འབྲས་སྒོ་མང་གདན་རབས་ཞེ་བརྒྱད་པ་མཁན་ཆེན་ལ་མོ་ངག་དབང་ཚུལ་ཁྲིམས།
བརྒྱུད་འདེབས་ལས།
ངག་གི་དབང་ཕྱུག་འཇམ་མགོན་བླ་མ་ཡི། །
རིང་ལུགས་དྲི་མེད་འཛིན་སྐྱོང་སྤེལ་བའི་སླད། །
རྣམ་གསུམ་ཚུལ་ཁྲིམས་རྒྱལ་མཚན་འཛིན་མཛད་པ། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
གདན་རབས་ཞེ་བརྒྱད་པ། མཁན་ཆེན་ལ་མོ་ངག་དབང་ཚུལ་ཁྲིམས་ནི། ཨུ་རུར་ཡབ་ཚེ་བརྟན་བཀྲ་ཤིས་དང་ཡུམ་བོ་ཡག་གཉིས་ཀྱི་སྲས་སུ་རབ་བྱུང་༡༣ ཆུ་རྟ་ཕྱི་ལོ་༡༧༦༢ ལོར་འཁྲུངས། གཞོན་ནུའི་དུས་ནས་ལ་མོ་བདེ་ཆེན་གྱི་ཆོས་སྒོར་ཞུགས། དབུས་སུ་ཕེབས་ནས་སྒོ་མང་ཀླུ་འབུམ་ཁང་ཚན་དུ་བཞུགས་ཏེ་གཞུང་ཆེན་མོར་གསན་བསམ་མཐར་ཕྱིན་པ་མཛད་ནས་དགེ་བཤེས་ལྷ་རམས་པ་ཐོན། ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རབ་བྱུང་༡༤ ས་སྦྲུལ་ཕྱི་ལོ་༡༨༠༩ དབུས་ཕེབས་སྐབས་ཡོངས་འཛིན་དུ་བསྟེན་ནས་དཔེ་ཁྲིད་ཞུས། དེའི་རྗེས་གཞུང་ནས་སྒོ་མང་མཁན་པོར་བསྐོས་པས་འཆད་ཉན་ཡུན་རིང་མཛད་པ་དང་རིགས་གྲྭ་ལན་གཉིས་བཏང་བ་སོགས་སྐུ་དྲིན་ཤིན་ཏུ་ཆེ།
དཔོན་སློབ་ངག་དབང་ཚུལ་ཁྲིམས་འདི་ཉིད་ཀྱི་སྐབས་གྲྭ་ཚང་བཅའ་ཡིག་གསར་བསྐྲུན་མཛད་པའི་མཇུག་ཏུ་འདི་ལྟར། ཅེས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བཅའ་ཡིག་འདི་ནི་སྔ་སོར་དཔོན་སློབ་ཉི་ཤུ་པ་དགེ་ལེགས་ལྷུན་གྲུབ་དང་དཔོན་སློབ་ལས་ཐོག་པ་ཆོས་གྲགས་རྣམ་རྒྱལ་གྱིས་མཛད་སྐབས་དཔོན་སློབ་གཉིས་དང་། ཁང་ཚན་སོ་སོའི་རྒན་རྣམས་བཀའ་བགྲོས་བསྡུས་བསྡོམས་ལག་འཁོར་བཅའ་ཡིག་ཉུང་བསྡུས་ཤིག་མཛད་འདུག་པ་ཧ་ཅང་བགྲེས་སྐྱོན་གྱིས་ཀློག་མ་ཐུབ་པ་དང་། དེར་མ་ཟད་ཕྱིས་སུ་བླ་བྲང་དང་། སྤྱི་པ་ལོགས་སུ་བཞག་པ་དང་། བླ་གྲྭ་སྤྱི་བཅས་ཀྱི་གནང་སྒོ་རྣམས་ཀྱང་དེ་དུས་དང་མི་འདྲ་བར་བརྟེན། ཉེ་ལམ་བླ་གྲྭ་གྲོས་མཐུན་གྱི་ཐོག བཅའ་ཡིག་རྙིང་པ་ནས་གཏོང་སྒོའི་སྐོར་མ་གཏོགས་གཞན་གང་ཡོད་སོར་གནས་སྟེང་སྔར་སྲོལ་རྣམས་ཀྱིས་ཟུར་ཅུང་ཟད་བསྣན། མེ་སྤྲེལ་ཟླ་དང་པོའི་ཚེས་བརྒྱད་ལ་སྤྱིར་མཆོག་གསུམ་སྤྱི་དང་། ཁྱད་པར་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྲུང་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དཔང་པོར་མངའ་གསོལ་ནས་གསར་བསྐྲུན་མཛད་པ་དེ་ཉིད་ཀྱང་ཧ་ཅང་བགྲེས་སྐྱོན་གྱིས་ཀློག་མ་ཐུབ་པ་ཚོགས་འདུ་བ་ཞལ་འཛོམས་ཐོག་ནས། ས་སྤྲེལ་ཟླ་བཞི་པའི་ཚེས་བདུན་ལ་གསར་དུ་བསྐྲུན་པ་གཞིར་བཞག་གིས། རབ་བྱུང་༡༤ ཆུ་རྟ་༼ཕྱི་ལོ་༡༨༢༢༽ལོར་རྗེ་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་བརྒྱུད། ༸སྐྱབས་མགོན་༸རྒྱལ་ཚབ་ཚེ་སྨོན་གླིང་ནོ་མོན་ཧན་ཆེན་པོར་རྒྱབ་གཉེར་བཀའ་ཐམ་ཞུ་རྒྱུའི་སླད་གསར་དུ་བཤུས་པའི་ཚབ་མི་འགྱུར་བའི་ཆེད་དུ། དཔོན་སློབ་ལས་ཐོག་པ་ངག་དབང་ཚུལ་ཁྲིམས་ཀྱི་རྟགས། དགེ་བསྐོས་རབ་འབྱམས་་་་་་་་་རྟགས། དབུ་མཛད་རབ་འབྱམས་་་་་་་རྟགས། གཉེར་པ་རབ་འབྱམས་པ་་་་་་་་་་་༢ རྟགས། ཧར་གདོང་དགེ་རྒན་་་་་་་་༢ རྟགས། བསམ་བློ་དགེ་རྒན་སོགས་ཁང་ཚན་བཅུ་དྲུག་དགེ་རྒན་རིམ་བཞིན་དང་། མཇུག་ཏུ་ལམ་པ་རབ་འབྱམས་པ་་་་་་་རྟགས་ཞེས་འཁོད་འདུག
སྡེ་ཁྲི་སྤྲུལ་སྐུ་རྗེ་འཇིགས་མེད་ལུང་རིགས་རྒྱ་མཚོ་རབ་བྱུང་༡༤ ཆུ་ལུག་ཕྱི་ལོ་༡༨༢༣ ལོར་དབུས་ཕེབས་ཀྱིས་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་དགུང་ལོ་རེ་གཉིས་ལ་ཕེབས་པ་ལས་བརྩི་བཞག་གསན་༼མདོ་སྨད་ཆོས་འབྱུང་།༽ དེའི་རྗེས་དུས་ཅི་སོང་མ་ངེས་ཀྱང་སྒོ་མང་གྲྭ་ཁང་ཡང་སྟེང་རང་དུ་གཤེགས་པར་སྣང་ངོ་། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn