བྱ་ཁྱུང་མཁན་རབས་ཞེ་དགུ་བ་རྐ་ཕུག་བློ་བཟང་དོན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:25:43     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་གདོང་སྣ།རབ་ཉིའི་ལྕགས་སྤྲེལ་ལོར་འཁྲུངས།ལྷ་རི་བ་གྲུབ་དབང་བློ་བཟང་འབྱུང་གནས་ལ་མཇལ་བར།ཁོང་གི་ཕྱག་དྲིལ་རྩེ་ལྔ་བ་ཞིག་ཡོད་པ་མཐོང་མ་ཐག་ཏུ་ང་ལ་ཡང་འདི་འདྲ་བ་ཞིག་ཡོད།འདི་འདྲ་བ་ཡིན་ཟེར་ནས་སོར་མོ་རྣམས་བསྡུས་ནས་རིལ་བོར་བྱས་ཏེ་གྱེན་དུ་ཕྱོགས་ནས་སྟོན་པས་སྐུ་གོང་མའི་ཕྱག་དྲིལ་རྩེ་དགུ་བ་ཡིན་པའི་བརྡར་འདུག །དབོན་པོ་བླ་མ་ཟེར་བ་སྔར་སྨ་ར་ཅན་ཞིག་ཡོད་པ་དེ་སྐབས་སྨ་ར་བཞར་འདུག་པ་ལ་གཟིགས་ནས་ཡབ་ཀྱི་རྣ་ཁུང་དུ་འདི་ལ་ཁ་སྤུ་མེད་པ་ཅི་རེད་ཅེས་གསུངས་པས་ཐམས་ཅད་ཡ་མཚན་དུ་གྱུར་བ་སོགས་ལ་བརྟེན་རྐ་ཕུག་སྒོམ་ཆུང་བའི་སྤྲུལ་སྐུར་ངོས་བཟུང་། ལྷ་རི་བློ་བཟང་འབྱུང་གནས་ལས་རབ་ཏུ་བྱུང་།དགུང་ལོ་བཅོ་ལྔ་བར་བྱ་ཁྱུང་དུ་ཕེབས་ནས་ཆོས་གྲྭ་ཞུགས།བདེ་ཁང་བའི་མདུན་ནས་དགེ་ཚུལ་བསྒྲུབས།དགུང་ལོ་ཉེར་བདུན་སྟེང་དབུས་གཙང་དུ་ཕེབས།རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་།ཡོངས་འཛིན་ཁྲི་ཆེན་མཚམས་རིང་བ་ངག་དབང་ཆོས་གྲགས་སོགས་མཇལ།འབྲས་སྤུངས་སྒོ་མང་དུ་ཞུགས།པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་རྫོགས་མཛད་བཞེད་ཡིན་ཀྱང་སྟབས་མ་འགྲིག་པར་དཔོན་སློབ་དགེ་འདུན་བདེ་ཆེན་དྲུང་ནས་བསྙེན་པར་རྫོགས།དགུང་ལོ་ཉེར་བརྒྱད་སྟེང་སླར་བྱ་ཁྱུང་དུ་ཕེབས།གཞུང་དང་རིག་གནས་ལ་མཁས་པར་སྦྱངས།ནས་འབྲུ་གཅིག་ལ་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་ལེགས་པར་དོད་པ་བཞེངས་པ་སོགས་བཟོའི་གནས་ཀྱང་མཁས་པར་མཁྱེན།ལྷ་རི་བློ་བཟང་འབྱུང་གནས།བདེ་ཁང་ཚང་།རྩ་བ་བློ་བཟང་རྒྱལ་མཚན།མདོ་བ་མཁན་པོ་ངག་དབང་དོན་གྲུབ།ཆུ་བཟང་།འཇམ་དབྱངས་བཞད་པ།ཐུའུ་བཀྭན།ཨ་རིག་དགེ་བཤེས།རྗེ་གསེར་ཁང་བ།གཡེར་གཤོང་དགེ་འདུན་ཟླ་གྲགས།རྙེ་དཔོན་སློབ་བློ་བཟང་ཆོས་ཀྱི་ཉི་མ་སོགས་དམ་པ་མང་དུ་བསྟེན་ཅིང་ཆོས་བཀའ་རྒྱ་ཆེར་གསན།དགུང་ལོ་བཞི་བཅུ་ཐོག་མགུར་རྣམ་རྒྱལ་གླིང་གི་ཁྲི་བསྐྱངས།དགུང་ལོ་ང་བཞི་ཐོག་རྐ་ཕུག་རྫོང་ནང་གི་དགོན་གསར་འདེབས་མཛད།དགུང་ལོ་རེ་གཉིས་ཐོག་བྱ་ཁྱུང་དུ་སྨན་པའི་ཁྲི་བསྐྱངས་སྐབས།དེ་དུས་རྒྱུད་པའི་བླ་མ་དབུ་མཛད་རྗེ་ངག་དབང་བསོད་ནམས་ཚང་གིས།ཁོང་ནས་སྨན་པ་གྲྭ་ཚང་ཚུགས་ཀྱང་བསྟན་པ་ལ་ཕན་ཆེར་མི་ཐོགས།སླད་ནས་དུས་འཁོར་ཚུགས་པའི་རྟེན་འབྲེལ་དུ་བཀའ་ཆོས་ཀྱི་ཐོག་མར་དུས་འཁོར་གྱི་རྒྱུད་ཀྱི་དབུ་ནས་གནང་ན་ལེགས་ཞེས་ཞུས་པར་ཞལ་གྱིས་བཞེས།དེ་ནས་སྨན་པའི་འཆད་ཉན་དང་འགྲིག་ལམ་སྐྱོང་བཞིན་པའི་མུར་རིང་བོ་མ་ལོན་པ་ན།ཆོས་རྗེ་རྒྱ་ནག་པ་དར་རྒྱས་རྒྱ་མཚོ་སྨད་ནས་སླེབས་ཏེ།དུས་འཁོར་གྲྭ་ཚང་ཞིག་འཛུགས་དགོས་པར་ཞུས་སྐབས་ཟུར་དུ་མི་དགོས་སྨན་པ་གྲྭ་ཚང་དུས་འཁོར་གྲྭ་ཚང་དུ་བསྒྱུར་ཆོག་པར་གྲོས་འཆམས་པ་བཞིན་ལོ་གཅིག་ནང་དུ་གྲ་སྒྲིག་ཚགས་ཆུད་དང་།ཆུ་ཁྱི་ལོའི་ནག་ཉར་དུས་འཁོར་ཆོག་ཆེན་ཞལ་འདོན་དུ་བཙུགས་པ་སོགས་ཕྱག་རྗེས་རླབས་ཆེ།དགུང་ལོ་རེ་བཞི་བ་རབ་འདོད་ཆུ་ཕག་ལོར་སེང་ཁྲིར་ཕེབས།ཁྱུང་ཕྲུག་པའི་སྐབས་དང་པོ་པར་དུ་བརྐོས།ལྷ་ཁང་ཆེན་མོ་ཞིག་གསོས་མཛད།སྔ་ཕྱིར་དབང་ལུང་རྗེས་གསུམ་མང་ཙམ་གནང་ཞིང་མང་འགྱེད་ཚད་མེད་པ་བཏང་།ལོ་གཉིས་ནས་ཁྲིའི་གནང་བ་ཞུས།རྒྱུད་པ་གྲྭ་ཚང་གིས་ཞུས་ངོར།རྡུལ་ཚོན་ལ་བརྟེན་པའི་ལཱུ་ཨི་བའི་ལུགས་ཀྱི་བདེ་མཆོག་དབངདང་།སྔགསབཏུའི་རྗེས་གནང་སྩལ།གསང་སྔགས་བསྟན་རྒྱས་གླིང་དང་གནམ་རྫོང་དགོན་སོགས་སུ་ཡང་རྟེན་བཞེངས་རྒྱ་ཆེར་མཛད།གསུང་རྩོམ་པོ་ཏི་གཉིས་ཙམ་ཡོད་པར་རྣམ་ཐར་ལས་བཤད།དགུང་ལོ་གྱ་བརྒྱད་སྟེང་མྱ་ངན་ལས་འདས།འདི་བ་ཆེ་ཤོས་ལྷ་བཟོའི་སྐུ་སྐྱེས་སུ་ངོས་འཛིན།ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་འདི་བའི་རྣམ་ཐར་དེབ་ཉི་ཤུ་ཙམ་རྐ་ཕུག་དགོན་དུ་དཔར་བཞུགས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།