བླ་བྲང་རྒྱུད་སྨད་གྲྭ་ཚང་གི་དན་རབས་གསུམ་པ་རྗེ་བློ་བཟང་མཁས་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-11-01 10:36:18     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

         གདན་རབས་གསུམ་པ་མང་ཐོས་བློ་བཟང་མཁས་མཆོག་པ་ནི། དབལ་ཤུལ་གྱི་རིགས་ལས་རྗེ་གོང་མ་དང་གདུང་རུས་ཉེ་བ་ཞིག་ཏུ་རབ་བྱུང་བཅུ་གཅིག་པའི་ས་རྟ་ལ་འཁྲུངས།སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་མཛད་པས་དགེ་བཤེས་གྲགས་པ་དོན་ལྡན་གྱི་གོ་འཕང་བརྙེས། རྗེ་གོང་མའི་ཞབས་ཕྱིར་མདོ་སྨད་དུ་ཕེབས། ཐུགས་དད་ཤིན་ཏུ་ཆེ་བས་ཆོས་སྲིད་གང་ནས་ཀྱང་ཁྲི་རྒན་སྡེ་རྒན་སོགས་ལས་མི་དམན་པའི་ཞལ་ཕོ་ཡང་མཛད་སྐད།སྐྱབས་མགོན་རྡོ་རྗེ་འཆང་གདན་སར་ཕེབས་མ་ཐག་གི་སྐབས་ནད་རྫུ་བཏབ་ནས་ཨུཪྒེེེ་ཁྲི་བ་འཚོ་དཀའ་བའི་ཚུལ་གྱི་གསུང་བརྟག་ཞུ་བར་བཀྲ་ཤིས་འཁྱིལ་དུ་ཐོ་རངས་འབྱོར་བའི་ཚོད་དུ་མངགས་ནས་གཟིམས་མལ་གར་བཞགས་བརྟགས་སས་ཀུན་མཁྱེན་གོང་མའི་གཟིམ་མལ་ན་བཞུགས་པ་ངེས་འདྲོངས་གསན་པས་ཐུགས་ཡིད་ཆེས་པ་དང་། ཁོང་གི་མ་ཚེ་འཕོས་སྐབས་སྐྱེས་ཆེན་དམ་པ་སྙན་གྲགས་ཅན་འགའ་ཞིག་གདན་འདྲེན་རྒྱུའི་གྲོས་ཞུས་པར། དཔོན་ཚང་གཉེར་བ་རབ་འབྱམས་པ་བློ་བཟང་དོན་གྲུབ་ལ་སྨོན་ལམ་ཞིག་འདེབས་ཆུག་དང་དབུ་མ་ཤེས་མཁན་ཡིན་པས་གཞན་དང་མི་འདྲ། དེ་ནས་ལ་ཁ་ཆུ་ཁ་གང་དུ་འཁྱེར་ཀྱང་ཁྱེད་ཚོས་ཤེས་ཞེས་གསུངས་པར་དེ་དུས་སྐུ་མདུན་དུ་འཁོད་པ་ཞིག་གི་ངག་ནས་ཐོས་པས་གྲགས་སྐམ་ཙམ་གྱིས་མི་མགུ་བ་ཞིག་ཡིན་སྣང་། འཛིན་ཤིན་ཏུ་བཟང་བས་རྗེ་གོང་མ་དང་དཔོན་ཇུ་ནང་གཉིས་ཀྱི་ཨེལྖིར་ཅུན་གར་དུ་ཕེབས་སྐབས་ཧུང་ཐེའི་ཇིའི་མདུན་ནས་ཁོང་ཆོའི་ཡུལ་ཕྱོགས་སུ་འཛིན་ཤིན་ཏུ་བཟང་བའི་གྲགས་པ་ཅན་ཞིག་དང་རྒྱལ་བཙུགས་པས་གཅིག་ཤོས་ཀྱིས་ཤོག་གུ་ཁ་ཤས་བླངས་ཏེ་དབེན་པ་གཅིག་ཏུ་སོང་།རྗེ་འདིས་ཤོག་གུ་ཁ་ཤས་ཕར་སློག་ཚུར་སློག་བྱེད་བཞིན་དུ་དཔོན་པོའི་མདུན་ནས་གཏམ་སྣ་ཚོགས་བྱེད་ཀྱིན་བཞུགས་པས་སྐབས་ཤིག་གཅིག་ཤོས་འོངས་ནས་འདོན་གྲབས་བྱས་པར་དཔོན་པོས་རྗེ་འདི་ལ་ཁྱེད་ཀྱིས་མ་བཟུང་ཨང་གསུངས་པར། ཟིན་ཚར་ཞེས་ཤར་ཤར་ཐོན་པ་དང་། གཅིག་ཤོས་ལ་ཐོ་རེ་བ་ཞིག་ལས་མ་འོངས་པས་ཐམས་ཅད་ངོ་མཚར་དུ་གྱུར། ཁྲི་རྒན་ཚང་ནོ་ཡོན་ཧ་ཤ་ག་གཤེགས་སར་བྱོན་སྐབས་རྗེ་གོང་མས་དགེ་བསྐོས་ལ་བཀའ་བབས་ཏེ་སང་ཞོགས་ངེད་རང་ཆོས་གྲྭར་འོངས་ནས་བརྩི་བཞག་ཅིག་གཏོང་རྒྱུ་ཡིན་པས་དེ་དུས་གྲྭ་ཚང་མཉམ་འཚོགས་ཀྱིས་གསུངས། དེ་ནས་གྲྭ་མང་གིས་འདི་བར་ཁྱེད་ནས་སྐྱོར་དགོས་ཞུས་པ་ལྟར་ཕྱི་ཉིན་རྗེ་འདིས་སྤོས་རིང་གཅིག་སྦར་ནས་ཆོས་གྲྭར་ཕེབས།རྗེ་གོང་མས་ཆོས་གྲྭ་ནས་དབུ་ཞྭ་ཕྱག་ཏུ་བཞེས་ཏེ་སྐྱོར་དཔོན་སུ་ཡིན་གསུངས་པར་རྗེ་འདིས་ཐལ་མོ་སྦྱར་བའི་བར་དུ་སྤོས་བཟུང་ནས་ང་ཡིན་ཞུས་པས་ངེས་པོ་གྱིས་ཨང་གསུངས་ནས། རྟེན་འབྲེལ་ཡོངས་རྫོགས་ཀྱི་བརྩི་བཞག་ཆོས་ཐུན་གཅིག་ལ་གནང་བ་ལྷག་ཆད་མེད་པར་བསྐྱོར་བས་ཤོག་གུ་བཅོ་ལྔ་མ་ལོངས་ཙམ་ཞིག་ད་ལྟའི་བར་དུ་འཁོད་པ་འདི་ཡིན་ཞེས་དེ་དུས་ཀྱི་སྐྱོར་དཔོན་རེབ་ཙ་བཀའ་འགྱུར་བ་ནས་གསུངས་ཞེས་སྙན་གྲགས་རྡོ་རྗེ་འཆང་ནས་དངོས་སུ་ཐོས་ཏེ། མཁྱེན་རབ་གཞལ་དུ་མེད་པའོ། །དེ་སྐབས་རྗེ་གོང་མས་ཚར་གཅིག་ལས་མ་གནང་ཞིང་། གྲྭ་ཚང་ཚུར་ཕེབས་ནས་རྗེ་འདིས་ཚར་གསུམ་བསྐྱོར་བས་སྐྱོར་དཔོན་ཕལ་ཆེར་དང་གྲྭ་བ་མང་པོས་ཟིན་པ་ནི་འཁོར་གྱི་དང་པོར་འགྱུར་བའི་སྨོན་ལམ་དོན་ཐོག་ཏུ་སྨིན་པའི་རྟགས་སུ་སྣང་། རྗེ་གོང་མའི་བང་ཆེན་དུ་ཅུན་གར་ལ་ལན་གཉིས་ཕེབས་པ་དང་། ཕྱིས་སུ་རེ་ཞིག་གི་བར་དུ་བླ་བྲང་གི་ལས་དོན་ཐམས་ཅད་ཀྱི་ཁུར་ཡང་འཛིན་པར་མཛད་པ་སོགས་འཇིག་རྟེན་གྱི་བྱ་བ་ཡང་རྒྱ་མི་ཆུང་ཙམ་མཛད། ལྕགས་བྱའི་ལོ་རྒྱུད་པའི་ཁྲིར་བཞུགས་ཏེ་འཆད་ཉན་མཛད། བླ་བྲང་གི་དཔོན་པོ་ཚོ་དང་ཐུགས་མཐུན་མིན་རྐྱེན་གྱིས་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་རྒྱུན་རིང་བཞུགས་ཏེ་དེར་དོན་གཉིས་པ་ས་སྦྲུལ་ལ་ཞི་བར་གཤེགས་སོ། །    

                                                                                                               རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།