འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་གསུམ་པ་བར་ཐོག་ཚང་ངག་དབང་བློ་བཟང་འཇིགས་མེད་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-14 22:11:17     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

90660192682118338.jpg

                         བརྒྱུད་འདེབས་ལས།
                                   ང༷ག་གི་དབ༷ང་ཕྱུག་བློ་བཟ༷ང་རྒྱལ་བའི་བསྟན། །
                                   འཇིགས་མེད་རྒྱལ་མཚན་འཛིན་པའི་མཛད་བཟང་མཆོག །
                                   རྒྱ༷་མཚོའི་གོས་ཅན་ཡོངས་ལ་ཁྱབ་མཛད་པ། །
                                   རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་དྲུག་ཅུ་རེ་གསུམ་པ། བར་ཐོག་ཚང་ངག་དབང་བློ་བཟང་འཇིགས་མེད་རྒྱ་མཚོ་ཡིན་ལ། དམ་པ་འདི་ཉིད་རབ་བྱུང་༡༥ ཆུ་ལུག་ཕྱི་ལོ་༡༨༨༣ ལོར་ལྷ་སར་ལྕག་རོང་སྤྱི་ཕྱག་གི་མི་རྒྱུད་དུ་འཁྲུངས། དགུང་ལོ་བདུན་པའི་ཐོག་བར་ཐོག་ཚང་གོང་མའི་སྤྲུལ་སྐུར་ངོས་འཛིན་གྱིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་སྐབས་ཚོགས་ཆེན་སྤྲུལ་སྐུའི་མཚན་ཐོབ་གནས་སྤར་བྱུང་། གུང་རུ་མཁན་ཆེན་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་རྫོགས་པར་མཛད། དགུང་ལོ་ཉི་ཤུ་རྩ་གྲངས་ཤིག་ལ་གླེང་བསྲེ་དཀའ་བཅུའི་མཚན་བཏགས་བཞེས། མཚན་བཏགས་གྲུབ་ནས་སོག་ཡུལ་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད།

        ཆུ་བྱི་ལོ་༸གོང་ས་མཆོག་རྒྱ་གར་ནས་ཕྱིར་ཕེབས་ཀྱིས་ཆོས་འཁོར་ཡང་རྩེར་ཕེབས་སྐབས་འཚམས་ཞུའི་མཇལ་དར་དང་སྦྲགས་མཇལ་བཅར་སྐབས་སྒོ་མང་གྲྭ་ཚང་གི་མཁན་ཁྲི་གཅིག་བྱུང་ན་བསམ་པ་འདུག་ཀྱང་འཕྲོད་ལམ་དང་ཕན་ཐོགས་དགེ་མཚན་འདྲ་ཡོད་མེད་ཐུགས་དམ་ས་བོན་ཞིག་ཕུལ་བའི་ཕྱིར་ཕེབས་སུ་གྲྭ་ཚང་ལ་ལེགས་ཚོགས་ཆེ་ཚུལ་ཕེབས། དེ་ནས་ཆེར་མ་འགྱངས་པར་མཁན་པོ་བརྗེ་མཚམས་ཁེལ་བས་འོས་ཐོ་བསྒྲིགས་སྐབས་འགའ་ཞིག་གིས་སྤྲུལ་སྐུ་འདི་པ་ཚོགས་ཆེན་སྤྲུལ་སྐུ་ཡིན་པས་འོས་དང་པོར་ངེས་ཟེར། འགའ་ཞིག་འདུལ་བ་མཁན་པོ་ལས་ཐོག་པ་ཡིན་པས་འོས་དང་པོར་ངེས་ཟེར་ནས་ཞལ་མ་འཆམས་པར་ཡོད་སྟབས། ཉིན་གཅིག་རྣམ་གཉིས་གྲྭ་ཚང་ཕྱག་སྦུག་ཁང་དུ་གདན་ཞུས་ཀྱིས་འོས་ཐོའི་སྐོར་བཀའ་བསྡུར་གནང་སྐབས་འདུལ་བ་མཁན་པོ་ནས་མཁན་པོ་ལས་ཐོག་པ་ཡིན་པས་དང་པོར་ཕེབས་དགོས་ཚུལ་གསུངས། དེ་ལ་སྤྲུལ་སྐུ་འདི་པས་འོས་ཐོ་འབུལ་ཕྱོགས་སྐོར་ལ་སྐུ་མཉེལ་པོ་གནང་དགོས་ག་རེ་འདུག སྤྱིར་བཏང་གཞུང་ས་མཆོག་གི་མཛད་སྒོ་ཆེ་ཆུང་ཁག་དང་། བླ་སྤྲུལ་ཁག་གི་མཚན་བཏགས་དང་ཆོས་ཞུགས་ཀྱི་མཛད་སྒོ།

        ལྷག་པར་དེ་རིང་འདིར་བཞུགས་པའི་རིམ་པ་ལྟར་བྲིས་ན་མི་འགྲིགས་པ་ཅི་འདུག་གསུངས་པས་ཐམས་ཅད་ལན་གྱིས་ཕོངས་ནས་ཅི་གསུང་མངོན་པར་བསྟོད་དེ་འོས་དང་པོར་སྤྲུལ་སྐུ་འདི་དང་། འོས་གཉིས་པར་འདུལ་བ་མཁན་པོ་སོགས་ཀྱི་འོས་ཐོ་ཕུལ་བས་༸གོང་ས་མཆོག་ནས་འོས་དང་པོར་ཕྱག་རྟགས་ཕེབས་པ་ལྟར་རབ་བྱུང་༡༥ པའི་ཆུ་གླང་ཕྱི་ལོ་༡༩༡༣ ལོར་དགུང་ལོ་སོ་གཅིག་ཐོག་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། སྤྱིར་ན་ཚོགས་ཆེན་ཁྲི་པ་དེ་བཞིན་མཁན་པོ་བགྲེས་པ་ཞིག་ནས་གནང་རྒྱུ་ཡིན་འདུག་ཀྱང་། དམིགས་བསལ་ཚོགས་ཆེན་སྤྲུལ་སྐུ་ཞིག་གྲྭ་ཚང་གི་ཁྲིར་ཕེབས་ན་དེ་མ་ཐག་ཚོགས་ཆེན་ཁྲི་པ་མཛད་སྲོལ་ལྟར་ཚོགས་ཆེན་གྱི་ཁྲིར་ཡང་ཕེབས། ཁྲིར་ཕེབས་ནས་ཚོགས་ཆོས་སློབ་གཉེར་ལ་དོ་དམ་དང་སྒྲིག་ལམ་ཀུན་སྤྱོད་ལ་དམ་བསྒྲགས་ཆེས་ཆེར་མཛད་དེ་ཚུལ་བཞིན་སྒྲུབ་པ་རྣམས་ལ་གཟེངས་བསྟོད་དང་།ཚུལ་མིན་རྣམས་ལ་ངན་པ་རྒྱ་ཡན་དུ་མ་སོང་བར་ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པའི་དཔེ་ལྟར་མཛད།༼དེ་ཡང་སྔོན་དུས་གུང་རུ་མཁན་ཆེན་མཆོག་ཁྲི་བརྗེ་བར་ཉེ་བ་ན་ཆོས་གྲྭའི་བརྩི་བཞག་ཞིག་གནང་སྐབས་བཀའ་སློབ་ཕེབས་གསལ། གྲྭ་ཚང་གི་སྤེན་པད་དང་ཡང་སྟེང་གཟིམ་ཆུང་ཁག་གོག་སྐྱོན་ཆེ་བས་ཞིག་གསོ་ཞིག་ཐུབ་ན་བསམ་པ་ཡོད་ཀྱང་འགྲུབ་མ་སོང་། མ་འོངས་པ་ན་བར་ཐོག་ཚང་སྤྲུལ་སྐུ་འདི་ཉིད་ཁྲིར་ཕེབས་ན་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ངེས་པར་ཐུབ་པ་ཞིག་ཡོང་ཞེས་ཕེབས་པ་ན། སྐབས་དེ་དག་ཏུ་སྤྲུལ་སྐུ་འདི་ཉིད་ཐུགས་བག་ཡངས་པས་སློབ་གཉེར་ལ་མཁས་ཚུལ་ཆེར་མི་མཛད་པ་ཞིག་ཡོད་སྟབས་འགའ་ཞིག་ནས། བར་ཐོག་ཚང་གིས་མཁན་པོ་གནང་དུས་ད་ཞེས་ཐུགས་མ་རངས་པ་ཞུས་སྐད།༽ དེ་ནས་འདི་ཉིད་ཁྲིར་ཕེབས་ནས་རིང་པོ་མ་ལོན་པ་ན་ཁོ་བོས་སྒོ་མང་གྲྭ་ཚང་གི་འདུ་ཁང་གི་སྤེན་པད་སོགས་ཉམས་གསོ་བྱ་རྒྱུ་ཡིན། གཏོང་ཕོད་ཡངས་པའི་སྦྱིན་བདག་ཁག་ནས་མཐུན་རྐྱེན་ཐོག་རོགས་རམ་རྒྱ་མི་ཆུང་བ་གནང་རོགས་ཞེས་དྲིལ་བསྒྲགས་ཤུགས་ཆེ་ཙམ་ཞིག་མཛད་པར། མ་འགྱངས་པར་འབྲི་གུང་སོགས་ནས་སྤེན་མ་ཕོན་ཆེ་ཆུ་ཐོག་ནས་འབྱོར་བ་དང་། དེ་བཞིན་ཚོང་རིགས་ཁག་སོགས་ནས་མཐུན་རྐྱེན་འབད་མེད་ལྷུན་གྲུབ་བྱུང་སྟབས་དེ་མ་ཐག་ལྷ་དབང་གླིང་གི་སྤྱི་སོ་སྐུ་ངོ་བློ་བཟང་ལྷུན་གྲུབ་ལགས་ཞུ་བ་ཨར་པོའི་འགོ་འཛིན་དུ་བསྐོས་ནས་ལས་གྲྭ་ཚུགས་པས། འདུ་ཁང་ཡང་སྟེང་གི་གཟིམ་ཆུང་ཁག་དང་སྤེན་པད་ཆ་ཚང་ཉམས་གསོ་ལེགས་གྲུབ་ཟིན་ནས་རྒྱུ་འགྲོ་ད་དུང་མང་པོ་ལྷག་ནས་ལྷ་སའི་སྒོ་མང་ཁང་གསར་དང་། འཇམ་དབྱངས་ཤར། འཇམ་དབྱངས་དཀྱིལ། འཇམ་དབྱངས་ནུབ་བཅས་གྲྭ་ཚང་གི་ཁང་པ་ཚང་མ་ཉམས་གསོ་མཛད་ཐུབ་པ་བྱུང་།
        དམ་པ་འདི་ཉིད་མཁས་ཚུལ་ཆེར་མཛད་པ་ཞིག་ཡིན་ཚོད་མི་འདུག་ཀྱང་། གྲུབ་པའི་ནུས་མཐུ་ཆེ་བ་ཞིག་ཡིན་སྐད་འདུག་པའི་དཔེ་མཚོན་ཙམ་ནི། འདུ་ཁང་ཉམས་གསོའི་སྐབས་ལས་མི་འགའ་ཞིག་ཐོག་ཁ་ནས་ལྷུང་སྟེ་རྡོ་གཅལ་སྟེང་སླེབས་སྐབས་འཆི་བར་ངེས་པའི་རིགས་འགའ་ཞིག་ལ་རིན་པོ་ཆེ་ཉིད་དེར་ཕེབས་ནས་དཀོན་མཆོག་གི་ཐུགས་རྗེས་ཨའུ་ཙམ་ཡོང་འགྲོ་གསུངས་ནས་ཕྱག་གིས་ཕུར་ཕུར་འགའ་གནང་སྐབས་དྲན་པ་སོས་པ་ལྟ་བུ་བྱས་ནས་སྔར་རྒྱུན་ལྟར་ཡོང་གི་ཡོད་འདུག དེ་བཞིན་དམ་པའི་རང་རྟགས་འགོག་མེད་དུ་ཡོད་པ་ཞིག་ཡིན་སྐད། གཞན་ཡང་། དེ་སྐབས་གྲྭ་པ་རྒན་པ་སློབ་གཉེར་བ་མ་ཡིན་པ་མང་པོ་འཛིན་གྲྭ་འོག་ཏུ་ཕབ་ནས་སློབ་གཉེར་ལ་སྦྱོར་བར་མཛད་པའི་ཁོངས་ནས་དགེ་བཤེས་སྐད་གྲགས་ཅན་མང་དུ་བྱུང་བ་ནི། སྔོན་གྱི་ཐུགས་བསྐྱེད་དབང་གིས་བྱུང་བའི་མཛད་རྗེས་རླབས་ཆེན་ཞིག་རེད་ཅེས་གླེང་། ས་རྟ་ལོར་རིགས་གྲྭ་གཏོང་གནང་མཛད། སོ་བདུན་པ་ས་ལུག་ཕྱི་ལོ་༡༩༡༩ ལོར་དགོངས་ཞུས་ཀྱིས་ཟུར་བཞུགས་མཛད།

        དེའི་རྗེས་གྲྭ་ཚང་ནུབ་ཀྱི་དུས་ཟིང་སྐབས། བློ་གླིང་། རྒྱལ་པ། འདུལ་བ། ཤག་སྐོར། སྒོ་མང་ཟུར་པ་རྗེ་འདི་པ་བཅས་ལ་དབུ་ཉེས་ཕོག་སྟེ་རྗེ་འདི་ནམ་འཚོའི་བར་ལྷ་ས་ཚེ་སྨོན་གླིང་དུ་བཞུགས་སུ་བཅུག་པར། ཁུལ་དེའི་མོ་ལུང་གསུང་བརྟག་ཞུ་ཡུལ་དང་། སྐུ་རིམ་ཞུ་ཡུལ་གྱི་མཆོད་གནས་མཛད་དེ་རང་ལ་རེ་ལྟོས་བཅའ་མི་སེར་སྐྱ་རྣམས་ཀྱི་འདོད་པ་ཡོངས་སུ་སྐོང་བར་མཛད། མཐར་དགུང་གྲངས་དྲུག་ཅུ་རེ་གསུམ་པ། རབ་བྱུང་༡༦ པའི་ཤིང་བྱ་ཕྱི་ལོ་༡༩༤༥ ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །
                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།