བླ་བྲང་གདན་རབས་བཅུ་དྲུག་པ་རྗེ་འཇིགས་མེད་ལུང་རིགས་རྒྱ་མཆོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2018-10-19 12:43:08     རྩོམ་པ་པོ།   པཎྜི་ཏ་དཀོན་མཆོག་རྒྱལ་མཚན།     ཀློག་ཐེངས།  

 

       གདན་རབས་བཅུ་དྲུག་པ་སྡེ་ཁྲི་རིན་པོ་ཆེའི་མཆོག་སྤྲུལ་འཇིགས་མེད་ལུང་རིགས་རྒྱ་མཚོ་ནི། མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོའི་དབོན་པོར་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ལོ་འཁྲུངས། ཆུང་ངུའི་དུས་ནས་དམ་པའི་མཛད་སྤྱོད་རང་ཆས་སུ་ཡོད་ཅིང་། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་སྐུར་ཐག་བཅད་པའི་ལོ་རྒྱུས་སོགས་མཁན་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་དང་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་སུ་གསལ།གདན་སར་སྤྱན་དྲངས་པ་ལ་དགའ་སྟོན་རྒྱ་ཆེར་བསྒྲུབས་ཤིང་སྐྱབས་མགོན་མཆོག་ནས་སྡེ་ཁྲི་གོང་མ་དེ་ཉིད་ཀྱི་སྐུའི་ཆེ་བའི་ཡོན་ཏན་དང་བཀའ་དྲིན་ཆེ་ཚུལ་གྱི་བསྔགས་བརྗོད་དང་། ད་ཆ་སྤྲུལ་སྐུ་འདི་བ་བླ་མ་དེ་ཉིད་ཀྱི་སྐྱེ་བ་ཡིན་པར་གཟིམས་ཁང་ཕུ་ནས་ཟན་བརྟག སྐུ་ཞབས་སྟོང་འཁོར་རིན་པོ་ཆེའི་ལུང་བསྟན། ངེད་ཀྱི་རྨི་ལམ་སོགས་འཁྲུལ་མེད་བྱུང་བའི་སྟབས་གདན་ས་ལ་སྤྱན་དྲངས་ནས་ཐོབ་གོ་ས་སོགས་དཔོན་སློབ་གོང་མའི་རིང་ལྟར་ཕུལ་ཡོད་པས་ཆོས་སྡེ་ཆེན་པོ་འདི་ཉིད་ལ་གཏོགས་པའི་སེར་སྐྱ་དྲག་ཞན་ཚང་མས་དེ་ལུགས་ཀྱི་བརྩི་འཇོག་བཀུར་གཟོས་དགོས་ཚུལ་གྱི་བཀའ་རྒྱ་ཞིབ་མོ་གནང་སྟེ་ཚོགས་པའི་དབུས་སུ་ཀློག་བཅུགམདོ་སྔགས་ཡོངས་རྫོགས་ཀྱི་དགེ་བཤེས་ཆེན་པོ་བཀའ་བཅུ་དཀོན་མཆོག་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་ཀློག་སོགས་སྦྱངས་ཤིང་།དགུང་ལོ་བཅུ་གསུམ་པ་ལ་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས་ནས་བསྡུས་གྲྭ་བློ་རྟགས་ཕར་ཕྱིན་དང་བཅས་པ་གསན་སྦྱོང་མཛད།དགུང་ལོ་བཅུ་བཞིའི་སྐབས་ནུབ་གཅིག་མནལ་ལམ་དུ་ཁྱོད་ལ་གཟའ་ཕུར་བུས་གནོད་པ་འོང་བས་མྱུར་བར་ཙཎྚ་མ་ཐོན་ཟེར་བ་ཞིག་བྱུང་སྟེ་ཙཎྚ་མ་གསུང་བཞིན་མནལ་སད།བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་འགའ་གསུངས་ནས་གཟིམས་རྩིས་གནང་ཡང་གཟིམས་གཏན་ནས་མ་འོངས་པས།བཞེངས་ནས་འཇིགས་བྱེད་བཅུ་གསུམ་མ་ཚར་གཅིག་དང་མཇུག་ཏུ་འཇམ་དཔལ་མཚན་བརྗོད་གསུངས་པ་ན།གཟིམས་ཆུང་གི་གཡས་ཕྱོགས་ཀྱི་གྲུ་ནས་འོད་ཅིག་དཀར་ལམ་མེ་སོང་བར་གཟིགས་པས་མིག་ཡ་གཅིག་འོད་ལམ་མེ་ཡོད་པར་མཐོང་།དེར་བཞེངས་ནས་རྗེ་གོང་མའི་ན་བཟའ་ཞིག་བཞེས་ཏེ་མཚན་བརྗོད་གསུང་བཞིན་པའི་ངང་ནས་གཟིགས་པས་མགོ་དགུ་ཡོད་པ་ཞིག་ཚུར་ནུར་ནས་འོང་བས་ནང་ཐམས་ཅད་འོད་ཀྱིས་ཁྱབ་སོང་།དེར་ཁོང་གིས་རྡོ་རྗེ་འཇིགས་བྱེད་ཡིན་ནམ་སྙམ་གཟིགས་པས་རྭ་མི་འདུག་མགོ་དགུའི་དང་པོ་བྱ་རོག་གི་མགོ་ལ་མཇུག་མ་སྦྲུལ་དུ་ཡོད་པ།ལག་པ་གཡས་པས་རྡོ་རྗེ་བཟུང་ནས་མདུན་གྱི་ཀ་བ་ལ་གཏད།གཡོན་པ་བརྐྱངས་ནས་ཞགས་པ་དང་གྲི་གུག་བཟུང་སྟེ་གཡོ་འགུལ་མེད་པར་འདུག་པ་མཐོང་ཙ་ན་བཟའ་མཆོག་རྭ་ཧུ་ལ་ཡིན་པར་ཤེས་ནས་ཕྱག་རྡོར་ཞིག་སྒོམ་དགོས་སྙམ་ཀྱང་མཚན་བརྗོད་ཀྱི།ཧ་ལ་ཧ་ལ་གདོང་བརྒྱ་བ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པའི་མཚམས་སུ་སླེབས་འདུག་པས།རྡོ་རྗེ་འཇིགས་བྱེད་ལ་དམིགས་པ་ཅུང་ཟད་གཏད་པ་ན་འགུལ་ནས་སིལ་སྒྲ་དང་བཅས་མི་སྣང་བར་གྱུར་ཅེས་རྗེ་རང་ཉིད་ཀྱི་ཞལ་ནས་ཐོས་པ་ལྟར་བྲིས་པའི་ཟིན་བྲིས་ཤིག་ལས་འབྱུང་།སྐྱབས་མགོན་རྡོ་རྗེ་འཆང་གི་དྲུང་ནས་འཇིགས་བྱེད་ཀྱི་དབང་གསན་པའི་སྟ་གོན་གྱི་ནུབ་མོ་མནལ་ལམ་དུ་རྗེ་རང་གི་མདའ་གཞུ་ཐོགས་འདུག་པ་མི་གཞན་གྱིས་ཁྱེད་ཀྱི་མདའ་གཞུ་ཐོགས་པ་ཅི་ཡིན་དྲིས་པའི་ལན་དུ།ཤེས་ཡབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འཕུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །ཅེས་ལན་འདེབས་པ་རྨིས་ཚུལ་ཞུས་པར་མཉམ་དུ་དབང་གསན་པ་རྣམས་ཀྱི་ངག་ནས་ཐོས།ལྕང་སྐྱ་རྡོ་རྗེ་འཆང་དགོན་ལུང་དུ་ལན་གཉིས་པ་ཕེབས་སྐབས་མཇལ་དུ་བྱོན་པར་ལྕང་སྐྱ་མཆོག་ནས་ཀྱང་བཀུར་གཟོས་མཛད་ཅིང་།སྐུ་གོང་མ་དེ་ཉིད་དགོན་པ་ལ་བཀའ་དྲིན་ཆེ་བར་བརྟེན་ཨེར་ཏི་ནི་མེར་གན་ཤི་རེ་ཐུ་མཁན་པོ་ཞེས་པའི་ཆོ་ལོ་དང་བཀའ་ཤོག་སོགས་ཀྱིས་གཟེངས་བསྟོད་གནང་།སྐྱབས་མགོན་མཆོག་གི་འཁྲུངས་རབས་གསོལ་འདེབས་ཤིག་བཀའ་རྩོམ་ཞུས་ཏེ་སྒོ་མང་གྲྭ་ཚང་དང་བཀྲ་ཤིས་འཁྱིལ་གཉིས་ཀར་མང་འགྱེད་ཀྱི་ཐོག་ཚོགས་འདོན་དུ་བཙུགས།དགུང་ལོ་ཉེར་གཅིག་པ་ལ་ཡུལ་དབུས་ཆོས་ཀྱི་ཞིང་དུ་བྱོན་ནས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་པོ་ཏི་ལྔའི་སློབ་གཉེར་ཡང་དག་གནང་བས་སྤྲུལ་སྐུ་སྤྱི་ལུགས་ཀྱི་བམ་འཇོག་ཙམ་མ་ཡིན་པའི་ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་མཛད།ཉེར་བརྒྱད་པ་ཤིང་ལུག་ལོ་ཨ་མདོ་ནས་གདན་འདྲེན་པ་འོང་སྐབས་མནལ་ལྟས་མི་ལེགས་པས་ང་མི་འགྲོ་གསུངས་ན་ཡང་ནན་གྱིས་ཕེབས་དགོས་བྱུང་བར་པཎ་ཆེན་རིན་པོ་ཆེ་ནས་འཇམ་དཔལ་ནོ་མོན་ཧན་ཞེས་པའི་ཆོ་ལོ་དང་།རྒྱལ་དབང་རིན་པོ་ཆེ་ནས་ཨེར་ཏི་ནི་ཞེས་བསྣན་ཏེ་ཡབ་སྲས་གཉིས་ཀ་ནས་བཀའ་ཤོག་དང་བཅས།རྟ་དར།འབོག་ལྕགཐམ་གགདུགས་མ་གཏོགས་པའི་མཁན་ཆས་ཀྱིས་གཟེངས་བསྟོད་གནང་།དགོན་པ་ནས་ཀྱང་ཆིབས་བསུ་སྔ་ཕྱི་དང་སེར་སྦྲེངས་སོགས་ཀྱིས་བཀུར་གཟོས་རྨད་དུ་བྱུང་བ་བསྟབས་ཤིང་མེ་སྤྲེལ་ཧོར་ཟླ་བདུན་པའི་ནང་དུ་དགོན་པ་རང་དུ་ཕྱག་བབས།བཀའ་བློན་རྡོ་རིང་པཎྜི་ཏ་ཞེས་ཆོས་སྲིད་རིག་གནས་ལ་བལྟ་བའི་བློ་མིག་ཅན་དེ་ཉིད་ལ།རྣམ་བཅུ་དབང་ལྡན་ལྷ་ས་ཁྱམས་ར་ཆེན་མོའི་ནུབ་ཕྱོགས་ན་ཡོད་པ་ཇི་ལྟ་བ་བཞིན་སྒྲུབ་ཐེབས་དངུལ་དཀར་སྲང་ལྔ་བརྒྱ་སོགས་ཕུལ་ནས་སྒྲུབ་བཅུག་པར་ལེགས་པར་བསྒྲུབས་ནས་གནང་ཡང་།འདི་ཐེག་པའི་ལྷ་ཁང་ཨ་མདོ་ན་ཨེ་ཡོད་དམ་གསུངས་པ་དེ་ད་ལྟ་གསེར་ཁང་ཆེན་མོའི་སྤེན་པད་ཀྱི་རྒྱན་དུ་མཛེས་པ་འདི་ལགས་སོ། །དེ་བཞིན་དུ་འདུ་ཁང་ཆེན་མོའི་སྒོ་ཤན་སྒོ་ཕོར་དང་བཅས་པ་རྡོ་རིང་པཎྜི་ཏ་ནས་གནང་།གསེར་ཁང་ཆེན་མོའི་དེ་ནོམས་བསམ་འགྲུབ་ཕོ་བྲང་ནས་དང་།བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཚོམས་ཆེན་འདོད་དགུ་འཁྱིལ་བའི་དེ་རྣམས་རྒྱལ་ཚབ་རིན་པོ་ཆེ་རྟ་ཚག་ནོ་མོན་ཧན་ལ་ཞུས་པ་ལྟར་འདོད་འཇོ་དཔལ་མོ་ནས་བསྒྲུབས་པ་སོགས་གནས་འདིའི་བྱ་བ་ལས་ཀྱི་འཁོར་ལོ་རྣམས་ཀྱང་ཁུངས་ལྡན་ཤ་སྟག་ཡིན་ཏེ་འཕྲོས་ཙམ་མོ། །མེ་བྱ་ཧོར་ཟླ་གཉིས་པའི་ཡར་ཚེས་ལ་ཚོགས་ཆེན་ཁྲིར་ཕེབས།བརྩི་བཞག་གནང་སྐབས་འཛིན་གྲྭ་རེ་ལ་ཉུང་མཐའ་ཤོག་གུ་རེ་ལས་མི་དམའ་ཞིང་རྒྱུན་དུ་དེ་ལས་ཀྱང་མང་བ་གནང་སྟེ།གྲྭ་ཚང་འདི་ལྟ་བུ་གསུམ་ལ་འཆད་ཉན་བྱེད་དགོས་ན་ཡང་བྱེད་རྒྱུའི་སྤོབས་པ་ཡོད་ཅེས་ཚོགས་གཏམ་གྱི་སྐབས་སུ་གསུངས།སྐབས་སྐབས་སུ་ཆོས་གྲྭར་རྒྱུན་རིང་བཞུགས་ནས་སྐུ་མདུན་དུ་འཛིན་གྲྭ་རེས་མོས་ཀྱིས་དམ་བཅའ་ཚུགས་པ་ལ་གཟིགས་རྟོག་དང་།དབྱངས་ཆགས་ལ་ཆེད་གཉེར་གྱིས་ཕེབས་ནས་དབྱངས་སློབ་པ་དང་དག་ཐེར་སོགས་མཛད་ཅིང་།སྲོད་ཆོས་མེད་སྐབས་སུ་ཡང་དགུང་མོའི་སྐུ་རིམ་ལ་ཐེངས་འགའ་ཕེབས་པ་དང་།འགྲིག་འགལ་ཕྲན་ཚེགས་ཀྱི་སྐོར་བསྙེལ་དོགས་ནས་སམ་ཊ་ལ་ཕྱག་བྲིས་གནང་བ་བསྣམས་ནས་ཆོས་གྲྭར་ཚོགས་གཏམ་གནང་བ་སོགས་རྟིང་བསྐུལ་ཆེ་བར་མཛད།དམིགས་གསལ་ཞིག་གི་ཚེ་གཏོར་རྒྱག་གནང་སྐབས་ཞལ་ལ་ལྟ་མི་བཟོད་པའི་འཇིགས་རྔམ་ཆེ་ཞིང་།དམིགས་ཡུལ་གྱི་མཐུ་དཔུང་རྨེག་མེད་བཅོམ་པའི་རྟགས་མཚན་མངོན་དུ་གྱུར།འདུལ་བ་ནས་བཟུང་སྟེ་ཁ་དོག་དཀར་དམར་གྱི་བར་ལ་བརྩི་བཞག་ཁེར་རྒྱུགས་ལེན་པར།དཔེ་ཆ་ཉིད་ཀྱི་ཕྱག་ཏུ་བསྣམས་ནས་མི་དང་པོ་དེའི་འདོན་འཕྲོ་ནས་གཉིས་པ་དེས་འདོན་དགོས་པ་སོགས་ཐར་ཆགས་སུ་རྫོགས་པ་ན་སྔར་མཇུག་འདོན་མཁན་གྱི་མི་དེ་ལ་ཡང་བསྐྱར་གྱིས་མགོ་ནས་འདོན་འཇུག་པ་སོགས་ལུགས་ལྡོག་མཛད་པས་ཚུལམིན་གྱི་གཡོ་སྒྱུ་ཅུང་ཟད་ཀྱང་བྱེད་ཐབས་མེད་ཅིང་།རྒྱུགས་མ་འཕྲོད་པ་རྣམས་ལ་བབ་འོས་ཀྱི་ཆད་པ་ལྡོག་༼ཟློག༽ཏུ་མེད་པར་འགེལ་བས་འཛིན་སྐྱོར་ཤིན་ཏུ་འཕེལ།རིགས་གྲྭ་ལན་གཉིས་བཏང་ཞིང་འདུ་ཁང་སྟེང་དུ་ལམ་རིམ་ལྷ་ཁང་བཞེངས་རྩིས་ཀྱི་བསོད་སྙོམས་ལ་ཕེབས་སྐབས་གསོལ་ཚིགས་བསགས་ནས་གྲྭ་ཚང་ལ་ཤའི་ཚབ་ར་གཏོང་བ་གནང་།དེ་ལྟར་ཆོས་སྲིད་གཉིས་ཀྱིས་སྐྱོང་བཞིན་པའི་མུར་གློ་བུར་དུ་སྐུ་བསྙུང་བཞེས་པ་ཐབས་གང་གིས་ཀྱང་ཟློག་མ་ནུས་པར་དགུང་ལོ་སོ་གཅིག་པ་ས་ཁྱི་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་དག་པའི་ཞིང་དུ་གཤེགས་སོ། །གཞན་ལྷ་དང་བླ་མའི་གཟིགས་སྣང་གི་གཏམ་ཡང་ཐོས་ལ་ལུང་བསྟན་ཐོགས་པ་མེད་པ་སོགས་ཀྱི་ལོ་རྒྱུས་མང་ན་ཡང་འདིར་དེ་ཙམ་མོ།

                                                  རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།