བྱ་ཁྱུང་མཁན་རབས་གཉིས་པ་གཞོན་ནུ་བྱང་ཆུབ་འོད་ཟེར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-30 17:32:17     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

མཁན་རབས་གཉིས་པ་ནི་གཞོན་ནུ་བྱང་ཆུབ་འོད་ཟེར་ཡིན་ལ།འདི་བ་ཁྲི་གའི་ཨར་རྐོང་དུ་འཁྲུངས།ཆུང་ངུ་ནས་འབྲི་ཀློག་ལ་ཐོགས་པ་མེད།རབ་ཏུ་བྱུང་ནས་ཚུལ་ཁྲིམས་མིག་འབྲས་ལྟར་གཅེས་པར་བསྲུངས།བལ་བོད་གཉིས་ཀར་མཁས་གྲུབ་མང་བོའི་ཞབས་པད་བསྟེན།ཁྱད་པར་དུ་ཏཱ་དབོན་གཞོན་ནུ་སེངྒེ་དང་ཆོས་རྗེ་དོན་རིན་པའི་གསུང་གི་བདུད་རྩི་མྱངས།རྗེ་ཙོང་ཁ་པ་ཆེན་པོ་བྱ་ཁྱུང་ནས་དགེ་ཚུལ་དུ་སྒྲུབ་པའི་སྐབས་ཀྱི་ལས་སློབ་མཛད།འཁྲུངས་ཡུལ་ཕྱོགས་ཀྱི་འགག་ཟའི་ལུང་བར་ཆུ་མེད་པས་ཆུ་མགོ་ཆེན་པོ་བཏོན་པར་བརྟེན་ཀོའུ་བ་རི་ཕུག་པར་གྲགས།མཁས་གྲུབ་ཀྱི་གྲགས་པ་ཆེ་བས་ཧོར་མོག་ཁག་གཉིས་ཀྱིས་བླ་མཆོད་དུ་བཀུར།ད་ལྟའི་ཀོའུ་བ་དགོན་གྱི་གནས་འདིར་གཞི་བཏིངས་ནས་ཡུན་རིང་བཞུགས།ཆོས་རྗེ་དོན་རིན་པ་གནས་དེར་ཞུས་ནས་ཆོས་མང་དུ་གསུངས།ཆོས་རྗེ་དོན་གྲུབ་རིན་ཆེན་འདས་པའི་རྗེས་ནས་བྱ་ཁྱུང་གི་གདན་ས་བསྐྱངས།དེའི་སྤྲུལ་སྐུ་ཕྱི་མ་རྣམས་ནི་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་བླ་མ་ཀོའུ་བ་ཆོས་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་རྣམས་ལ་ངོས་འཛིན།ཏཱ་དབོན་གཞོན་ནུ་སེངྒེ་ཞེས་པ་ནི།ས་སྐྱའི་འགྲོ་མགོན་འཕགས་པ་ལ་སློབ་མ་གྲྭ་ཆེན་བཞི་ཡོད་པའི་གཅིག་ལ་ཏཱ་དབོན་དྲུང་རིན་ཆེན་གྲགས་ཟེར།འདིས་འཕགས་པ་བོད་དུ་བྱོན་པའི་སྐུ་ཚབ་མཛད།ཧོར་རྒྱལ་པོས་འཕགས་པ་དང་མཚུངས་པར་བཀུར།ཤིང་ཀུན་དཔལ་གྱི་སྡེ་ཆེན་སོགས་གདན་ས་གསུམ་དུ་གྲགས་པའི་སྡེ་ཆེན་བཙུགས།དེའི་དབོན་པོ་དྲུང་མཛེས་པའི་ཏོག་གམ་དཀོན་མཆོག་རིན་ཆེན་ཏེ་ཁུ་དབོན་གཉིས་ཀའང་འགྲོ་མགོན་འཕགས་པའི་དངོས་སློབ་ཡིན།རྨ་ཆེན་གངས་ལ་ཐུག་པའི་བར་གྱི་མདོ་སྨད་ཀྱི་བོན་མཐའ་དག་བཎྡེར་བསྒྱུར་པ་སོགས་ཕྱག་རྗེས་ཆེ།དེའི་དབོན་པོ་ཏཱ་དབོན་གཞོན་ནུ་སེངྒེ་ཡིན། འདི་བས་གཉའ་གོང་བྲག་དཀར་ཁྲ་བོར་དགོན་པ་བཏབ། དེར་དགེ་འདུན་ཁྲི།སྔགས་པ་ཕུར་ཐོགས་སྟོང་།དམག་མི་འབུམ་ཚོགས་པར་གྲགས།ཀོའུ་པ་རི་ཕུག་པ་གཞོན་ནུ་བྱང་ཆུབ་འོད་ཟེར་སོགས་སློབ་མ་མཁས་པ་མང་དུ་འདུས།དེའི་དབོན་པོ་ཏཱ་དབོན་ནམ་མཁའ་སེངྒེ་རྗེ་ཙོང་ཁ་པའི་དངོས་སློབ་ཏུ་གྱུར།འདི་བས་དགའ་ལྡན་དུ་ཏཱ་དབོན་ཁམ་ཚན་བཙུགས།དེའི་དབོན་རྒྱུན་དོན་ཡོད་སེང་གེས་སེར་འབྲས་གཉིས་སུའང་ཏཱ་དབོན་ཁམ་ཚན་བཙུགས་པ་སོགས་ཕྱག་རྗེས་ཅན་ཤ་སྟག་བྱུང་སྟེ་སྐབས་འབྲེལ་གྱི་ལོ་རྒྱུས་ཚང་བའི་དོན་དུ་ཞར་ལ་སྨོས་སོ། །

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

 རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 


བརྒྱུད་འགོད།