅི་ཡང་མི་ཐོགས་པས་བསྡད་མིན་ལ་ཁྱད་པར་ཆེན་པོ་མི་གདའ། དེ་བས་ཁྱེད་རྣམས་ཀྱིས་རང་རྒྱུད་ཀྱི་བསླབ་པ་གཙིགས་སུ་འཛིན་ཅིང་གཉོམ་ཆུང་ཚུལ་མཐུན་སྒོས་སློབ་གཉེར་ལ་འབད་ན་ཤིན་ཏུ་ལེགས། ཞེས་སོགས་དགོངས་གཞི་ཅན་གྱི་བསླབ་བྱ་གནད་ལ་འདྲིལ་བ་བསྩལ་པའི་མཐར། མདོར་ན་ཁྱེད་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ལས་ཕྱི་མའི་དོན་དང་། ཆོས་འཇིག་རྟེན་གཉིས་ལས་ཆོས་གལ་ཆེན་དུ་བཟུང་ན་དེ་ཡིན་གསུངས་ཏེ། བཞུགས་པའི་ཞལ་བཞེས་གཏན་མ་གནང་།
ནག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་མཁས་ཤིང་གྲུབ་པའི་དབང་ཕྱུག་སེ་རའི་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཆེད་གཉེར་གྱིས་ཕེབས་ནས་ཞུས་པ་བཞིན་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྟ་གོན་དང་བཅས་པ་གསུང་བཤད་འབྱམས་ཀླས་པས་བརྒྱན་པ་བསྩལ་པ་ནི་སྐུ་ཚེ་འདིར་ཆོས་བཀའ་གནང་བའི་ཐ་མ་ཡིན་པས། འདི་ལ་དགོངས་གཞི་དང་དགོས་པ་གལ་ཆེན་ཞིག་མཆིས་པར་གདོན་མི་ཟ་ཡང་། འཕགས་ཆེན་དམ་པའི་སྤྱོད་པ་ལ་ཕལ་བས་ཚད་འཛིན་མི་རུང་བས་ཇི་བཞིན་བརྗོད་པའི་རྔོ་མི་ཐོགས། ས་ག་ཟླ་བའི་ཚེས་བཅུ་དྲུག་ཉིན་ཡོན་བདག་གིས་གདན་ཞུས་ལྟར་ཚོགས་དབུ་གནང་ཞིང་། ཚོགས་གྲོལ་ལ་ཉེ་སྐབས་གྲལ་རྔ་ནས་ཞལ་ཕྱིར་འཁོར་ཏེ་འདུས་སྡེ་ཡོངས་ལ་ཞིབ་གཟིགས་བཀའ་དྲིན་བསྐྱངས་པ་ཡང་བདག་ཅག་གདུལ་བྱ་རྣམས་དང་གདན་ས་དམ་པ་འདི་ལ་མགོན་པོ་གང་གིས་ཐུགས་བརྩེས་གཟིགས་པ་ནམ་ཡང་མི་འདོར་བའི་བརྡ་ཐབས་སུ་འཁུམས། དེ་ནས་བཟུང་གནམ་གཤིས་མི་ལེགས་ཤིང་ཉི་ཟླ་སྐར་གསུམ་གྱི་འོད་ཉམས་པ། སེར་བ་དང་དྲག་ཆར་བབས་པ། ཕྱོགས་མཚམས་སུ་གློག་གི་ཀ་བ་བཙུགས་ཏེ་རི་བོ་རལ་པ་ལྟ་བུའི་འབྲུག་སྒྲ་བར་མ་ཆད་པར་གྲགས་པ། གནམ་ལྕགས་ཀྱི་ཕ་བོང་ལྷུང་བ་སོགས་དང་། གཞན་ཡང་སྤྲིན་དང་དབང་གཞུ་དབྱིབས་མི་འདྲ་བ་དུ་མ་འཆར་བ་སོགས་ལྟས་སྣ་ཚོགས་བྱུང་། སྐྱབས་རྗེ་སྐུ་མཆེད་མཆོག་སྤྲུལ་རིན་པོ་ཆེ་ཨ་རིག་སྡེ་མང་དགོན་དུ་བཞུགས་པ་ནས་གདན་ས་འདིར་ཕེབས་ཏེ་སྐུ་མདུན་དུ་བསྙུན་འདྲིར་བཅར་ཞིང་བརྟན་བཞུགས་ཕུལ་སྐབས་ཞལ་ནས། ཁོ་བོ་རིང་འཚོའི་འཕྲོད་སྟེན་གྱི་ཆེད་དུ་ཕྱོགས་གཞན་དུ་འགྲོ་དགོས་པས། ལོ་འགར་གདན་སའི་ཁྲིའི་སྐྱོང་ཁུར་ཁྱེད་ཀྱིས་བཞེས་དགོས་གསུངས་ནས་འདུས་པའི་སྡེ་རིན་པོ་ཆེའི་མཚན་ཐོ་བསྩལ་པ་ལ། སྐུ་མཆེད་རིན་པོ་ཆེས་རྭ་རྒྱའི་ཁྲི་ཁུར་ཕོག་ནས་རིང་བོ་མ་སོང་བས་ལོ་ཤས་དགོངས་པ་གནང་དགོས་ཚུལ་ནན་གྱིས་ཞུས་ཀྱང་གསན་བཞེས་གཏན་ནས་མ་གནང་། དེ་དག་གི་སྐབས་སུ་ཡང་ཚོགས་ཡོངས་ནས་ཞབས་བརྟན་གྱི་རིམ་གྲོ་གཏོས་ཆེ་བ་བསྒྲུབས་། ས་ཟླའི་ཉེར་གཅིག་གི་ཕྱི་དྲོར་གློ་བུར་དུ་ཕྱི་ཉིན་ཆུ་ཚན་གྱི་འཕྲོད་སྟེན་ལ་ཕེབས་རྒྱུ་ཡིན་པས་ཚང་མ་སྐུ་མདུན་དུ་མཇལ་བར་ཕེབས་དགོས་པའི་བཀའ་བསྒྱུར་ཏེ། འདུས་སྡེ་ཡོངས་རྫོགས་ལ་དགྱེས་གཟིགས་ཀྱིས་མཇལ་ཁ་ཐ་མ་གནང་། དེའི་མཚན་མོར་བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་མང་བོས་གཙོས་འདུས་པའི་སྡེ་རིན་པོ་ཆེ་ནང་ཆེན་དུ་འཚོགས་ཏེ་མཚན་ཐོག་ཐག་ཏུ་ཞབས་བརྟན་དུ་བཀའ་འགྱུར་དག་ཀློག་གནང་། ས་ག་ཟླ་བའི་ཉེར་གཉིས་ཉིན་ཀྱང་སྐུ་སྙུན་བབ་ལྕི་བའི་རྣམ་པ་ཆེར་མེད་པར་སྔར་སྲོལ་བཞིན་ཐོ་རངས་སྔ་བར་མལ་ལས་བཞེངས་ཏེ། ཞལ་ཁྲུས་དང་ཞལ་འདོན་གནང་གྲུབ་རྗེས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཤིང་། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟིམ་མལ་དུ་སྐུ་དྲང་བོར་བཞུགས་བཞིན་གློ་བུར་ཞལ་དབུགས་ཀྱི་རྒྱུ་བ་མི་མངོན་པར་གྱུར་ཏེ་དཔའ་བོ་མཁའ་འགྲོས་བསུ་བའི་བཀོད་པ་རྒྱ་ཆེན་པོས་མདུན་བསུས་ཏེ་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ་གཤེགས། དེའི་ཚེ་དད་ལྡན་སློབ་འབངས་ཐམས་ཅད་འཇིགས་སར་སྐྱེལ་མས་བོར་བའི་བྱིས་པ་ལྟར་སྡུག་བསྔལ་གྱིས་མནར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་བསྲན་བཙུགས་ཏེ། སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེས་གཙོས་བུ་སློབ་ནང་མ་འགས་སྐུ་གདུང་རིན་པོ་ཆེར་སྲི་ཞུ་བགྱི་འོས་རྣམས་ལེགས་པར་གྲུབ་བསྟུན་བླ་གོས་སྣམ་སྦྱར་རིགས་ལྔའི་དབུ་རྒྱན་བཅས་སྒྲོན་འབུལ་ཞུས་ཏེ། མཆོད་ཁང་དུ་གདན་དྲངས་ནས་བཞུགས་སུ་གསོལ། ཉི་མ་ཤར་བ་དང་མཉམ་དུ་འདུ་ཁང་སྟེང་དང་གཟིམ་ཁང་སྟེང་གི་མཆོད་རྫས་བསྡུ་བཤམ་དང་དུང་བརྡ་རྒྱུན་སྲོལ་ལྟར་བཏང་ནས་གྲྭ་མང་གིས་གདུང་མཇལ་ཞུས། བླ་མ་སྤྲུལ་པའི་སྐུ་རྣམས་དང་དགེ་བའི་བཤེས་གཉེན་མང་བོས་རིམ་པ་བཞིན་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་བཙུགས་པ་དང་། ཚོགས་ཡོངས་ནས་མཆོད་འབུལ་དང་དགེ་སྒྲུབ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དྲག་ཏུ་མཛད། དེ་ནས་བཟུང་གནམ་གཤིས་ཀྱང་ཇེ་ལེགས་སུ་སོང་སྟེ་གཡུ་ཡི་མེ་ལོང་ལྟ་བུ་ལ་གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་རྫས་ཀྱི་དབྱིབས་ཀྱི་ཆུ་འཛིན་དཀར་བོ་མང་དུ་འཁྲིགས། ཉིན་གསུམ་ན་ཐུགས་དམ་གྲོལ་རྟགས་རྒྱུད་ནས་གསུངས་པ་ལྟར་བྱུང་བས། སླར་ཡང་སྐུ་ཁྲུས་འབུལ་བ་སོགས་སྲི་ཞུ་ལེགས་པར་བྱས་ཏེ་གདུང་སྒྲོམ་དུ་བཞུགས་སུ་གསོལ། གཟིམ་ཁང་བདེ་ཡངས་མཐིལ་དུ་མཆོད་རྟེན་ཆོས་འཁོར་ཉི་ཟླ་དང་བཅས་པའི་གདུང་ཁང་བཞེངས་ཟིན་པའི་ནང་དུ་མཆོད་པའི་རྣམ་གྲངས་མཐའ་ཡས་པས་མཆོད་བཞིན་གདན་དྲངས། སྐྱབས་རྗེ་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་དེ་ཆོག་གྲྭ་དགེ་བའི་བཤེས་གཉེན་མང་བོས་གཞུང་ནས་བཤད་པ་ལྟར་གྱི་ཕྱག་ལེན་ཚད་ལྡན་གྱི་སྒོ་ནས་གདུང་ཡིད་བཞིན་ནོར་བུར་ཞུགས་འབུལ་ཞུས་པ་ན། ཞུགས་ཀྱི་ཕུང་བོ་དབང་གཞུའི་མདངས་སུ་འབར་བ་དང་དྲི་བཟང་བོས་ཕྱོགས་ཐམས་ཅད་དུ་ཁྱབ་པ་སོགས་ལྟས་ཡ་མཚན་ཅན་མང་དུ་བྱུང་། གདན་ས་རང་གི་འཛིན་གྲྭ་སོ་སོ་དང་ཕྱོགས་ནས་འོངས་པའི་དད་ལྡན་བུ་སློབ་ཡོངས་ཀྱིས་རང་རང་གི་འདོད་མོས་ལྟར། རྒྱན་འཇུག་ཆོས་སྤྱོད། རྒྱུད་གཞུང་སོགས་ཉིན་མཚན་བར་མ་ཆད་དུ་གསུངས་ཤིང་། སྐྱབས་མགོན་རྒྱལ་དབང་ཡབ་སྲས་སོགས་བླ་ཆེན་རྣམས་དང་གདན་ས་ཉིད་དང་ཕྱོགས་ཀྱི་འདུས་སྡེ་ཆེ་ཕྲ་མང་བོར་དངོས་འབུལ་གྱི་དགོངས་རྫོགས་རྒྱ་ཆེན་མཛད།
གདན་རབས་ཚིགས་བཅད་མ་ལས།
དད་ལྡན་བུ་སློབ་སོགས་ཀྱི་དད་གུས་དང་། །
མགོན་པོས་ཐུགས་རྗེས་གཟིགས་པ་མ་དོར་བས། །
རིང་བསྲེལ་མཆོག་ལས་མཁའ་སྤྱོད་དབང་མོའི་སྐུ། །
བྱིན་རླབས་གཟི་འོད་འབར་བ་འདི་ཉིད་བྱོན། །
བསྐྱེད་རྫོགས་ཟབ་མོ་ཡུན་རིང་ཉམས་བཞེས་དང་། །
ལྷག་པའི་ལྷ་ཡི་ཞལ་གཟིགས་མང་བྱུང་ཞིང་། །
གཟུངས་སྔགས་ཟབ་མོ་གྲུབ་པའི་རྟགས་རྣམས་སུ། །
ཐུགས་ལྗགས་སྤྱན་གསུམ་ངོ་མཚར་ཟུར་དུ་བྱོན། །ཅེས་བྱུང་།
སྐྱབས་རྗེ་སྐུ་མཆེད་ཚང་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱིས་ཉིན་བདུན་ལ་གདུང་ཁང་ཞལ་མི་འབྱེད་རྒྱུའི་ལྗགས་བཀོད་བསྩལ་ན་ཡང་། སྔར་བླ་མ་རྡོ་རྗེ་འཆང་མྱ་ངན་ལས་འདས་པའི་རྗེས་སུ་ལཱ་མོ་བདེ་ཆེན་གྱི་གྲྭ་ཚོགས་མང་བོས་སྐུ་གདུང་རིང་བསྲེལ་དང་ཐུགས་ལྗགས་སྤྱན་གསུམ་བབས་པའི་གདུང་རྟེན་རྣམས་བཙན་འཕྲོགས་ཀྱིས་བདེ་ཆེན་དུ་ཞུས་པས། སྐབས་འདིར་ཡང་ཉིན་བདུན་འགོར་ན་དེ་འདྲའི་གནས་ཚུལ་བྱུང་བར་དོགས་ནས་ཉིན་དྲུག་པར་གདུང་ཁང་གི་ཞལ་ཕྱེ་བ་ན། བཅོམ་ལྡན་མཁའ་སྤྱོད་དབང་མོའི་སྐུ་ཤིན་ཏུ་བྱོན་ལེགས་པ་ཁ་ཊཾ་གི་ཚབ་ཏུ་རྩིབ་གུ་ཧྲིལ་བོ་ཞིག་བཞེས་པ་དང་སྐུ་སྨད་ཅུང་མ་འགྲུབ་པ་རང་བྱོན་དུ་ཕེབས། དབུ་ཅུང་ཟད་དྲང་མོ་ཡོད་པ་ཕྱི་ཉིན་མཇལ་བའི་ཚེ་རང་འགུལ་གྱིས་ཡོ་བ་ཞལ་ནམ་མཁར་གཟིགས་པར་བཞུགས་པ་ངོ་མཚར་བའི་དགེ་མཚན་དང་ལྡན་པ། ཐུགས་ལྗགས་སྤྱན་གསུམ་ཞུགས་ཀྱིས་མ་གོས་པར་བྱོན་པ་ཐུགས་ཀྱི་སྟེང་དུ་འཕེལ་གདུང་རིལ་བུ་སྲན་མའི་ཆེ་ཆུང་དང་འདྲ་བ་བདུན་བསྟར་བར་ཡོད་པ་རྣམས་ཀྱི་གནས་ཚུལ་བདག་གི་རྩ་བའི་བླ་མ་ཡོངས་འཛིན་ཕུན་ཚོགས་དར་རྒྱས་ཚང་གིས་གདན་རབས་ཚིགས་བཅད་མའི་ལུང་གནང་སྐབས་སུ་ཞལ་ལས་དངོས་སུ་ཐོས་པས་གདུང་ཁ་འབྱེད་མཁན་ནི་ཁོང་རང་ཉིད་ཡིན་ཞེས་གསུངས། གདུང་རྟེན་རང་བྱུང་མཁའ་སྤྱོད་མའི་སྐུ་བརྙན་བྱིན་རླབས་རང་འབར་དང་ཐུགས་ལྗགས་སྤྱན་གསུམ་ཞུགས་ཀྱིས་མ་གོས་པར་བྱོན་པ་རྣམས་ཐོག་མར་རང་དགོན་གྱི་གྲྭ་རིགས་ཡོངས་དང་། དད་ལྡན་གྱི་སྦྱིན་བདག་ཁག་དང་། ཉེ་འདབས་ཀྱི་སྐྱེ་བོའི་ཚོགས་ལ་གདུང་རྟེན་ཡིད་བཞིན་ནོར་བུ་དངོས་མཇལ་གྱི་སྐལ་བཟང་བསྩལ། དེ་ནས་རང་དགོན་དུ་ཡུན་རིང་ལ་ལྷ་རྟེན་མང་དུ་བཞེངས་མཁན། སེང་གཤོང་ལྷ་བཟོ་གྲགས་ཆེན་དགེ་སློང་ཡུམ་སྐྱབས་ཚང་དང་། རང་དགོན་གྱི་གྲྭ་རིགས་སེང་གཤོང་ལྷ་བཟོ་བསྟན་པ་རྒྱ་མཚོ་རྣམ་གཉིས་ཀྱིས་གསེར་ཚོན་འབུལ་བ་སོགས་ལེགས་པར་བསྒྲུབས། ནང་ཆེན་བདེ་ཡངས་ཕོ་བྲང་གི་མཆོད་ཁང་དུ་ངོ་མཚར་བའི་ཀུན་དགའ་ར་བ་བསྐྲུན་པའི་ནང་དུ་སྐྱེ་དགུའི་བསོད་ནམས་ཀྱི་རྟེན་དུ་བཞུགས་སུ་གསོལ། དེས་ན་བྱིན་རླབས་རང་འབར་གྱི་ཚན་ཁ་མ་ཉམས་པའི་གདུང་རྟེན་རང་བྱོན་དུ་གྲུབ་པའི་མཁའ་སྤྱོད་མའི་སྐུ་བརྙན་འདི་ནི་སྲིད་ན་རྙེད་དཀའ་ཞིང་མཐོང་བ་དོན་དང་ལྡན་པའི་རང་དགོན་གྱི་རྟེན་གྱི་གཙོ་བོ་ཡིན་པ་ཤེས་པར་བྱའོ། །
རིག་གསར་སྐབས་སུ་ཆག་སྐྱོན་ཅུང་ཟད་བྱུང་ཡང་དགོན་པའི་ཉེ་འདབས་ཀྱི་བྲང་ཀ་སྡེ་བའི་དད་ལྡན་པ་དཔའ་ཆེན་ལགས་ཀྱིས་རང་སྲོག་ལ་མ་འཛེམས་པར་དོ་དམ་གང་དྲགས་ལ་བརྟེན་ནས་སྲུང་སྐྱོང་བྱས་ཤིང་། དགོན་པ་སླར་གསོའི་སྐབས་སུ་གདན་སར་འབྱོར་བའི་བཀའ་དྲིན་ལ་བརྟེན་ནས་ད་སྐབས་ཀྱང་རང་བྱུང་མཁའ་སྤྱོད་མའི་གསེར་གདུང་ཆེན་མོ་བྱིན་རླབས་རང་འབར་བདེ་ཡངས་ཕོ་བྲང་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་ཡོད་པ་ལགས་སོ། །
ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་བར་དུ་དགེ་བ་ཉེ་རབས་གཏམ་གྱི་གདན་ཁྲི་རིམ་པའི་མཛད་རབས་འབྲས་བཟང་དུས་སུ་སྨིན་པའི་ཚུལ་ལས་ཁྲི་རབས་བཞི་བ་ཞྭ་དམར་རིན་པོ་ཆེའི་སྐུ་ཕྲེང་ལྔ་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་བརྒྱད་པའོ། །
ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn