བླ་བྲང་གདན་རབས་དང་བོ་ཀུན་མཁྱེན་བཞད་པའི་རྡོ་རྗེ་རྗེ་ངག་དབང་བརྩོན་འགྲུས་པ་ཆེན་པོ།
༄༅།། བཀྲ་ཤིས་འཁྱིལ་གྱི་གདན་རབས་ལོ་རྒྱུས་ཙམ་ལ་འདི་མན་ཆད་ཁོ་ནས་ཆོག་མོད།འདི་ཡན་ཆད་དུ་ཉ་དང་ཉུ་ང་མ་བསྲེས་པ་ལྟ་བུའི་གཏམ་གྱིས་ཉིས་འགྱུར་དུ་བསྐྱེད་པ་ནི་ཆོས་སྡེ་འདི་ཉིད་ཀྱི་གནས་ཚུལ་ཤེས་པར་འདོད་པ་དག་དང་།ཆོས་གྲྭ་འགྲིམ་མཁན་གྱི་གསར་བུ་འགའ་ཞིག་ལ་ཕན་པ་སྲིད་དམ་སྙམ་ནས་བྲིས་ལ།ད་ནི་གདན་རབས་རིམ་བྱོན་རྣམས་ཀྱི་རྣམ་ཐར་བརྗོད་པར་བྱ་སྟེ།དེ་ཡང་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གོང་མ་རྒྱ་བསྐྱེད་སྐབས་བྱང་ངོས་སུ་འབྲས་བུ་ཅན་གྱི་ཤིང་མང་པོ་སྐྱེས་པའི་རྟེན་འབྲེལ་ལྟར་བཀྲ་ཤིས་སྒོ་མང་དུ་ཆོས་ཀྱི་རྒྱལ་མཚན་བཙུགས་པ་དེ་ལས་ཕྱོགས་འདིར་མར་མེ་གཅིག་ལས་གཉིས་ཆད་ཀྱི་དགོན་སྡེ་འདི་ཆགས་པ་ཡིན་ལ།ཐོག་མར་རྩེ་གཞུང་ས་ཡི་ཐིག་ལེར་ཆོས་ཐོག་ཚུགས་ཕྱིན་ཆད་ཕེབས་བཞུད་ཀྱི་ཚེ་ཡང་དགེ་འདུན་གྲུབ་ཡབ་སྲས་ཀྱི་ཕྱག་ལེན་ལྟར་ཆོས་ཐོག་མ་ཆག་པ་བྱེད་དགོས་གསུངས་པ་བཞིན་དགོན་གནས་འཚོལ་སྐབས་སུ་རོང་ཚོ་ཆེན་བཅོ་བརྒྱད་སོགས་ཀྱི་སར་ཆོས་པར་བཏེག། དེའི་ཕྱག་སྲོལ་སྐྱབས་མགོན་རྡོ་རྗེ་འཆང་ནས་གསན་སྦྱོང་དུས་ཐེ་བོ་ཆབ་ཚན་དུ་ཕེབས་སྐབས་སོགས་རེས་འགའ་སྐྱོང་བར་མཛད་དེ་རྟེན་འབྲེལ་དང་དགོས་པ་ཆེ་བར་སེམས་སོ།། །།
གྲྭ་ཚང་གསར་ཚུགས་ཀྱི་ཚེ་ཀུན་མཁྱེན་མཆོག་གིས་ཁྲི་བ་མཛད་ནས་བརྩི་བཞག་གནང་ཞིང་སྐབས་སྐབས་སུ་གསར་བུ་རྣམས་ལ་རྩོད་པ་བྱེད་བཅུག་སྟེ་རྟགས་གསལ་རེ་གཉིས་འཕྲོད་མཁན་རྣམས་ལ་དགེ་བཤེས་ཡོང་བ་འདུག་སོགས་བསྔགས་བརྗོད་མཛད་པ་དང་། དྲག་ཞན་ཀུན་ལ་བློ་ཚོད་དང་བསྟུན་པའི་བསླབ་བྱ་དང་བབས་༼བབ༽འོས་ཀྱི་གནང་སྦྱིན་སོགས་དགྱེས་པ་ཆེར་མཛད་ཅིང་། གྲྭ་བ་གསར་བུ་ཞིག་ལ་ཡང་སྐྱོན་བརྗོད་ན་ཐུགས་མི་དགྱེས་པ་སོགས་བརྩེ་བས་བདག་གིར་མཛད་པ་ཡིན་འདུག་སྟེ།ལན་གཅིག་རོང་ཕྱོགས་ནས་དགོན་པར་ཕེབས་ཉིན་མི་ཞིག་གིས།ཁྱོད་ཀྱི་གྲྭ་བ་གཅེར་བུ་རྣམས་ཆིབས་བསུར་འོང་ཤས་ཆེ་ཞུས་པར།ཁྱོད་ཀྱིས་ཧ་མ་གོ་བ་ཡིན།འདི་ཚོས་གངས་ཏེ་སེ་ནས་བཟུང་སྟེ་ངེད་རང་གི་རྗེས་གཏོང་མ་མྱོང་ཞེས་གསུངས་ཏེ།གནས་བརྟན་ཡན་ལག་འབྱུང་དང་ཐུགས་རྒྱུད་གཅིག་པའི་བརྡར་རྣམ་དཔྱོད་ཅན་རྣམས་གླེང་།གཏེར་ལུང་དུ་བྱོན་སྐབས་ལྡོང་ངེ་དགྲ་བླ་ཟེར་བའི་བོན་པོ་ཞིག་གིས་ཞྭ་དམར་གྱོན།སིལ་སྙན་དཀྲོལ་ཏེ་ཁྱུང་ཁེལ་ནས་བསུས་པས་ཆ་ལུགས་འདི་གངས་ཏེ་སེ་ནས་མཐོང་མྱོང་གསུངས་སྟེ་སྐྱབས་མགོན་མཆོག་དབང་ཕྱུག་མི་ལ་རས་པ་དང་ཐུགས་རྒྱུད་གཅིག་པར་པཎ་ཆེན་ཐམས་ཅད་མཁྱེན་པས་གསུངས་པ་དང་འགྲིག་གམ་སྙམ་སྟེ།ཀ་ལན་ད་ཀའི་དྲིས་ལན་ལས།རྭ་བཅུ་རྒྱས་པའི་ཤ་བ་སྨུག་པོ་དང་། །ལ་ལུང་བགྲོད་བྱེད་ཀློག་སྦྱང་དམར་མོ་དང་།ཤ་ཟའ་གདོང་ཅན་མགོན་པོ་རྡོ་རྗེ་གསུམ། །ས་ཐོབ་དམ་པ་གང་ལས་བྱུང་བ་ལྟོས། །ཞེས་པའི་དོན་དཔྱད་པར་བྱའོ། །གྲྭ་བའི་ནང་དུ་ནད་ཡམས་ཤིག་བྱུང་སྐབས་ཐུགས་དམ་གྱི་རྟེན་ཆོས་རྒྱལ་གྱི་ཞལ་ཐང་ལ་བཀའ་ཀྱོན་དང་ཕྱག་འབེབས་མཛད་པས་ནད་ཡམས་ཆད་སོང་བ་ནི་ལྷ་ལ་དྲག་ཤུལ་སྤྱོད་པར་ནུས་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་མངའ་བརྙེས་པའི་རྟགས་སུ་གསལ་ལོ། །གྲྭ་བ་ཞིག་ཆོས་གྲྭ་མི་འགྲིམ་པར་བཟའ་བཏུང་དང་གཉིད་འབའ་ཞིག་གིས་འདའ་བ་ལ།མཆེད་གྲོགས་འགས་བསྐུལ་བཏབ་པར།ཚེ་འདིར་སྐྱིད་སྐྱིད་ཅིག་གཏོང་དགོས་ཕྱི་མར་འཇམ་དབྱངས་བཞད་པས་རྩིས་ཁ་བཏང་མི་ཡོང་ཟེར་བ་མི་གཞན་གྱིས་སྐུ་མདུན་དུ་ཞུས་པས་འོ་དེ་ཀ་ཡིན།རྩིས་ཁ་གཏོང་དོགས་མེད་ཅེས་གསུངས།གྲྭ་བ་ཞིག་གཤེགས་པའི་རུས་དུམ་ཞིག་ཁྱེར་ཤོག་གསུངས་ནས་ཞལ་ཕུ་མཛད།གཞན་རྣམས་ལ་ཡང་ཁྱེད་རང་ཚོས་སྔགསརེ་ཐོབ་དང་ཨ་ཙ་མ་གསུངས།ཉིན་ཁ་ཤས་ནས་ད་ལེགས་པོ་བྱུང་གསུངས་ནས་རུས་པ་དེ་བོར་བར་མཛད།ཡང་ལན་ཅིག་ཕྲེང་བ་དེ་ཁྱེར་ཤོག་དང་ད་རེས་དམྱལ་བའི་ཟང་ང་གཅོག་དགོས་གསུངས།ཕྲེང་བ་བསྣམས་ནས་ཞལ་འདོན་གྱི་རྣམ་པས་ཅུང་ཟད་བཞུགས་ཏེ།ཕོ་ཁྱོ་ག་ལྟ་བའི་བག་ཆགས་ཅན་ཡིན་པས་གྲོལ་སླ་བར་འདུག་གསུངས།ཡང་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོ་སྐུ་གཟུགས་མ་བདེ་བར་སྐུ་མདུན་དུ་མཇལ་བར་འོངས་པས་ཁྱོད་ཅི་ལ་འོང་བ་ཡིན་གསུངས་ནས་ཕྱག་མཁར་༼འཁར༽གྱིས་མང་དུ་བརྡུངས་ཏེ་སོང་གསུངས།དཔོན་སློབ་ཀྱིས་ད་བསམ་དོན་གྲུབ་པ་ཡིན་ཞེས་ཕེབས་སོང་བར་ཟླ་བོ་ཁྲེལ་རྒོད་བྱས་འདུག་ཀྱང་དེ་མ་ཐག་བསྙུན་ལས་གྲོལ་བ་དང་།དཔོན་ཇུ་ནང་གི་ཚ་བོ་ལྷ་སྐྱབས་མེར་གན་དཱའི་ཆིང་ཐུགས་རིག་ངོས་མི་ཟིན་པ་ཞིག་བྱུང་སྟེ་ལོ་མང་པོར་ཐབས་གང་གིས་ཀྱང་མ་ཕན་པས་སྐྱབས་ཆོལ་དུ་འོང་བ་བསང་གཞུང་དུ་ཐོན་ཉིན་ནས་བདེ་རུ་སོང་བར།ཁྱོད་འདིར་འོང་བ་ལེགས།ནད་བདག་དེ་ངའི་རྩར་འོང་བ་ལྟ་ཞོག་མདའ་ཆེན་ཉག་ག་ཡང་བརྒལ་མ་ཐུབ།ད་ནད་དྲག་སོང་བ་ཡིན་ཀྱང་ཕྱིན་ཆད་ཀྱི་བསྲུང་བ་འདྲ་བྱེད་གསུངས་ནས་བྱབས་ཁྲུས་དང་བཀའ་བསྒོ་ཁ་ཤས་མཛད་པས་སངས་དྭངས་སུ་སོང་བ་དང་།མི་ཏྲ་བརྒྱ་རྩ་གནང་སྐབས་ཐུན་བར་ཞིག་ལ་མཁན་པོ་ནོ་མོན་ཧན་ལ་རྡུང་དགོས་གསུངས་ནས་གློ་བུར་བཞེངས་པར་གསོལ་དཔོན་དབྱིག་ཀྱ་རབ་འབྱམས་པ་འཇམ་དབྱངས་ནས་ཕྱོགས་འགྲུལ་ཤིན་ཏུ་མང་སྟབས་དེ་འདྲ་མ་གནང་བྱས་སྐུ་ལ་འཐམ་པས་ཧ་མ་གོ་བ།ངའི་ཚོད་འཛིན་རྒྱུ་ཨེ་ཡིན་གསུངས་ནས་ཕྱག་འཁར་གྱིས་བརྡུངས་ཀྱང་མ་བཏང་བས་ས་ལ་བཞུགས་ནས་བརྡུངས་ན་ལེགས་པོ་ཡིན་ཏེ་གསུངས།དབང་གྲོལ་ནས་ནོ་མོན་ཧན་ཟི་ལིང་དུ་ཕེབས་པར་རྨ་ཆུས་གྲུ་བསྐྱོད་དེ་གྲྭ་པ་འགའ་ཞིག་ཆུས་ཁྱེར།ནོ་མོན་ཧན་དཔོན་གཡོག་ཁ་ཤས་ཆུ་བས་ཟིན་ཐུབ་ཙམ་བྱུང་བ་སྤྱན་དམིགས་ཀྱི་མཐུ་ཡིན་པར་ངེས་སོ། །འདི་དག་ནི་བསད་གསོ་སོགས་ལ་མངའ་བསྒྱུར་བའི་མཛད་པ་མཐུན་གྲུབ་ཡིན་ནོ། །ཡང་བུ་ཆེན་འགའ་ཞིག་གིས་བསྐྱེད་རིམ་མཐར་ཕྱིན་པའི་སྐབས་སུ་རུས་རྒྱན་སོགས་མིག་གིས་མཐོང་རྒྱུ་ཡོད་ཟེར་བ་ཨེ་བདེན་ཞུས་པར།དེ་ལོས་བདེན།འདི་ཡིན་མོད་གསུངས་ནས་དབུ་གཡས་གཡོན་དུ་ཀྱོག་ནས་སྟོན་པར་མཛད་པ་དང་།ཡང་ཐང་སག་པ་དངོས་གྲུབ་རྒྱ་མཚོདང་ཁོང་རྣམ་གཉིས་ཀྱིས་གསང་འདུས་དབང་གི་ལུས་དཀྱིལ་ངོ་སྤྲོད་ཀྱི་ཚེ་ལུས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ལྷ་སོ་གཉིས་ཤེལ་བུམ་ནང་གི་མར་མེ་ལྟར་གསལ་བ་སྟོན་རེས་མཛད་པ་སོགས་ངོ་མཚར་བའི་གཏམ་མཐའ་ཡས་པ་ཡོད་ཀྱང་འདིར་དེ་ཙམ་མོ། །ཨེ་མ་གངྒཱ་མ་ལུས་སུ་ཡིས་བཏུང་། །ཅི་འདི་ཀུན་ཀྱང་དབང་ཕྱུག་ཡིན་ནམ་ཅི། །འོན་ཀྱང་ཡན་ལག་བརྒྱད་ལྡན་ཆབ་བཏུང་བར། །བརྩོན་པར་མཛོད་ཅིག་སྐོམ་པས་གདུང་བ་རྣམས། །ཞེས་ཀྱང་སྨྲས་སོ། །
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
