དགའ་ལྡན་ཁྲི་ཐོག་གྱ་གཅིག་པ་ཟུང་ཇུ་ངག་དབང་ནོར་བུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།།     སྤེལ་དུས།  2016-10-29 19:41:41     རྩོམ་པ་པོ།   མི་གསལ།།    ཀློག་ཐེངས།  


img_0072.jpg

      
         དགའ་ལྡན་ཁྲི་ཐོག་གྱ་གཅིག་པ་ཟུང་ཇུ་ངག་དབང་ནོར་བུ། མདོ་སྨད་ཟུང་ཇུའི་ཁུལ་དུ་འཁྲུངས། དགའ་ལྡན་གསེར་ཀོང་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་རྣམ་ཐར་ནང་རྗེ་འདི་འཕོ་བ་གྲོང་འཇུག་གནང་བའི་སྤྲུལ་སྐུ་ཡིན་ཟེར་གསུངས། སྐུ་ན་ཆུང་དུས་ཟུང་ཇུ་སེར་པོ་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་ཞུགས་མཛད།

        ཡེ་གི་འབྲི་ཀློག་དང་ཀུན་མཁྱེན་འཇམ་བཞད་ཡིག་ཆ་ལ་གསན་བསམ་མཛད། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་ཟུང་ཇུ་ཁང་ཚན་དུ་ཆོས་ཞུགས་མཛད། ཁྲི་ཆེན་རིན་པོ་ཆེ་འདི་ཉིད་འབྲས་སྤུངས་སུ་སློབ་གཉེར་མཛད་པའི་སྐབས་བསྙུན་གཞི་དྲག་པོ་ཞིག་བྱུང་ཏེ། ནུབ་གཅིག་མནལ་ལམ་དང་མངོན་སུམ་འདྲེས་པའི་སྣང་བ་ལ། བུད་མེད་ཤིན་ཏུ་འཇིགས་སུ་རུང་བ་ཞིག་གིས་རྗེ་འདི་ཉིད་དེ་གའི་ཐད་ཀྱི་བར་སྣང་ལ་ཁྱེར་ནས་སྲོག་དང་བྲལ་བར་བྱེད་ཟེར་བས་ཐུགས་ཤིན་ཏུ་འཇིགས་ཤིང་སྐྲག་ནས།

         ད་རེས་ལན་ཅིག་སྲོག་ལས་ཐར་བར་མཛོད་ཅེས་ནན་གྱིས་གསུངས་པས། བུད་མེད་དེས། འོ་ན། ཆོས་གཤའ་མ་ཞིག་གྱིས་ལ། ཉིན་རེར་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ཚར་རེ་མ་ཆག་པ་བྱེད་ཨེ་ནུས་ཟེར་བས། དེ་ལྟར་བྱེད་རྒྱུར་ཁས་བླངས་མཛད་པས། བུད་མེད་དེས་རང་གནས་སུ་བཞག་པའི་སྣང་བ་བྱུང་ཏེ། དེ་ནས་བསྙུན་ལས་རིམ་གྱིས་གྲོལ། འཇིག་རྟེན་ཆོས་བརྒྱད་ཀྱི་སྤྲོས་པ་མཐའ་དག་སྒོ་ཐམས་ཅད་ནས་ཐམས་ཅད་དུ་རྒྱང་བསྲིངས་ཏེ། ཐོས་བསམ་སྒོམ་པ་འབའ་ཞིག་གིས་དུས་འདའ་བར་མཛད།

         རྗེས་སུ་བུད་མེད་དེ། འབྲས་སྤུངས་ཀྱི་སྲུང་མ་ལྷ་མོ་རྡོ་རྗེ་གྲགས་རྒྱལ་མས་ཆོས་ལ་བསྐུལ་བའི་དོན་དུ་ཆོ་འཕྲུལ་བསྟན་པར་མཁྱེན་ནས། ལྷ་མོ་འདི་ཆོས་ལྡན་ཚུལ་བཞིན་སྐྱོང་བའི་སྲུང་མ་ཁྱད་པར་ཅན་ཡིན་པ་དང༌། ཁྲི་ཆེན་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེན་པོ་སྒྲུབ་པའི་སྲུང་མ་ཡིན་ཞེས་གསུངས། ལྷ་ལྡན་སྨོན་ལམ་ཆེན་པོའི་སྐབས་རབ་འབྱམས་སྨྲ་བའི་གྲྭ་སྐོར་ལེགས་གྲུབ་བྱུང་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་བརྒྱུད་སྡེ་བཞིའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས་པ་དང་ཆབས་ཅིག་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སོགས་སྐྱེ་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་མཛད།

         རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྱི་༡༨༥༠ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་མཚན་ཞབས་མཛད། དེའི་རྗེས་མེ་སྦྲུལ་༡༨༥༧ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་འོས་སྤྲུལ་ཞིབ་འཇུག་སླད། འོལ་དགའ་དང༌། ཟངས་རི། དྭགས་པོ་སོགས་སུ་ཕེབས།

         རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༡༨༦༠ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཤིང༌། མི་རིང་བར་མཁན་པོ་ཡང་མཛད་དེ་རྒྱུད་ཀྱི་མཆད་ཉན་རྒྱ་ཆེར་སྤེལ། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་༡༨༧༡ལོར་ཤར་རྩེ་ཆོས་རྗེའི་ཁྲི་དང༌། རབ་བྱུང་བཅོ་ལྔ་པའི་མེ་བྱི་༡༨༧༦ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔའི་རིང་བསྐྱངས། གཞུང་གི་བཀའ་བཞིན་ཁྲ་འབྲུག་ཞིག་གསོས་ལ་བཏང་བར་ལེགས་གྲུབ་མཛད།

         རྣམ་ཐར་ངོ་མཚར་གཏམ་གྱི་སྙེ་མར། ྋཁྲི་ཆེན་འདི་ཉིད་ཀྱིས་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས། ཀློང་རྡོལ་བླ་མ་རིན་པོ་ཆེའི་ཕྱིའི་མཛད་ཚུལ་ནི། ཅུད་ཟད་ཐུགས་གཏུམ་པའི་རྣམ་པ་དང༌། ལྷག་པར་གསང་བ་སྙན་བརྒྱུད་ཀྱི་དབང་བཀའ་མན་ངག་གནང་རྒྱུ་ལ་དམ་དྭོགས་གཅེས་སྤྲས་མཛད་ནས། སུ་ལའང་གང་བྱུང་དུ་མི་གནང་ཡང༌། ཟུང་ཆུ་ངག་དབང་ནོར་བུ་ཆོས་ཞུ་བར་བཅར་འདུག་ཞུས་ན།

         སྐུ་མཚམས་དམ་པོའི་སྐབས་སུ་ཡང༌། དབང་བཀའ་འདོད་ཆོས་སོགས་དགྱེས་བཞིན་སྩལ་ནས་སློབ་མའི་མཆོག་ཏུ་རྗེས་སུ་བཟུང་བར་མཛད་ཅེས་ཀྱང་གསུངས་མོད། ལོ་ཚིགས་ལ་བསམ་ན་འཐད་པ་དཀའ་བ་སྙམ། གསེར་སྐོང་རྡོ་རྗེ་འཆང་སྐུ་འཁྲུངས་པ་དང་ཡབ་ཡུམ་གཉིས་ཀྱིས་ཁྲི་ཆེན་འདིའི་དྲུང་དུ་ཁྱེར་བར་མཚན་ལ་ཁྱེའུ་ཡེ་ཤེས་དཔལ་འབར་ཞེས་མཚན་གནང༌། རིང་པོར་མ་ལོན་པ་ན་བསྙུན་གཞི་དྲག་པོ་ཞིག་གིས་བཏབ་སྟེ། ཅི་བྱ་གཏོལ་མེད་དུ་གྱུར་ལ་ཉེ་བའི་སྐབས་སུ། རྗེ་འདི་ཉིད་དང་སྐུའི་ཕྲེང་བ་མང་པོ་ནས་ཡོངས་སུ་འབྲེལ་བའི་རིགས་ཀྱི་ཅོད་པཎ་མཆོག་ཏུ་གྱུར་པ།

         གྲུབ་ཆེན་ས་ར་ཧའི་སྤྲུལ་པར་གྲགས་པ་ཟུང་ཆུ་ཁྲི་ཆེན་ངག་དབང་ནོར་བུ་འདི་ཉིད་གདན་དྲངས་པས། ཁྲི་ཆེན་དེ་ཉིད་གཞོན་ནུ་གསར་པའི་ཁྱིམ་དུ་བྱོན་སྐབས། བྱིས་པ་དེ་ཕལ་ཆེར་དབུགས་ཀྱི་རྒྱུ་བ་ཆད་པ་ལྟ་བུར་གྱུར་ཟིན་པ་ལ། ཁྲི་ཆེན་རིན་པོ་ཆེས་དགུག་གཞུག་བཅིང་སྨྱོས་ཀྱི་ཕྱག་རྒྱ་དང༌། དབང་བྱིན་རླབས་དང་བཅས་པ་མཛད་པས། ཁྱེའུ་ཡེ་ཤེས་དཔལ་འབར་དྲན་པ་སླར་རྙེད་ནས་ནད་གཞི་ལས་གྲོལ་ཏེ། ཡབ་ཡུམ་ལ་སོགས་པ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་བོ། །ཞེས་འབྱུང་བ་ལ་དཔགས་ན་རྗེ་འདི་ཉིད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་གསལ།

         སྐབས་ཤིག་ལྷ་ལྡན་དུ་ཁྲི་ཆེན་ངག་དབང་ནོར་བུའི་ཞལ་སྔ་ནས་ཀྱིས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གཅིག་པུར་དཔལ་གསང་བ་འདུས་པ་འཕགས་ལུགས་ལྷ་སུམ་ཅུ་སོ་གཉིས་པའི་དཀྱིལ་འཁོར་དུ་དབང་བཞི་ཟབ་མོ་ནོས་ཏེ་རྒྱུད་སྨིན་པར་མཛད་པའི་ཚེ། གཟིམ་ཤག་དེ་ཉིད་དཔལ་གསང་བ་འདུས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་དངོས་སུ་གྱུར་ཅིང༌། ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཀྱང་དཔལ་གསང་བ་འདུས་པ་དངོས་སུ་གྱུར་པ་དང༌། དཀྱིལ་འཁོར་གྱི་སྒོ་བཞིར་དངོས་སུ་འགྲོ་འོང་གི་བྱ་བ་མཛད་པ་སོགས་ཀྱི་དག་པའི་སྣང་རྒྱུན་རིང་པོའི་བར་དུ་བྱུང༌།

         དེ་རྗེས་ཤིག་དགའ་ལྡན་ཁྲི་ཐོག་ཁང་དུ། གསེར་ཀོང་རྡོ་རྗེ་འཆང་སོགས་སློབ་མ་ཁག་གཅིག་ལ་ཁྲི་ཆེན་འདི་ཉིད་ཀྱིས་སྤྱིར་གསང་སྔགས་རྒྱུད་སྡེ་ཆེན་པོ་བཞི་དང༌། དེའི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གསང་བདེ་འཇིགས་གསུམ། དཔལ་དུས་ཀྱི་འཁོར་ལོ། ཡི་དམ་དགྱེས་པ་རྡོ་རྗེ་སོགས་ཀྱི་དབང་ལུང་མང་པོ་ཞིག་དང༌། ལྷག་པར་དུ་གསང་བ་འདུས་པའི་རྫོགས་རིམ་ཟབ་ལམ་རིམ་པ་ལྔ། དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ་རིམ་པ་ལྔ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་རྣམ་པ་བཞི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་ཟབ་ཆོས་མཐའ་ཡས་པ་དང༌། དེའི་ནང་ནས་ཀྱང་ཁྱད་པར་དུ་རྩ་རླུང་གི་གནད། ལུས་ཀྱི་གནད། སེམས་ཀྱི་གནད། གེགས་སེལ་འཕྲུལ་འཁོར་ལག་ལེན་དང་བཅས་པ་ལ་སོགས་པ་སྙན་བརྒྱུད་ཀྱི་མན་ངག་རྒྱ་ཆེར་གནང་ཞིང༌།

         དེ་དག་གི་མཇུག་བཏང་རག་གི་ཚུལ་དུ་དཔལ་གསང་བ་འདུས་པའི་སྒོ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ཏེ་འབུལ་བའི་སྐབས་སུ། སློབ་མ་ཚོས་གསང་བ་འདུས་པའི་ལྷ་སུམ་ཅུ་སོ་གཉིས་དངོས་སུ་བྱོན་པ་དང༌། དེ་རྣམས་ལ་བཞུགས་གདན་གཏིང་བ་དང༌། ཚོགས་སྐལ་འབུལ་བར་མཛད་པ་དངོས་སུ་མཐོང་བ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དུ་མ་མཆིས།

         དེ་རྗེས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གིས་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ནོར་བུའི་དྲུང་ནས་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་སྐོར་ལ་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དབང་ལུང་ཟབ་ཁྲིད་མན་ངག་གི་རྒྱུན་དང༌། དེ་བཞིན་དུ་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔ་དང༌། ཐུན་མོང་མ་ཡིན་པ་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་ལུས་དཀྱིལ་གྱི་དབང་ལུང་ཟབ་ཁྲིད་ཞལ་ཤེས་མན་ངག་དང་བཅས་པ་ཐུགས་བརྩེ་ཆེན་པོས་སྩོལ་བར་གསོལ་བ་འདེབས་པའི་ཚེ་ཁྲི་ཆེན་འདིའི་ཞལ་ནས།

         འདིའི་ཆོས་སྐོར་ཆ་ལག་དང་བཅ་སཔ་ཡོངས་སུ་རྫོགས་པར་མངའ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་སྙིང་རྗེ་ཞེས་པ། ཨ་མདོ་གསེར་ཁང་རིན་པོ་ཆེའི་སྙན་བརྒྱུད་ཀྱི་ཞལ་ཆབ་དྲོན་མོ་འཛིན་པ་ཞིག་ད་ལྟ་སྒར་པ་རི་ཁྲོད་དུ་བཞུགས་ཡོད་ཅིང༌། དེ་དང་ཁྱོད་གཉིས་ཚེ་རབས་སྔོན་གྱི་ལས་འབྲེལ་ཡང་མཆིས་པས་དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་པའི་སྒོ་ནས་དབུག་དབྱུང་བར་མཛད་པས། དེའི་མཚན་ཐོས་པ་ཙམ་གྱིས་དགའ་དད་འགྲན་པ་བཞིན་དུ་འཕེལ་ཞིང༌། དེ་གའི་ངང་ནས་འཕྲལ་མར་དགའ་ལྡན་ནས་ཐོན་ཏེ་སྒར་པའི་ཕྱོགས་སུ་ཕེབས།

         དེར་སྐྱིད་ཆུ་ལས་སྒྲོལ་འདོན་བྱེད་པའི་ཀོ་མཁན་མཉན་པ་མེད་སྟབས་ཆུའི་ནང་ནས་ཚམ་ཚོམ་མེད་པར་ཕ་རོལ་དུ་བརྒལ་ཏེ་བྱོན་པ་ན་སྐྱིད་ཆུས་འཁྱེར་ལ་ཁད་བྱུང་བའི་ཚེ། དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་སྙིང་རྗེ་དཔལ་བཟང་པོ་དེ་ཉིད་ཀྱིས་སྒྲིབ་བྲལ་གཟིགས་པ་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ་ཕེབས་བསུ་དང་ཆབས་གཅིག་ལྟ་བུར་ཡུད་ཙམ་ཞིག་ལ་ཆུ་ཁར་ཕེབས་ཏེ།

        དཔལ་ལྡན་བླ་མ་འདི་ཉིད་ཀྱི་སྐུ་ལུས་ནས་བཟུང་ཏེ་ཆུང་སྒྲོལ་བའི་གྲོགས་མཛད་པ་དང༌། སྐྱིད་ཆུ་ཁར་མཇལ་བའི་ཚེ། དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་དཔལ་ལྡན་འཁོར་ལོ་སྡོམ་པར་དངོས་སུ་མཇལ་བ་དང༌། དགེ་བའི་བཤེས་གཉེན་རིན་པོ་ཆེས་ཀྱང་ཚུར་བླ་མ་དམ་པ་འདི་ཉིད་དཔལ་འཇིགས་མཛད་རྡོ་རྗེར་གཟིགས་པའི་གཟིགས་སྣང་ཁྱད་པར་ཅན་བླ་སློབ་གཉིས་ཀར་ཕན་ཚུན་ཞག་བདུན་གྱིས་དུ་བྱུང་ཚུལ་ཡང་གསེར་ཀོང་རྣམ་ཐར་དུ་གསལ།

        བདག་ཉིད་ཆེན་པོ་གསེར་ཀོང་རྡོ་རྗེ་འཆང་གིས་ཀྱང་རང་གི་ལུས་ལོངས་སྤྱོད་དུས་གསུམ་ཚོགས་དང་བཅས་པ་བླ་མའི་ཕྱོགས་སུ་ཕངས་པ་མེད་པར་བཏང་བར་མཛད་དེ་སླར་ཡང་འབྲས་སྤུངས་དང་ལྷ་ས་རིགས་པར་ཁྲི་ཆེན་རིན་པོ་ཆེའི་དྲུང་ནས་བསླབ་བྱ་དང༌། སྙན་བརྒྱུད་ཀྱི་དབང་ལུང་མན་ངག་དང་བཅས་པ། ལྷག་བམ་ལུས་པ་ཞལ་ནས་ཞལ་དང༌། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ། སྡིག་ཅན་བཙན་ཐབས་སུ་སངས་རྒྱ་བའི་གདམས་པ། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་དང་བཅུ་དྲུག་ཚུན་ཆད་དུ་ཟུང་འཇུག་གི་ཁོ་འཕང་འགྲུབ་པའི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་རྒྱལ་བ་རྡོ་རྗེ་འཆང་གིས་གསུང༌།

        སྡུད་པ་པོ་ཕྱག་རྡོར་སོགས་ཀྱིས་བསྡུས། འཕགས་པའི་ས་མཐོན་པོར་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔལ་རྣམས་ཀྱིས་བཀྲལ། ཉམས་སུ་བླངས་པས་རྒྱུད་གྲོལ་བའི་གྲུབ་ཐོབ་ཟམ་མི་ཆད་པ། བྱིན་རླབས་ཀྱིན་བུན་མ་ཡལ་བ། མཁའ་འགྲོའི་ཁ་རླངས་འཐུལ་བའི་ཟབ་ཆོས་མཐའ་དག་རྫོགས་པར་གསན། ཚུལ་འདི་དག་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་དང༌། བསླབ་བྱ་རྣམས་ཀྱི་འཇུག་ཏུ། རང་གི་སློབ་བུ་དམ་ཚིག་གཙང་མའི་མཆོག་ཏུ་གྱུར་པ་སྤྲུལ་སྐུ་ངག་དབང་ཚུལ་ཁྲིམས་ལ་གདམས་ཞེས་གསུངས་པ་འདིས་གོ་བར་ནུས་སོ། དེ་རྗེས་གསེར་ཀོང་རྡོ་རྗེ་འཆང་གིས་ཁྲི་ཆེན་རིན་པོ་ཆེའི་བཀའ་བཞིན། དགེ་ཚུལ་སློང་གི་སོ་ཐར་སྡོམ་པའི་བསླབ་པ་རྣམས་འདུལ་བའི་ཆོ་ག་བཞིན་འབུལ་བར་མཛད་ཅིང༌། དགེ་བསྙེན་གྱི་སྡོམ་པ་ལ་གནས་པར་མཛད་དེ།

        ལྷ་ལྡན་སྦྲ་ནག་ཞོལ་དུ་ཡོད་པའི་སྐལ་བཟང་སྒྲོལ་མ་ལགས་ཞེས་པ་རིག་མར་བསྟེན། འདི་ནི་ཌ་ཀིའི་མཚན་དང་ལྡན་པ་ཞིག་ཏུ་རྒྱུན་པར་འཇིགས་བྱེད་བདག་བསྐྱེད་ཞལ་འདོན་མཛད་པ་དང༌། དྲུག་ཅུ་མ་ཆད་མེད་འབུལ་བར་མ་ཟད། རྗེའི་གསུང་ལམ་རིམ་འབྲིང་པོ་བློ་ཐོག་ནས་འཐོན་པར་ཞིག་ཡིན་པར་སྣང༌། དེའི་ཚེ་རིག་མ་བཞེས་པས་སང་ཉིན་དེར་ཁྲི་ཆེན་རིན་པོ་ཆེས་རྗེ་འདི་ཉིད་གཟིམ་ཤག་ཏུ་བཞུགས་ཁྲི་མཐོན་པོ་ཞིག་བཤམས་པའི་སྟེང་བཞུགས་སུ་བཅུག་ནས་གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་དུ། གྲོ་མ་མར་ཁུ་དང་འབྲས་བསིལ་བཏེགས་པ་སོགས་དཀར་སྤྲོ་མཛད་པ་དང༌།

        ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱི་པཎ་ཞྭ་སྣེ་རིང་ཞིག་ཀྱང་གནང་སྟེ། གསུང་གི་ཐ་ཚིག་ཏུ། ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་པས་ང་རྒད་པོ་ཤི་རུང་བློ་བདེ་བ་ཡིན། འཇམ་མགོན་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་སྙིང་སྟོབས་ཀྱི་གོ་ཆ་བསྐྱེད་དགོས་ཤིང༌། དེ་ལའང་ཐོག་མར་སྒྲུབ་པ་ལ་སྙིང་རུས་ནན་ཏན་བྱེད་དགོས་ཞེས་སོགས་ཀྱི་བསླབ་བྱ་མང་དུ་མཛད་ཅིང༌།

        མདོ་སྔགས་ཡོངས་སུ་རྫོགས་པ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བའང་གསོལ་བའི་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་དེ་བསྟན་པའི་བདག་པོར་མངའ་གསོལ། ཡང༌། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། ཁྲི་ཆེན་རིན་པོ་ཆེ་ངག་དབང་ནོར་བུ་དང་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་ལྷན་དུ། ཁྲི་ཐོག་ཁང་གི་ཉེ་འགྲམ་ཞིག་བརྒྱུད་དེ་རི་བོ་ཀུན་བཟང་ཞེས་པའི་གནས་སུ་ཕེབས་ཤིང༌།

       གནས་དེར་འཇམ་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་དང་དངོས་སུ་འཇལ་ཏེ་དེའི་དྲུང་ནས་དབང་བཞི་ཟབ་མོ་ནོད་པར་མཛད་པ་དང༌། ཡང་དེར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དངོས་སུ་མཇལ་ཏེ་དེའི་དྲུང་ནས་ཀྱང་དབང་བཞི་ནོད་ཅིང༌། བགེགས་གཏོར་གཏོང་བར་མཛད་པའི་སྐབས་ཀྱི་ཡུངས་དཀར་འགའ་ཤས་བྱིན་རླབས་ཀྱི་ཚུལ་དུ་ཞལ་ལ་བཞེས་པར་མཛད་པ་དང༌། གནས་དེ་ནས་ལྷ་མོ་སྭ་ར་ཝ་སྟི་བཞུགས་པའི་གནས་གཟིགས་པ་དང༌།

       འཕགས་པ་འཇམ་དབྱངས་ཀྱི་ཞིང་དུ་ཕེབས་པ་སོགས་ཆེས་ཇོ་མཚར་བའི་རྣམ་ཐར་ཐུན་མོང་མ་ཡིན་པ་མང་དུ་བཞུགས་པ་ཡིན་ལ། རི་བོ་ཀུན་བཟང་དུ་བྱོན་པའི་རྣམ་ཐར་གྱི་བཀོད་པ་རི་མོའི་ལམ་དུ་སྤེལ་བའི་ཐང་རིས་ཀྱང་ཕྱིས་སུ་གཟིམས་ཤག་ནང༌། ལྷོ་པ་རྒྱལ་སྲས་རིན་པོ་ཆེའི་གཟིམས་ཤག་ཏུ་བཞུགས་ཡོད་འདུག། སྐབས་ཤིག་ཁྲི་ཆེན་ངག་དབང་ནོར་བུ་འདི་ཉིད་སྐུ་གཟུགས་འཁྲུ་ནད་ཀྱིས་བསྙུན་ཚུལ་བཞེས་ཏེ་བཞུགས་གདན་ནས་ཆབ་ཁང་བར་གྱི་ཕེབས་ལམ་དུ་འཁྲུ་བའི་ཚུལ་མཛད་པའི་ཚེ་ཆབ་ཆེན་ཡང་སྐྱུགས་བྲོའི་སྣང་བ་ཏིལ་འབྲུ་མེད་པར་ཕྱག་གཉིས་ཀྱིས་བྱབས་ནས་གཙང་བར་མཛད་ཅིང་ཞལ་དུ་གསོལ་བ་སོགས་ཉིན་མཚན་མེད་པར་བསྙུན་གཡོག་སྲི་ཞུ་བ་གཞན་སུས་ཀྱང་ཟླར་མི་བཟོད་པ་གནང་བས། བྱིན་རླབས་འཇུག་ཚབས་ཆེ་བ་དང༌།

         སྡིག་སྒྲིབ་འདག་ཚབས་ཆེ་བའི་རྟགས་མཚན་མངོན་དུ་གྱུར་ཏེ་ཉམས་རྟོགས་རྨད་དུ་བྱུང་བ་འཁྲུངས་པའི་རྐྱེན་ཕུན་སུམ་ཚོགས་པར་གྱུར། དེ་དག་ལ་བརྟེན་ནས་ཁྲི་ཆེན་རིན་པོ་ཆེའི་ཞབས་གྲས་འགའ་ཞིག་གིས་བླ་མ་ཆུང་ཆུང་སྨྱོན་པ་ལྟ་བུ་གཙང་གཙོག་དང་བྲལ་བ་འདི་འདྲ་སྐྱུག་བྲོ་བ། ཞེས་བརྙས་ཤིང་སྨོན་པར་གྱུར་པའང་བྱུང་འདུག།
        ཆུ་བྱི་ལོར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བཞིན་མཐར་ལྕགས་འབྲུག་༡༨༨༠ལོར་སྐུ་གཤེགས། བཤད་སྒྲོས་སུ་གཙང་ནས་པཎ་ཆེན་བསྟན་པའི་དབང་ཕྱུག་གཤེགས་པར་ཐོབ་མ་ཐོབ་ཇི་ལྟར་རུང་པཎ་ཆེན་ཡང་སྲིད་དུ་འཚང་གི་ཡིན་གསུངས་ནས་ཆུ་རྟ་༡༨༨༢ལོར་སྐུ་འདས་པའང་བཤད། དེའི་སྐུ་ཕྲེང་གཉིས་ངག་དབང་བློ་བཟང་ཐུབ་བསྟན་ཉི་མ།

        སྐུ་ཕྲེང་གསུམ་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་བཅས་བྱོན་པར་སྣང་ངོ༌། །ཁྲི་ཆེན་འདིའི་རྣམ་ཐར་རྗེ་བཙུན་ཁྲི་ཆེན་ངག་དབང་ནོར་བུའི་རྣམ་ཐར་སྲིད་ཞིའི་ལེགས་ཚོགས་གཏེར་མཛོད། དབྱངས་ཅན་དགྱེས་རོལ་རྡོ་རྗེས་མཛད་པ་དཔེ་རིང་བྲིས་མ་ཤོག་གྲངས་སོ་དྲུག་ཡོད་པ་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ཁང་ནང་བཞུགས་ཞེས་དུང་དཀར་ཚིག་མཛོད་དུ་གསལ།

 

                  དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས། 
   

      རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ།
    

     གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
      དྲ་བའི་སྦྲེལ་ཐགhttp://www.tb1025. cn

བརྒྱུད་འགོད།