དགའ་ལྡན་ཁྲི་ཐོག་དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-24 20:15:30     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 

img_0077.jpg

            དགའ་ལྡན་ཁྲི་ཐོག་དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་༡༧༨༡ལོར་སྟོད་ཀྱི་རྒྱལ་རོང་ཚ་ཁོ་མཆོག་རྩེར་ཡབ་དཀའ་ཐུབ་དང༌། ཡུམ་ཀླུ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མིང་ལ་དཀའ་ཐུབ་འབུམ་ཞེས་བཏགས།

            དགུང་ལོ་བརྒྱད་པར་བླ་མ་བློ་གྲོས་ལས་ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ་སོགས་ལ་སྦྱངས་ནས་མཁས་པར་མཁྱེན། ཁོང་གིས་ཐོག་མར་བོན་དང༌། བར་དུ་རསྙིང་མ། མཐར་དགེ་ལུགས་པའི་ཆོས་རྣམས་ལ་རིམ་གྱིས་སྦྱངས་པ་མཛད། དེ་ནས་རསྙིང་མའི་དགོན་པ་ཚང་གནས་སུ་ཞུགས་ནས་རསྙིང་མའི་ཆོས་སྐོར་ལ་ཐོས་བསམ་མཛད།

             དགུང་ལོ་བཅུ་གསུམ་པར་བོན་ལོག་སྟོ་བུ་དོན་གྲུབ་ཀྱིས་སྡེ་དཔོན་བར་ལ་ཕྲ་མ་བཅུག་པའི་རྐྱེན་གྱིས་དཔོན་པོ་ཏཱ་རོ་རྡོ་རྗེ་རྒྱལ་གྱིས་ཡབ་ཡུམ་ཁྲིམས་ལ་སྦྱར་བས་རེ་ཞིག་མི་གཞན་གྱི་གཡོག་ཏུ་བཞུགས་དགོས་པ་བྱུང༌། དགུང་ལོ་བཅུ་དྲུག་པར་ཡབ་དང་ལྷན་ཅིག་ཏུ་ཏྲེ་ཧོར་དང༌། ཆབ་མདོ། སྤོ་ཡུལ། ཀོང་པོ། དྭགས་པོ། སྤུར་ཏ། ཀླུ་ཁ་ད་གྲུ་བརྒྱུད་བསམ་ཡས་གཙུག་ལག་ཁང་དང་མཇལ་ཞིང༌།

           དགུང་ལོ་བཅུ་བདུན་པར་ཕ་ཡུལ་གཅིག་པའི་གྲྭ་རྒྱུན་མང་པོ་དང་མཉམ་དུ་དབུས་ལྷ་ལྡན་དུ་ཕྱག་ཕེབས། དེ་ནས་སེ་ར་དགོན་དུ་བྱོན་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གླིང་གྲྭ་ཚང་དང་རྒྱལ་རོང་ཁང་ཚན་དུ་ཞུགས། ལྷུན་གྲུབ་འཕྲོད་ལམ་ཆེས་བས་མཚན་ལ་བློ་བཟང་ལྷུན་གྲུབ་ཅེས་གསོལ་ཞིང་སེར་སྨད་ཐོས་བསམ་གླིང་དུ་ཞུགས། མཁན་ཟུར་བློ་བཟང་ཐུགས་རྗེ་ལསདགེ་བསྙེན་དང༌། བར་མ་རབ་བྱུང༌། དགེ་ཚུལ་བཅས་ཀྱི་སྡོམ་པ་དུ༷ས་གཅིག་ཏུ་མནོས་ཏེ་མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། གུང་ཐང་ཆོས་ཁྲི་གྲགས་པ་མཁས་གྲུབ་དང༌། རྒྱལ་རོང་བཟོད་པ་ལྷུན་གྲུབ་བཅས་ལ་བསྟེན་ནས་བསྡུས་གཞུང༌། དབུ་མ། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད།

           ཡབ་ཡུམ་གཉིས་ཀྱང་རབ་ཏུ་བྱུང་ཞིང་གྲོང་ཆོག་སོགས་སུ་ཕེབས་ཏེ་ཕྱག་ཏུ་འབྱོར་བའི་རྒྱུ་རྫས་རྣམས་ཁོང་གི་སློབ་ཡོན་དུ་གནང༌། དགུང་ལོ་ཉེར་གཅིག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མན་ངག་མང་དུ་གསན། དགུང་ལོ་སོ་གསུམ་པར་སེར་སྨད་མཁན་པོ་བློ་བཟང་དཔལ་འབྱོར་གྱིས་གླིང་བསྲེའི་དམ་བཅའ་གོ་སྐབས་གནང་བ་ལྟར། གླིང་བསྲེའི་གྲྭ་སྐོར་མཛད་ཅིང་དཀའ་བཅུ་པའི་མཚན་བཏགས་བཞེས།

             དགུང་ལོ་སོ་ལྔ་པར་ལྷ་ལྡན་སྨོནལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་མཚན་བཏགས་ཨང་གསུམ་པ་བཞེས་པའི་སྐབས་ལུང་རིགས་ཀྱི་ཕུལ་མཚམས་འགྲན་ཟླ་མེད་པ་དང༌། མ་སྒྲིག་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གྱི་མཚན་མ་ཡང་དུ་མ་བྱུང་བས་སྨད་མཁན་རིན་པོ་ཆེས་སླར་ཡང་ལྷ་རམས་པའི་དམ་འཇོག་དགོས་པའི་བཀའ་བཟང་བསྩལ་བ་ལྟར། དེ་ལོའི་དབྱར་ཐོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས། རྒྱུད་སྨད་མཁན་པོ་འཇམ་དཔལ་ཚུལ་ཁྲིམས་ཀྱི་དྲུང་ནས་དཔལ་གསང་བ་འདུས་པའི་སྐྱེད་རྫོགས་གཉིས་དང་འབྲེལ་བ་བཞི་སྦྲགས་སོགས་གསན། སྔ་ཕྱིར་མི་ལོ་བཅུའི་རིང་གསང་སྔགས་ཀྱི་ཆོས་སྐོར་ལ་གསན་བསམ་རྒྱ་ཆེར་གནང༌། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན་ནས་སྔགས་རམ་པའི་མཚན་བཏགས་བཞེས།

            དགུང་ལོ་ཞེ་གཅིག་པར་༡༨༢༡རྒྱུད་པའི་དགེ་བསྐོས་མཛད། ཚེ་སྨོན་གླིང་ཕོ་བྲང་གསར་རྒྱག་མཛད་པར་ཁོང་གིས་རབ་གནས་རྒྱས་པར་མཛད། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་དང༌། ཚེ་གླིང་སྐུ་ཕྲེངགཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོའི་ཞབས་ལ་གཏུགས་ནས། མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པའི་ལུང་དང་མན་ངག་ཞུས་ཏེ་ངེས་དོན་བསྟན་པའི་བདག་པོར་གྱུར།

             དགུང་ལོ་ཞེ་ལྔ་པར་དཔལ་ལྡན་སྨད་རྒྱུད་ཀྱི་བླ་མ་དབུ་མཛད་དང༌། དགུང་ལོ་ཞེ་དགུ་པར་སྨད་རྒྱུད་མཁན་ཁྲི་ལ་བཞུགས་ནས་འཆད་ཉན་མཛད། དགུང་ལོ་ང་དྲུག་པར་བྱང་རྩེའི་ཁྲི་ལ་བཞུགས་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད།

             དགུང་ལོ་དྲུག་ཅུ་རེ་གསུམ་པར་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་༡༨༤༣ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང༌། དེའི་རིང་ལ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེའི་ཕྱི་ལོ་དགུང་ལོ་དྲུག་ཅུ་རེ་བཞི་པ་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་༡༨༤༤ལོར་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བཀུར་ཞིང་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་ཕུལ། དགུང་ལོ་དྲུག་ཅུ་རེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། འདིའི་རྣམ་ཐར་ཞལ་སློབ་རྒྱལ་རོང་དགེ་བཤེས་ཤིག་གིས་མཛད་པ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་གསུངས།

དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།        

 རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།པར་ཞུ།       

དྲ་བའི་སྦྲེལ་ཐགhttp://www.tb1025. cn


བརྒྱུད་འགོད།