འབྲས་སྒོ་མང་གདན་རབས་བཅུ་བདུན་པ་གུང་རུ་ཆོས་ཀྱི་འབྱུང་གནས།
བརྒྱུད་འདེབས་ལས།
མཐུ་སྟོབས་དབང་ཕྱུག་ཆོས་ཀྱི་འབྱུ༷ང་གན༷ས་དང་། །
ཤེར་ཕྱིན་མངའ་བདག་བྱ༷མས་པ༷་ལྷུན༷་གྲུབ༷་དཔལ། །
རྩོད་པའི་མཆོག་གྱུར་བརྩོན་འགྲུས༷་རྒྱ༷་མཚོ༷འི་ཞབས། །
ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་བྱུང་།
གདན་རབས་བཅུ་བདུན་པ། གུང་རུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་འཁྲུངས་ཡུལ་ནི། མདོ་སྟོད་གུང་རུའི་ས་ཆར། བར་ཁམས་དཔའ་ཤོད་ཀྱི་མངའ་ཁོངས་རྭ་སྒྲེང་གཉིས་པར་གྲགས་པ་བྱ་ཕུད་ཅེས་པ་ཡིན་ལ་གནས་འདི་ཡི་ཁྱད་པར་ཟུར་ཙམ་ནི་འོག་ཏུ་འཆད་དོ། །ཁོང་གཞོན་ནུའི་དུས་ནས་བྱ་ཕུད་མདོ་སྔགས་དར་རྒྱས་གླིང་དགོན་པར་རབ་ཏུ་བྱུང་། དེ་ནས་རིམ་གྱིས་དབུས་སུ་ཕེབས་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་ལུང་དང་རྟོགས་པའི་བང་མཛོད་གུང་རུ་རིན་ཆེན་བྱང་ཆུབ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་ནས་ཀུན་མཁྱེན་ཆེན་པོ་ཞེས་པའི་སྙན་གྲགས་ཀྱིས་ཁྱབ། དེ་ཡང་། བརྒྱུད་འདེབས་ནང་། མཁས་པའི་མཆོག་གྱུར་ཅེས་པ་ལྟ་བུ་མ་སྨོས་པར་མཐུ་སྟོབས་དབང་ཕྱུག་ཅེས་འབྱུང་བ་ནི། ཆོས་འབྱུང་ཉིད་རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་རྒྱ་ནག་ནས་དགུང་གྲངས་བཅུ་བཞིའི་ཐོག་གདན་དྲངས་སྐབས་ཆོས་འཁོར་རྒྱལ་དུ་ཇ་གྲལ་གྱི་སར་ཕེབས་པར་དབྱངས་དཔོན་པ་འབྱོར་བ་ལེགས། སྔར་གྱི་དབྱངས་སྙན་པོ་དེ་གྱིས་དང་ཞེས་ཐོལ་བྱུང་དུ་གསུངས་པར་གཤིན་རྗེ་རླུང་འཁོར་མའི་རྟ་ཞིག་ཕུལ་བར། དེ་ག་ཡིན། ངས་ཀྱང་བྱེད་གསུངས་ནས་ཤིན་ཏུ་བརྗིད་ཆགས་པ་ཞིག་མཛད། ཅེས་འབྱུང་བ་ལྟར་ན་སྐུ་གོང་མ་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང་། ཐུགས་ནང་ཤིན་ཏུ་གཤིན་པའི་སློབ་མ་ཡིན་འདུག་ཅིང་། གསུང་ཞབས་པ་རྣམས་ཀྱི་དབྱངས་དཔོན་མཛད་དམ་གང་ལྟར་དེ་སྐབས་གུང་རུ་དབྱངས་དཔོན་ཞེས་པའི་མཚན་ཡང་ཐོགས། དེའི་རྗེས་ཙམ་གཙང་རྒྱལ་ཀརྨ་ཕུན་ཚོགས་རྣམ་རྒྱལ་དང་། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་བཅས་ཀྱིས་དགེ་བསྟན་བསྣུབ་པར་འདོད་དེ། ས་རྟ་ལོའི་ཧོར་ཟླ་བདུན་པར་སེར་འབྲས་གླིང་ལོག་བཏང་སྟེ་ལྷ་ས་དང་འབྲས་སྤུངས་ཀྱི་རྒྱབ་རིར་མི་སྟོང་ཕྲག་དུ་མ་བསད་པ་སོགས་བྱས་དུས། གདན་ས་སེ་རར་༸རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་དང་། གྲུབ་པའི་དབང་ཕྱུག་ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ་ཞེས་གཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ལས་རབ་ཏུ་བྱུང་བ། པཎ་ཆེན་ཆོས་རྒྱན་དང་། ཁྲི་སྟག་ལུང་བྲག་པ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་སོགས་ལས་གདམས་པ་མང་དུ་གསན་པ་དེས་འཇིགས་བྱེད་ཀྱི་འཕྲུལ་འཁོར་གྱི་ལས་སྦྱོར་དང་། ཡང་དགོན་རིན་པོ་ཆེ་དཔོན་སློབ་ཀྱིས་མགོན་པོ་ཕྱག་བཞི་པའི་སྒྲུབ་པ། གོང་གསལ་གུང་རུའི་དབྱངས་དཔོན་ཞེས་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་། རྟ་ཚག་ལྷ་དབང་ཆོས་ཀྱི་རྒྱལ་མཚན། བྱང་བདག་པ་ཡབ་སྲས། ཆོས་རྗེ་དྭགས་མ་པ། སྡེ་པ་ཡུས་ནས་སོགས་སྔགས་འཆང་ཁ་ཡོད་ལག་ཡོད་མང་པོ་ལས་མན་ངག་གི་ཞུན་ཐར་བཅད་པ་དེ་སོགས་ཀྱིས། མགོན་པོ་ཞལ་དང་། ཚེ་འཆར་གྱི་སྒྲུབ་པ་བཙུགས་ཏེ། སྒྲུབ་ཁག་སོ་སོར་གཏོར་ཟོར་འཕེན་ནུབ་དུས་མིན་དུ་རླུང་འཚུབ་དང་གནམ་ས་རལ་བ་ལྟ་བུའི་ཐོག་སེར་སོགས་མངོན་སྤྱོད་ཀྱི་ལྟས་འཕྲལ་དུ་བྱུང་ཞིང་གཙང་པ་སྤུན་བདུན་གྱི་ཚེ་སྲོག་ལྔ་ལམ་དུ་བཏང་། སླར་ཡང་འབྲས་སྤུངས་སུ་དབྱངས་དཔོན་པ་ཉིད་ཀྱིས་དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་ཟོར་སྒྲུབ་པར་མཛད་དེ་ཤོ་ལ་འདེབས་པ་དང་། བྱང་དམར་ལ་བཅུག་པའི་ལས་སྦྱོར་མཛད་པས་ཡར་གཙང་སྐུར་གསུམ་ཞལ་ངོ་རྣམས་ཀྱི་མིང་བྱང་ནས་ཡར་རྒྱབ་ཞབས་དྲུང་བདུད་འདུལ་གྲགས་པའི་མཚན་ཐོག་མར་བོར་ཏེ་རྟགས་མངོན་སུམ་དུ་བྱུང་།
དུས་སྐབས་དེར་ཁོང་གི་མཚན་ལ་གུང་རུའི་དབྱངས་དཔོན་མཐུ་སྟོབས་གསང་བའི་དབང་ཕྱུག་ཅེས་གྲགས། འོན་ཀྱང་། ལྔ་པའི་རང་རྣམ་དུ། སྡེ་པ་བསོད་ནམས་རབ་བརྟན་པས་རྒྱལ་མཆོག་ལྔ་པ་ལ། འཇིགས་བྱེད་ཀྱི་སྐོར་དེ་ལེགས་པོ་ཡིན་འདུག་རུང་། རྗེ་ཡོན་ཏན་རྒྱ་མཚོའི་དུས་གནང་བར་ཕར་ཡང་ནུས་པ་ཆེ་མདོག་ཁ་པོ་བྱུང་རུང་། ཚུར་བླ་མ་རྣམས་སྤྱན་ཕྱེ་མ་ཐག་པ་ལྟ་བུར་མེ་ཏོག་འཐོར། གྲྭ་ས་གཉིས་ཡུལ་དོན། བསོད་ནམས་གྲགས་པར་ཁྲིམས་ལུགས་ཕོག་པས་འཕྲོད་ཉམས་ཤིག་མ་བྱུང་། ཞེས་ཞུས་པར་གསལ་ལ། ཟུར་རྣམ་ལས་ཀྱང་། གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས་པ་ལ། སྡེ་པ་ཡུས་སྔགས་འཆང་དང་། ཟུར་བསྟན་འཛིན་འགྱུར་མེད་གཉིས་ནས་བརྒྱུད་པའི་སྡེབ་གཤོར་རླུང་གསུམ། གཟའ་གདོང་དམར་ནག་གཏད་སེལ་དབྱེ་བསྐྲད་སོགས་མངོན་སྤྱོད་ཀྱི་ལས་མཐའ་མང་པོའི་དབང་ལུང་ཕྱག་ཁྲིད་ལ་ཞིབ་པར་སྦྱངས་པས། དུས་ཐོག་དེར་དབུས་གཙང་གི་ལྗོངས་སུ་ཟླ་མེད་པའི་སྔགས་འཆང་དུ་གྱུར། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་ཡར་སྐུར་གཙང་གསུམ་ལ་མངོན་སྤྱོད་མང་དུ་མཛད་སྐབས། རབ་འབྱམས་པ་བསོད་ནམས་གྲགས་པ་སོགས་ཟ་ཟིའི་ཁྲོམ་འདུས་ཀྱི་སྔགས་རློམ་དུ་མ་ཡོད་ནའང་། ཁོང་རྣམས་དང་། གུང་རུའི་དབྱངས་དཔོན་པ་ཁྲག་འཐུང་ཡེ་ཤེས་རྡོ་རྗེ་དང་ཆབས་གཅིག་པར་འཁྲུལ་མེད་ཀྱི་ལས་སྦྱོར་གནད་དུ་བསྣུན་ཏེ་ཡར་རྒྱབ་པ་དཔོན་བློན་ལ་རྟགས་མཚན་འགྱངས་མེད་བསྟན་པས་རྙིང་ཕྱོགས་ནས་མཚན་རིག་འཛིན་འཁོར་ལོའི་དབང་ཕྱུག་ཏུ་གསོལ། སྐུ་ཡོན་དང་མཐུ་སྟོབས་ཕན་ཚུན་འགྲན་བཞིན་པས་སྟོད་སྨད་ཀུན་གྱི་བླའི་མཆོད་གནས་སུ་བཀུར། ཞེས་དབུས་སུ་མ་ཟད་མདོ་སྟོད་སྨད་ཀུན་གྱི་མཆོད་གནས་སུ་བཀུར་བར་བཤད།
དེ་རྗེས་ཙམ་རྒྱལ་དབང་མཆོག་གི་བཀས་སྒོ་མང་གི་མཁན་ཁྲིར་ཕེབས་ཤིང་འཆད་ཉན་རྒྱ་ཆེར་མཛད། ཉིད་ཀྱི་སློབ་མའི་གཙོ་བོ་གཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཅེས་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པ་དེ་དང་། ཁྲི་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་སློབ་མ་མཁས་གྲགས་ཅན་ཆེས་མང་ཞིང་། ཁྱད་པར་ཁྲི་སྟག་ལུང་བྲག་པས་ཆོས་འབྱུང་གི་གསུང་བཤད་ཡི་གེར་བཀོད་པ་རྣམས་གྲྭ་ཚང་གི་ཡིག་ཆར་མཛད་དེ་འགྲོ་དོན་རྒྱ་ཆེར་འཕེལ་བ་ན་ཀུན་མཁྱེན་ཆོས་འབྱུང་ཞེས་པའི་མཚན་ཆགས།
དེ་ནས་གཙང་པའི་མངའ་འོག་ཏུ་བཞུགས་བཟོད་མ་བདེ་བས་མི་རིང་པར་ཁྲི་ལས་བཤོལ་ཏེ་རང་དགོན་ཁམས་བྱ་ཕུད་ཆོས་སྡེར་བྱོན་ནས་དེར་བཀའ་པོད་ལྔ་ཡི་འཆད་ཉན་རྒྱ་ཆེར་ཡོད་མུས་ཁར་རང་བརྩམས་ཡིག་ཆ་དེ་ཉིད་འཛུགས་པར་མཛད་དེ་རྒྱས་པར་བསྐྱངས། གོང་གི་ཚུལ་དེ་ལྟ་བུའི་གནད་ཀྱིས་བླ་བརྒྱུད་གསོལ་འདེབས་ལས། མཐུ་སྟོབས་དབང་ཕྱུག་ཆོས་ཀྱི་འབྱུང་གནས་དང་། །ཞེས་བྱུང་དོན་དེ་ཡིན། ད་དུང་ཡང་གཙང་རྒྱལ་ཀརྨ་བསྟན་སྐྱོང་གིས་དབུས་གཙང་ཡོངས་ལ་ལོ་ཉི་ཤུའི་རིང་དབང་བསྒྱུར་སྟབས། རབ་འབྱམས་པ་བསོད་ནམས་གྲགས་པ་དང་། གུང་རུའི་དབྱངས་དཔོན་ནམ་མཚན་གཞན་ཀུན་མཁྱེན་ཆོས་འབྱུང་གཉིས་ཀྱིས་སྔར་མངོན་སྤྱོད་མཛད་པའི་ཚུལ་དེ་གཙང་རྒྱལ་གྱི་ཞང་བཀྲ་ཤིས་རྩེ་པས་ཐོས་ནས་རབ་འབྱམས་པ་བསོད་ནམས་གྲགས་པའི་སྤྱན་དང་ལྗགས་ལ་གནོད་པ་བྱས་ཀྱང་དེ་རྗེས་ཁོང་ནས་ཐུགས་རྒྱུད་ཀྱི་ཡོན་ཏན་ངོམ་ཆེད་སླར་སྤྱན་ལྗགས་སོར་ཆུད་པར་མཛད་དེ་ལུང་ཁྲིད་ཀྱང་ཆེས་ཆེར་གནང་བར་གྲགས། ལས་སྦྱོར་མཛད་པ་པོ་ལམ་པ་རབ་འབྱམས་པ་གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་དང་། ཀུན་མཁྱེན་ཆོས་འབྱུང་གཉིས་ཀ་སྒོ་མང་པ་ཡིན་སྟབས་གཙང་པའི་ཞེ་ལ་ཕོག་ཏེ། མགོན་པོའི་བླ་མཚོའི་ནང་དུ་དུག་བཏབ། བླ་རིའི་མགོར་ཨརྒ་བཅགས། ཆོས་གྲྭ་གོང་མའི་ནང་གི་མགོན་པོའི་བླ་ཤིང་ལའང་དུག་བཏབ། ཆོས་འབྱུང་གི་ཡིག་ཆ་བསྡུས་ཏེ་ས་འོག་ཏུ་སྦས་ནས་ཡིག་ཆ་དེ་ཉིད་ལྟ་མི་ཆོག་པའི་དཔྱད་མཚམས་རྟིང་གནོན་བཏང་། གནས་ཚུལ་དེ་ཁམས་ཕྱོགས་སུ་ཐོས་མཚམས་ཆོས་འབྱུང་ཉིད་གསང་སྟབས་ཀྱིས་མདོ་སྨད་ཕྱོགས་སུ་ཉེན་གཡོལ་ལ་ཕེབས་རྗེས་མི་རིང་པར་གཙང་པ་སྡེ་སྲིད་ཀྱི་དཔུང་དམག་ཁམས་བྱ་ཕུད་ཆོས་སྡེར་འབྱོར། ཡུལ་མི་གཙོ་དྲག་མང་པོ་བསད། ཡིག་ཆ་ཐམས་ཅད་བསྡུས་ཏེ་ཁང་པ་གཅིག་གི་ནང་བཅུག་ཤིང་སྒོ་ལ་དམ་འབྱར་བྱས། ཕྱིན་ཆད་མཚན་ཉིད་ལྟ་མི་ཆོག་པའི་བཙན་བཀའ་བཏང་། ཁང་ཐོག་གི་གསེར་ཁྲིའི་རྩེར་རྡོ་རྗེ་རྒྱ་གྲམ་བཞག །རྫས་ངན་དུ་མ་བསགས་ཏེ་མནན་གཏད་བྱས་པ་རྣམས་རྒྱ་དམར་གྱི་དུས་འགྱུར་བར་མཐུན་གྲུབ་ཏུ་ཡོད། བྱེད་སྒོ་འདི་དག་རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་གཤེགས་པའི་རྗེས་ཐོགས་རྒྱལ་མཆོག་ལྔ་པ་ཆེན་པོ་སྐུ་གཞོན་ནུ་ལྕུག་ཕྲན་དུས་སོ། །
མདོ་སྨད་དུ་ཀུན་མཁྱེན་ཆོས་འབྱུང་ཉིད་མཛད་འཕྲིན་རིམ་གྱིས་རྒྱས་བཞིན་པའི་ངང་དགུང་ལོ་དོན་དགུ་པ་ལ་རིག་འཛིན་གྱི་སར་སྐུ་གཤེགས་ཞེས་བྱུང་བ་ཀླུ་སྒྲུབ་ཀྱི་སྲས་མཆོག་སངས་རྒྱས་བསྐྱངས་རིག་འཛིན་གྱི་གནས་སུ་གཤེགས་པར་བཤད་པ་དང་ཚུལ་མཚུངས་པར་སྣང་། སྐུ་གདུང་ཧྲིལ་པོ་གཟུངས་སུ་བཞུགས་པའི་མཆོད་རྟེན་རྗེས་སོར་ཀུན་མཁྱེན་འཇམ་བཞད་ཀྱི་སློབ་མ་རྒན་པ་བཞི་ཞེས་གྲགས་པའི་ནང་ཚན་འགྱང་རོ་རྒན་པའི་བླ་བྲང་དུ་བཞུགས་མུས་མ་ཟད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་སུ་ཡང་།
གཞུང་ལུགས་ཀུ༷ན་ལ་མང་ཐོས་མཐར་སོན་ཅིང་། །
ཚིག་དོན་ཀུ༷ན་ལ་བསམ་པས་སྒྲོ་འདོགས་བཅད། །
ཉམས་ལེན་ཀུ༷ན་ལ་སྒྲུབ་པས་ངོམས་མེད་པ། །
མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །
ཞེས་པའི་གསོལ་འདེབས་འདི་ཉིད་ཀྱང་གསུང་མུས་ཡིན་འདུག འདིའི་མཚུངས་མེད་ཆོས་རྗེ་ཞེས་འཁོད་པ་གུང་རུ་རྒྱན་བཟང་པར་དོགས་སྲིད་ཀྱང་། སེ་རའི་ཁྲི་ཐོག་གསུམ་པ་རྒྱལ་མཚན་བཟང་པོའི་སྐུ་གདུང་ཧྲིལ་པོ་ནང་གཟུངས་ཀྱི་སྙིང་པོར་བཞུགས་པའི་དགེ་འདུན་འདུ་བའི་མཆོད་སྡོང་རིན་པོ་ཆེ་སེར་སྔགས་གྲྭ་ཚང་གི་ཡང་སྟེང་མཆོད་ཁང་ནུབ་མའི་རྟེན་གཙོའི་གཡས་རྒྱབ་ངོས་སུ་བཞུགས་པ་སེ་རའི་ཆོས་འབྱུང་སོགས་ལས་གསལ་བར་སྣང་ན་དེ་གཉིས་འཁྲུལ་པ་མེད་པ་མ་ཟད། རྒྱན་བཟང་ཁོང་ལ་ཀུན་མཁྱེན་ཞེས་པའི་མཚན་ཟུར་ཡང་ཡོད་སྐད་མི་འདུག གོང་གི་གསོལ་འདེབས་སུ་མཚུངས་མེད་ཆོས་འབྱུང་ཞབས་ལ་ཟེར་རྒྱུ་ལ་མཚུངས་མེད་ཆོས་རྗེ་ཞེས་བྱུང་བ་སྐད་གདངས་ཟུར་ཉམས་པར་སྣང་། གཞན་ཡང་ཆོས་འབྱུང་ཉིད།སྟོད་ལུང་ཆུ་བཟང་དགོན་༼བྷེ་ར་༽དང་སེམས་དཔའ་ཆེན་པོ་རྒྱལ་མཚན་གྲགས་བཟང་པས་ཕྱག་བཏབ་པའི་འཕན་པོ་ཀླུང་ཤོད་འབའ་ཚག་ཆོས་སྡེ་བཅས་ཀྱི་ཁྲིར་ཡང་ཕེབས་པར་༼བཻ་སེར་༽བཤད།
གསུང་རྩོམ།
༡ ཕར་ཕྱིན་སྐབས་བརྒྱད་ཀྱི་མཐའ་དཔྱོད་ལ་བསྡོམས་ཤོག་གྲངས་༤༨༡
༢ དབུ་མའི་སྤྱི་དོན་གྱིས་རྣམ་བཤད་དགོངས་པ་རབ་གསལ་གྱི་དགོངས་དོན་གསལ་བའི་སྒྲོན་མེ་སྟོད་ཆ་ལ་ཤོག་གྲངས་༡༩༢
༣ དབུ་མའི་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་སྨད་ཆ་ལ་ཤོག་གྲངས་༣༡༩
༤ དྲང་ངེས་ལེགས་བཤད་སྙིང་པོའི་མཐའ་དཔྱོད་པད་མ་དཀར་པོའི་ཕྲེང་བ་ལ་ཤོག་གྲངས་༡༣༦
༥ དྲང་ངེས་གསུང་རྒྱུན་ཟིན་བྲིས་ལ་ཤོག་གྲངས་༥༡
༦ རྟེན་འབྲེལ་གྱི་རྣམ་གཞག་རིན་ཆེན་ཕྲེང་བ་ལ་ཤོག་གྲངས་༣༢
༧ བསམ་གཟུགས་ཀྱི་རྣམ་གཞག་མཁས་པའི་མགུལ་རྒྱན་ལ་ཤོག་གྲངས༤༣
༨ དགེ་འདུན་ཉི་ཤུའི་རྣམ་གཞག་བློ་གསལ་བུང་བའི་དགའ་སྟོན་ལ་ཤོག་གྲངས་༧༧
༩ ཕར་ཕྱིན་བསྡུས་པ་ཟེར་བ་ཞིག་ཡོད་འདུག་ཀྱང་དཔེ་མ་མཇལ་བས་དེ་ཙམ་བྱས།
དེ་རྣམས་ལ་སྒོ་མང་གྲྭ་ཚང་གི་ཡིག་ཆ་རྙིང་པ་ཞེས་ཀྱང་ཟེར། མདོ་སྟོད་སྨད་དང་རྒྱ་སོག་གི་ཡུལ་གྲུ་ཐམས་ཅད་ལ་ཁྱབ་པས་འགྲོ་དོན་ཤིན་ཏུ་ཆེ། ཡིག་ཆ་དེ་དག་ལ་བརྟེན་ནས་མཁས་པའི་ཡང་རྩེར་སོན་པ་སྡེ་འདིའི་སློབ་དཔོན་སངས་རྒྱས་བཀྲ་ཤིས་དང་། རྒྱ་ཡག་པ། བསམ་སྒང་པ། སྒ་རུ་པ། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། ཀླུ་འབུམ་ཁྲི་བློ་གྲོས་རྒྱ་མཚོ། རྒྱ་མཚོའི་མཚན་ཅན་གཞན་རྣམ་པ་གཉིས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་སོགས་དང་། གཞན་ཡང་ཁྲི་སྟག་ལུང་བྲག་པ་དང་། ཁྲི་ཆེན་སྦྱིན་པ་རྒྱ་མཚོ། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་མཐའ་ཀླས་པ་བྱུང་ཡང་མཐའ་དག་འབྲི་བར་མ་ལང་།
གོང་གསལ་རྭ་སྒྲེང་གཉིས་པར་གྲགས་པ་བྱ་ཕུད་ཀྱི་གནས་ཀྱི་ཁྱད་པར་ནི། རི་རྩིབས་བརྒྱད་ཕྱོགས་སུ་གྱེས་པ་རྒྱབ་རི་མཐོ་ལ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། རི་དེ་ཉིད་ཀྱི་མདུན་ངོས་སུ་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱེན་དུ་བསླངས་པ་གསལ་བར་དོད་པ། ཆོས་འབྱུང་གི་གཡས་ངོས་སུ་གནས་བརྟན་བཅུ་དྲུག་དང་། རིའི་རྒྱབ་ངོས་སུ་ཨེ་ཝཾ་རང་བྱོན་གསལ་ལ་མ་འདྲེས་པ། གཡོན་འོག་ཏུ་གཞན་གྱིས་མི་ཐུབ་པ་རང་བྱོན། དེའི་གཡས་སུ་བསྐལ་བཟང་སངས་རྒྱས་བཅས་ཀྱི་སྐུ་རང་བྱོན། དགོན་དཀྱིལ་དུ་བྷ་ག་རང་བྱོན། དགོན་གྱི་གཡོན་ཕྱོགས་སུ་དཔལ་ལྡན་ལྷ་མོའི་བླ་མཚོར་གྲགས་པའི་མཚོ་ཆུ་དྭངས་ཤིང་བསིལ་ལ་ཆར་ཆུ་སོགས་ཀྱིས་འཕེལ་འགྲིབ་མི་འགྲོ་བ། དགོན་གྱི་གཡས་ཕྱོགས་སུ་བདེ་གསང་འཇིགས་གསུམ་གྱི་སྐུ་རང་བྱོན། ཡང་ཕ་ཆོས་ལས། སྤང་སེར་པོ་གསེར་གྱི་མཎྜལ་ཡོད། །ཅེས་དང་། མཚོ་སྔོན་མོ་གཡུ་ཡི་མཎྜལ་ཡོད། །ཅེས་དང་། ཐང་ཆེན་པོའི་གསེབ་ན་རི་ཆུང་ཉལ། །ཞེས་གསུངས་པ་ལྟར་དགོན་པའི་གཡས་ངོས་སུ་སྤང་སེར་པོ་གསེར་གྱི་མཎྜལ་དང་། མདུན་འོག་ཏུ་མཚོ་སྔོན་མོ་གཡུ་ཡི་མཎྜལ། གཡོན་འོག་ཏུ་རི་ཆུང་ཉལ་བ་རྣམས་ཡོད་ཅིང་། ཡང་། ཆུ་ཡན་ལག་བརྒྱད་ལྡན་དལ་གྱིས་འབབ། །ཅེས་པ་ལྟར་མདུན་འོག་རི་འཁྲིས་སུ་ཡན་ལག་བརྒྱད་ལྡན་དུ་གྲགས་པའི་ཆུ་བོ་དལ་གྱིས་འབབ་པ་ཡོད། ཡང་། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །ཅེས་པ་ལྟར། མདུན་རི་ཁྲོམ་བཟོ་ཞེས་པའི་རྩེ་མོར་གངས་དཀར་ཤེལ་གྱི་མཆོད་རྟེན་འདྲ་བ་བཅས་ཡོད།
ཡང་། མདུན་རི་གླང་ཆེན་འགྱིངས་པ་འདྲ། །ཐབས་ཤེས་ཟུང་དུ་འབྲེལ་བའི་རྟགས། །རྒྱན་བཀྲ་ཤིས་རྟགས་བརྒྱད་དག་གིས་སྤྲས། །དུང་དཀར་པོ་གཡས་སུ་འཁྱིལ་བ་ལ། །དར་དམར་པོ་རཱ་གའི་ཅོད་པན་ཅན། །ཞེས་པ་ལྟར། མདུན་རི་གླང་ཆེན་ཕོ་མོ་འགྱིངས་ཤིང་སྣེ་མོར་འཁྱུད་པས་ཐབས་ཤེས་ཟུང་འབྲེལ་མཚོན། རི་སྟེང་དུ་དུང་དཀར་པོ་གཡས་སུ་འཁྱིལ་བ་ལ་དར་དམར་རྒྱན་ཅན་གསལ་བར་དོད་པ་དང་། གཞན་ཡང་ཁྲོམ་བཟོ་ཞེས་པའི་ངོས་སུ་རྡོ་ནག་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུ་རང་བྱོན་སོགས་རང་བྱོན་མང་། ཡང་ལེའུར། གནས་དེར་ཤུག་པ་ཉི་ཁྲི་ཆིག་སྟོང་དང་། །རེ་རེ་ལ་ཡང་ཡལ་འདབ་ཉི་ཁྲི་རེ། །ཞེས་པ་ལྟར། ལུང་གིས་ཟིན་པའི་ཤུག་པ་ཉི་ཁྲི་ཆིག་སྟོང་ཡོད་པར་གྲགས་ཤིང་། ཁྱད་པར་ཤུག་པ་མིང་ཆེན་བཅོ་བརྒྱད་དུ་གྲགས་པ་ཕྱོགས་བཞིའི་ཤུག་པ་ཤེས་ལྡན། ཞིང་སྐྱོང་། པད་མ། གཡུ་ལོ། རྔ་ཡབ། དུང་སྐྱོང་། ཞེས་སོགས་ལྟར་མིང་ཆེན་བཅོ་བརྒྱད་སོགས་མང་ཡང་མཐའ་དག་འབྲི་བར་མི་ལང་ངོ་། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn