དགའ་ལྡན་ཁྲི་ཐོག་ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-08-12 22:52:16     རྩོམ་པ་པོ།   མི་གསལ    ཀློག་ཐེངས།  

                                     1_120527131039_1.jpg

             དགའ་ལྡན་ཁྲི་ཐོག་ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས་ནི། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་༡༦༦༢ལོར་མདོ་སྨད་ཅོ་ནེའི་ཨ་གཟིགས་ཐང་དུ་ཡབ་ཧོར་ཚང་མགོན་པོ་བསམ་གྲུབ་དང༌། ཡུམ་ལྷ་བཟའ་ལྷ་མོ་ཕྱུག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་འདུལ་འཛིན་བློ་གྲོས་རྒྱ་མཚོ་དང་མཁན་ཆེན་ཐབས་མཁས་རྒྱ་མཚོ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་དར་རྒྱས་ཞེས་གསོལ། མཁན་སློབ་དེ་གཉིས་ལས་ཡི་གེའིསྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་བསླབས། ཅོ་ནེ་བཤད་སྒྲུབ་གླིང་གི་ཚོགས་གྲྭ་ལ་ཞུགས་ནས་གར་ཐིག་དབྱངས་གསུམ་སོགས་ལ་བྱང་ཆུབ་པར་མཛད།

            དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སེར་སྨད་དུ་ཞུགས་ཏེ་བསྡུས་གཞུང་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པས་སྨྲ་བའི་སེང་གེ་ལྟ་བུར་གྱུར། རྗེ་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་ལས་དགེ་ཚུལ་སྒྲུབ་པ་དང་མདོ་སྔགས་ཀྱི་ཆོས་འབྲེལ་ཡང་གསན། དགུང་ལོ་སོ་གཉིས་པར་སེ་ར་ཚོགས་ཆེན་དགེ་བསྐོས་མཛད་ནས་འགྲིག་ལམ་ལ་དོ་དམ་གང་ལེགས་གནང༌།

           དགུང་ལོ་སོ་བཞི་པར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་ལྔ་པར་གོང་ས་ལྔ་པའི་དངོས་སློབ་གནས་བརྟན་འཇམ་དབྱངས་གྲགས་པའི་དྲུང་དུ་བསྙེན་པར་རྫོགས། དེ་ནས་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་མཁས་པར་སྦྱངས། དགུང་ལོ་སོ་བདུན་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་སོ་དགུ་པར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་ངོ་དགུའི་རིང་དུ་འཆད་ཉན་དང་གཏོང་སྒོ་གང་ཅིའི་ཐད་ནས་ལེགས་པར་བསྐྱངས།

          དགུང་ལོ་ཞེ་ལྔ་པར་ཤར་རྩེར་ཕེབས། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་༡༧༠༨ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས། ཤིང་རྟ་༡༧༡༤ལོར་ཁྲི་ལས་ཟུར་ནས་ཀྱང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་དང༌། བདེ་ཆེན་གསང་སྔགས་མཁར། རིན་ཆེན་གླིང༌། དྭགས་པོ་གྲྭ་ཚང་བཅས་ལ་ཞལ་འཛིན་གང་ལེགས་གནང༌། དགུང་ལོ་ང་དགུ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་༡༧༢༠ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་མཚོ་སྔོན་དཔོན་ཁག་དང་མན་ཇུ་དམག་གིས་ལྷ་སར་གདན་དྲངས་ནས་ལྷུན་གྲུབ་རྫོང་དུ་ཕེབས་པར་ཁྲི་ཟུར་འདི་ཉིད་དང་དགའ་ལྡན་ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཀུན་གཟིགས་པཎ་ཆེན་རིན་པོའི་སྐུ་ཚབ་གདན་ས་གསུམ་གྱི་མ་ཁན་སློབ་ལས་སྣེགཞུང་ཞབས་སེར་སྐྱ་གང་འཚམས་བཅས་ཕེབས་གསུར་བཅར་པས་རྒྱལ་དབང་མཆོག་དང་ཕན་ཚུན་ཐུགས་སྣང་ཤིན་ཏུ་གཤིན་པོ་བྱུང༌། ལོ་དེར་རྒྱལ་དབང་མཆོག་པོ་ཏ་ལར་ཁྲི་འདོན་མཛད་སྒོ་གྲུབ་པ་དང་རྒྱལ་དབང་མཆོག་གི་ཡོངས་འཛིན་དུ་ཕེབས་ཏེ་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བརྒྱད་པའི་བར་ལོ་ངོ་བཞིའི་རིང་དུ་འབུལ་བར་མཛད།

           དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་༡༧༢༣ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དྭགས་པོ་རྣམ་གྲོལ་གླིང་གི་གཙུག་ལག་ཁང་དུ་བཞུགས་སོ། །

 

 དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།                         

 

 

                        རྩོམ་སྒྲིག་པ།  ཀླུ་ཚང་ འཇམ་དབྱངས་ཤེས་རབ། 


གསལ་འདེབས།  

   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།    གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།        

    དྲ་བའི་སྦྲེལ་ཐགhttp://www.tb1025. cn


 

བརྒྱུད་འགོད།