དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ཧོར་ནག་ཚང་པ་དོན་འགྲུབ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-08-12 22:39:01     རྩོམ་པ་པོ།   མི་གསལ    ཀློག་ཐེངས།  

                                            20130219233923_710.jpg 

              དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ཧོར་ནག་ཚང་པ་དོན་འགྲུབ་རྒྱ་མཚོ་ནི། རབ་བྱུང་བཅུ་གཅིག་པའི་ཤིང་ལུག་༡༦༥༥ལོར་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་གྱི་ནག་ཚང་གྲོང་དུ། ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྤྱིར་ཏྲེ་ཧོར་ཞེས་པ་འདི་བུ་སྟོན་ཆོས་འབྱུང་སོགས་སྔ་རྩོམ་རྣམས་སུ་ཀ་ཀྲེ་དང་ཕྱིས་རྩོམ་རྣམས་སུ་ཏ་ཏྲེ་བྲིས་སྣང་ཞིང༌། ཡང་ཏྲེ་བོ་དང་ཏྲེ་ཧོར་ཞེས་འབྲི་ཚུལ་གཉིས་བྱུང་བ་ལས་ཧོར་གྱིས་དབང་བསྒྱུར་མ་བྱུང་བའི་སྔོན་དུ་ཏྲེ་བོ་དང་ཧོར་གྱི་དབང་བསྒྱུར་བྱས་པའི་རྗེས་ནས་ཏྲེ་ཧོར་ཞེས་པ་འདི་ཉིད་འབྲི་སྲོལ་ཆེ་བར་གྱུར་པ་ཡིན་ལ།

              རྗེ་འདིའི་འཁྲུངས་ཡུལ་སྐོར་བོད་གཞུང་གི་ཤིང་ཁྱི་༡༨༡༤ལོར་སྤྲུལ་སྐུའི་ཐོ་གཞུང་དུ། འབྲས་སྤུངས་གླིང་སྤྲུལ་སྐུའི་སྐྱེ་ཕྲེང་དང་པོ། དོན་འགྲུབ་རྒྱ་མཚོ་ཏྲེ་བོར་འཁྲུངས། འདིས་དགའ་ལྡན་གསེར་ཁྲིར་ཕེབས། ཏཱ་ལའི་བླ་མ་ཚངས་དབྱངས་རྒྱ་མཚོའི་དབུ་བླ་མཛད། དགུང་ལོ་དགུ་བཅུ་ཐམ་པར་གཤེགས། ཞེས་བཀོད་སྣང་ཞིང༌། གངས་ཅན་མཁས་དབང་རིམ་བྱུང་གི་མིང་མཛོད་དུའང་ཀྲེ་ཧོར་ནག་ཚང་དུ་འཁྲུངས་པར་བཤད། དཀར་མཛེས་ཁུལ་འདིར་མི་ཐོག་མིས་བརྗེས། ཤིང་ཐོག་ལོ་མས་བརྗེས་ནའང་ཏྲེ་བོ་ནག་ཚང་ཞེས་པའི་ས་མིང་དང་སྡེ་པ་ནི་ད་ལྟའི་བར་དུའང་གནས་ཡོད་པས། འདི་ལ་བརྟེན་ནས་ད་ལྟའི་བར་དུ་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱིས་ཚོམས་ཇ་ནམ་ཡོད་གླིང་བླ་བྲང་དུ་སྐྱེལ་སྲོལ་འདུག གུང་བསྟན་གྱིས་བྲེ་བོ་ནག་ཚང་དུ་ཞེས་བཀོད་འདུག་པ་ནི་ཁྱད་དུ་བཟོ་བཅོས་བྱས་པ་མིན་ནམ་སྙམ་དུ་དོགས་ལ། མཁས་པའི་དབང་པོ་ཡོན་ཏན་རྒྱ་མཚོས།

           འདི་ལ་དཔེ་བལྟས་ནས་བསྒྲིགས་པའི་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་དུ། བྲེ་བ་ཞེས་བྲིས་པ་ནི་གུང་བསྟན་པའི་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དཔེ་སྐྲུན་སྐབས་ལྕགས་འབྲུ་ཟད་རསྙིང་སོང་བ་དང་ཆག་གྲུག་སོང་བས་ན་རོ་མི་གསལ་བ་དེར་དཔེར་བྱས་པས་འཁྲུལ་བར་ཟད་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དཔེ་སྐྲུན་བྱེད་སྐབས་ང་རང་བློ་གླིང་དཔེ་སྐྲུན་ཞུ་དག་པ་ཡིན་པས་རྒྱུས་གསལ་པོ་ཡོད། རྗེ་འདི་ཉིད་དགུང་ལོ་བཅུ་གསུམ་པ་མེ་ལུག་༡༦༦༧ལོར་གཞུང་གི་ནག་ཚང་འགོ་པ་དང་མཉམ་དུ་དབུས་འགྱུར་་ཆོས་ཀྱི་ཞིང་སར་ཕེབས།

           འབྲས་སྤུངས་ཏྲེ་ཧོར་དུ་ཞུགས་དགོས་ཀྱང༌། ཁང་ཚན་དགེ་རྒན་འཇོན་ཐང་ཅན་ཞིག་གིས་སྤགས་ཐེལ་གྱི་མཚམས་སྦྱོར་གནང་བ་ལ་བརྟེན་ནས་འབྲས་སྤུངས་བཀྲ་ཤིས་སྒོ་མང་ཧར་གདོང་ཁང་ཚན་དུ་འཛུལ་ཞུགས་བྱས། དོན་རྐྱེན་འདི་ལ་བརྟེན་ནས་ཁང་ཚན་འདིར་དུས་དེ་ནས་བཟུང་ཉེ་འཁོར་བའི་གྲྭ་རྒྱུན་སུ་ཞིག་ཡིན་ཡང་ཁང་ཚན་དགེ་རྒན་ལང་མི་ཆོག་པར་བྱས་ཟེར། བསྡུས་གཞུང་ནས་བཟུང་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེར་མཛད། ཐུགས་རིག་ཤིན་ཏུ་གསལ་བས་ཉིན་རེར་དཔེ་རིང་མདའ་ཚད་མ་བཅུ་རེ་བློ་འཛིན་གནང་བས་ལེགས་བཤད་གསེར་ཕྲེང་དང༌། རྣམ་བཤད་སྙིང་རྒྱན། ལེགས་བཤད་སྙིང་པོ། རྩ་བ་ལྔ་སོགས་ཐུགས་ཐོག་ཤར་ཤར་དུ་སྐྱོར་གནང་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་གདན་གསུམ་མཁས་མང་སྟོང་ཕྲག་ཚོགས་པའི་དབུས་ནས་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས་པ་དང་མཁས་པའི་མཚན་སྙན་འབར།

           དགུང་ལོ་ཉེར་དྲུག་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྒྱུད་སྡེ་བཞིའི་དོན་ལ་གཞན་དྲིང་མེད་པའི༌། མཁས་པར་བསླབས། དགུང་ལོ་ཉེར་བརྒྱད་པར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་འཆད་ཉན་རྒྱ་ཆེར་བསྐྱངས། རྗེ་འདི་ཉིད་མཁན་པོ་ལས་ཐོབ་སྐབས་གདན་ས་ཆེན་པོ་འདིར་སྔོན་གྱི་སྐྱེས་ཆེན་དུ་མའི་སྒྲིག་གཞི་བཅའ་ཡིག་དུ་མ་ཡོད་ནའང་ཕྱོགས་མཐའ་ཁག་ནས་གྲྭ་རྒྱུན་རྣམས་རྒྱ་མཚོ་ལ་ཆུ་བོ་འདུས་པ་དང༌། པད་མཚོ་ལ་ངང་མོ་འདུ་པ་བཞིན་ཧ་ཅང་གིས་འཕེལ་རྒྱས་ཇེ་ཆེར་སོང་སྟེ་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ཞེས་པའི་བཤད་སྲོལ་ཡང་རྗེ་འདིའི་སྐབས་ནས་བྱུང་ཞིང༌། དེ་དང་ཆབས་ཅིག་ཏུ་སྔོན་གྱི་བཅའ་ཡིག་ཁག་ཏུ་ཕྱི་ནང་གི་གླེང་གཞི་ཡང་མང་དག་ཅིག་གསར་དུ་བྱུང་བ་དང་བསྟུན་ནས། སྒོ་མང་སློབ་དཔོན་པ་དོན་གྲུབ་རྒྱ་མཚོ་འདི་ཉིད་དང༌། བློ་གསལ་གླིང་ཟུར་པ་ལེགས་པ་དོན་གྲུབ། འདུལ་བ་པ་བློ་བཟང་དགའ་ལྡན། བློ་གསལ་གླིང་ཁྲི་བ་བློ་བཟང་འཇམ་དཔལ། ཤག་སྐོར་བ་ངག་དབང་དོན་གྲུབ། རྒྱལ་པ་ཆོས་ལྷུན་གྲུབ། བདེ་ཡངས་པ་བློ་བཟང་ཡོན་ཏན། སྔགས་པ་ལེགས་བཤད་རྒྱ་མཚོ་སོགས་སློབ་དཔོན་པ། དགེ་སྐོས་དཀའ་བཅུ་བློ་བཟང་དོན་གྲུབ་དང་རབ་འབྱམས་པ་བློ་བཟང་ཡེ་ཤེས། དབུ་མཛད་ངག་དབང་བསྟན་འཛིན། གཉེར་པ་དཀའ་བཅུ་བློ་གྲོས་ལྷུན་གྲུབ་དང༌།

             རབ་འབྱམས་པ་བློ་བཟང་རབ་ཡངས་སོགས་ཀྱིས་བསྐུལ་མ་ཡང་ཡང་ཞུས་པ་དང་སྔ་ཐོག་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པ་རང་ཇི་ལྟར་རུང་རྙིང་པ་ཞིག་འདུག་པ་སྡེ་གཟར་དུས་བོར་བས་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། ས་སྐྱོང་བསོད་ནམས་རབ་བརྟན། སློབ་དཔོན་སངས་རྒྱས་བཀྲ་ཤིས་སོགས་དུས་དེའི་སློབ་དཔོན་པ་དང་གྲྭ་རྒན་རྒྱུས་ཡོད་རྣམས་གོ་བསྟུན་ནས་མཛད་པའི་བཅའ་ཡིག་དེ་ལ་ལ་སྤམ་དྲགས་པ་དང༌། འགའ་ཞིག་ཤིན་ཏུ་ཕྲ་བས་མཚོན་ཉམས་སུ་བསྟར་བདེ་མི་བདེ་སྣ་ཚོགས་འདུག་པ་བཅས་བགྱིད་འདུན་ཡོད་ཀྱང་ཆུ་གཉེར་ལྟ་བུའི་རྣམ་གཡེང་གིས་དུས་འདས་པའི་རིམ་ལུས་སུ་སོང་བར་མ་ཟད་ཕྱིས་སྐོར་ཁམས་ཆེན་སོགས་རེ་གཉིས་ཀྱིས་ངན་ཤེད་ལ་བརྟེན་པའི་སྒྲིགས་སྤང་བླང་རྣམས་ལོ་རེ་བཞིན་འགྱུར་ནས་མ་གནས་གཤིས་བགྱིས་པ་རྣམས་ཀྱང་ཚུལ་བཞིན་མ་བྱུང་བའི་ཚེ་དེ་ལམ་དུ་བཞག་ན་མ་འཐུས་པས་རིམ་འགྱངས་སུ་ལུས་པ་ཡིན་རུང་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ནས་རྟ་མཛོས་མཐའ་བརྟེན་པའི་བཀག་ཆའི་བཅད་བརྡར་དང༌། རྩ་ཚིག་བཟོས་པར་རྙེད་སྤང་བླང་རྣམས་མཆན་བུར་བཀོད་དེ་བརླིང་ཆ་གོང་ཆེ་འགབ་ལན་ཁ་ཡར་ཞིབ་དཔྱད་ཅིང་དེ་ལྟ་ལག་ཡོད་སྐལ་གཏོང་གི་ཐོག་གཞི་རྣམས་སྡེ་པའི་ལག་ཏུ་འདུག་པ་དང་ཡང་བཅད་དེ་སྤང་བླང་འཛོལ་མེད་ཉམས་སུ་ལེན་པའི་བཅའ་ཡིག་ཚུལ་འཆལ་ས་སྲུངས་འདུལ་བའི་ལྕགས་ཀྱུ་ཀུན་གསལ་མེ་ལོང་འདི་ནི་ཟ་ཧོར་གྱི་བབརསྤྱ༨་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོས་འཕགས་པའི་ཡུལ་དུ་དུནྡུ་བྷི་ཞེས་པ་ལྗོངས་འདིར་རྔ་ཆེན།

              ཙི་ནའི་ཡུལ་དུ་བཞིན་ཟུ་ཞེས་ཆུ་ཕོ་ཁྱིའི་ལོ་ཉིན་མོར་བྱེད་པ་གླང་གི་ཁྱིམ་དུ་སྤྱོད་ཅིང་ཆུ་ཤེལ་གྱི་དབང་པོ་སོ་གས་ཉ་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་བླ་མེད་བྱང་ཆུབ་བརྙེས་པའི་དུས་ཆེན་ལ་ལུགས་བརྒྱའི་འདུན་ས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་དམར་པོ་རིར་སྦྱར། ཞེས་གསུངས་པས་སོ། །བཅའ་ཡིག་དེ་ཉིད་ས་ཕག་དུས་འགྱུར་མ་བྱུང་བར་དུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ཆེན་པོས་ཕྱག་ཏུ་བསྣམས་ནས་ཆོས་ཁྲིམས་དར་གྱི་མདུད་པ་ལས་ནམ་ཡང་མི་འདའ་བའི་སྲོལ་བཟང་འདི་ཉིད་བྱུང་བ་ཡིན་ནོ། །

             དགུང་གྲངས་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་༡༦༩༥ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་གནང༌། མི་རིང་བར་བྱང་རྩེ་ཆོས་རྗེའི་ཁྲིར་འཁོད་དེ་བཤད་སྒྲུབ་འཆད་ཉན་རྒྱ་ཆེར་མཛད་བཞིན་པའི་མུར། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་༡༧༠༠ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སོར་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ན་སྒྲེངས། ལོ་དེའི་ཚོགས་མཆོད་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ཉིན་དེ་སྔོན་དགའ་ལྡན་ཁྲི་ཆེན་ཞེ་ལྔ་པ་དང༌། ཞེ་དྲུག་པ་གཉིས་ཀས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལས་རྨད་བྱུང་བསྐལ་སྔོན་མའི་ལུང་གསན་རྒྱུའི་ལུགས་སྲོལ་ཆགས་པར་དགེ་ཕྱོགས་མཁས་གྲུབ་དུ་མའི་ཐུགས་ལ་བབ་པོ་རང་མེད་ནའང༌།

             རྗེ་འདི་ཉིད་ཁྲིར་ཕེབས་མ་ཐག་པ་ཡིན་པ་དང་སྡེ་སྲིད་ཀྱི་དགོངས་ཕྱོགས་ཡོང་དོགས་ཀྱིས་རྨད་བྱུང་བསྐལ་སྔོན་མའི་ལུས་ཞུསརབ་གསལ་གསེར་གྱི་སྙེ་མ་༦༩༧ ༦༩༨། བོད་ཟླ་གསུམ་པའི་ཚེས་གཉིས་ཉིན་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང༌། ཡེར་པ་གྲྭ་ཚང༌། ཨེར་འོར་པ། རིན་ཆེན་བྲག། སྟག་ཕུ། ར་ཁྱིམ་རྣམསཀྱི་གྲྭ་བླ་མང་པོའི་དབུས་སུ། ཁྲི་ཆེན་འདི་ཉིད་ཀྱིས། ལྷར་བཅས་འགྲོ་བ་སྤྱི་དང་ཡང་སྒོས་བསིལ་ལྡན་གངས་ཅན་བོད་ཀྱི་བསྟན་འགྲོའ་གཙུག་རྒཊཡན་དུ་གཟུགས་སྐུའི་དཀྱིལ་འཁོར་མི་འགྱུར་བར་བསྐལ་བ་བརྒྱ་ཕྲག་དུ་མར་བཞིགས་པའི་ཞལ་བཞེས་དགོས་ཚུལ་དང་སྦྲགས། རྩེ་ཤོད་གཉིས་ལ་དངུལ་གྱི་མཌ་ཌལ་གྱིས་སྣེ་དསརངས་བདུན་ཚན་དང་ལྔ་ཚན་གསུམ་བཅས་སྟོས་ཆེར་འདེགས་འབུལ་ཞུསརབ་༧༠༢ ༧༠༣། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་མཛད་ནས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་འབུལ་གནང་མཛད།

             དགུང་ལོ་ང་གཅིག་པ་མེ་བྱ་༡༧༠༥ལོར་སོག་པོ་ལྷ་བཟང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དབར་འདུམ་ཆིངས་གང་དྲག་གནང༌། དགུང་ལོ་ང་གཉིས་པ་མེ་ཁྱི་༡༧༠༦ལོའི་བོད་ཟླ་ལྔ་པའི་ཚེས་བདུན་ཉིན་ལྷ་བཟང་གིས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་འདྲེན་ཞུ་རྩིས་ཀྱིས་པོ་ཏ་ལ་ནས་རྫོང་རྒྱབ་ལྷ་ཀླུ་དགའ་ཚལ་དུ་བཞུགས་སུ་འཇུག་རྒྱུ་ལྟར་རྐྱང་ཐང་སྒང་དུ་བཞུགས་སྒར་བཏེགས་ཏེ་བཞུགས་ཞག་མཛད་པའི་སྐབས་སེར་འབྲས་ཀྱི་དགེ་འདུན་པ་སོགས་སྐྱ་སེར་ཤིན་ཏུ་མང་པོ་མཇལ་ཁ་འཚང་ཀ་བྱེད་པ། སོག་དམག་སྐུ་སྲུང་པ་ཚོས་གུར་གྱི་ཀ་ར་ཕབ་ནས་རྒྱུགས་རྡུང་གཏོང་བར་སེར་འབྲས་ཀྱི་གྲྭ་པ་ཚོས་རྡོ་ཆར་ཕབ། མི་དམངས་ཀྱིས་ཕྱག་འཚལ་བ་སོགས་ཟིང་ཟིང་ལོང་ལོང་བྱེད་པའི་ཁྲོད་དུ་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཀྱང་རྒྱལ་དབང་དྲུག་པ་མཇལ་ཁར་ཕེབས་པ་ལ་གྲྭ་པ་ཚོས་ཕྱག་དབང་ཞུས་པར་སངས་རྒྱས་སྐུ་དངོས་འདིར་བཞག་ནས་ང་ལ་ཕྱག་དབང་ཞུས་པ་གང་ཡིན་ཞེས་བཀའ་སྐྱོན་གནང་ཞིང༌། ལྷ་བཟང་གི་དཔོན་དམག་ཚོར་ཁྱོད་ཚོ་ལ་དངུལ་དགོས་ན་དགའ་ལྡན་དངུལ་གདུང་ཆེན་མོ་པགས་པ་བཤུས་ནས་ཁུར། གོས་ཆེན་གྱིས་ལག་ཐོགས་ན་དགའ་ལྡན་གསེར་ཁྲིའི་ཐོག་ནས་ངའི་གོས་བེར་ཁྱེར་ཅིག སྤྱན་རས་གཟིགས་སྐུ་ཤ་རློན་པའི་སྐུ་སྲོག་ལ་བདོ་བའི་ངན་ཇུས་འདི་འདྲ་གཤམ་དོན་གང་ཡིན་སོགས་ཞལ་ནས་གང་ཐོན་གྱིས་ཀྱལ་ཀ་གནང༌།

          དེ་ནས་དེ་འབག་གླིང་ཁར་འབྲས་སྤུངས་པའི་ཐབ་སྐྱེལ་སྐབས་འབྲས་སྤུངས་པའི་སྡག་སྡག་མང་པོ་དཔུང་སྒྲིག་སྟེ་སོག་དམག་གི་ཁྲོད་ནས་འཆི་བ་སྲོག་ལ་མི་ལྟ་བར་རྒྱལ་དབང་མཆོག་བཙན་ཕྲོགས་ཀྱིས་འབྲས་སྤུངས་ལྡན་ཕོ་བྲང་དུ་གདན་དྲངས། ལྷ་བཟང་གི་དཔུང་དམག་རྣམས་འཇམ་བཞེད་དང་མཆོད་ཡོན་ཡིན་སྟབས་སྒོ་མང་ཕྱོགས་ཤར་ཆུ་སྦུས་ནས་བརྒྱུད་དེ་དགོན་པའི་ཐོད་དུ་བསྐོར། སྒོ་མང་ནས་བརྒྱུད་གོ་བོའི་སྤྱི་ཁང་སྟེང་ནས་ཕོ་བྲང་ཀུན་དགའ་ར་བ་དང་དགའ་ལྡན་ཕོ་བྲང་གི་རྒྱབ་ནས་མེ་མདའ་འཕེན་པ་སོགས་བྱས་བྱུང་བས། འབྲས་སྤུངས་གྲྭ་པ་ཚོ་ཕོ་བྲང་དཀར་ཞལ་མཐིལ་དུ་ཚོགས་ཏེ་སོག་དམག་ལ་ཡ་ལན་སློག་རྒྱུའི་གྲོས་གཤམ་སྐབས་གྲྭ་པ་འགའ་རེས་རྒྱལ་བ་དངོས་མིན་ཟེར། གང་ལས་ཐོས་དྲིས་པར་སྒོ་མང་བླ་མ་དང་ལ་མོ་ཞབས་དྲུང་ལས་ཐོས་ཟེར། འོ་ན་དེ་གཉིས་སངས་རྒྱས་ཡིན་པ་ཁྱོད་ཅག་གིས་ཤེས་སམ་ཟེར་བ་སོགས་རྩོད་པའི་ཁ་ཚོན་མ་ཆོད་པར་གནས་ཆུང་ལ་ལུང་ཞུས་པས༌། མཐོང་བ་དོན་ལྡན་འདི་ཉིད་པད་དཀར་འཛིན་པའི་ཡང་སྲིད་མིན་ན་གཟུགས་མེད་ཀྱི་འདྲེ་ངའི་མགོ་བོ་ཁོས་ཞེས་ལུང་བསྟན།

            དེ་ལ་དགེ་བཤེས་འགའ་ཞིག་གིས་གཟུགས་མེད་ན་མགོ་ཡོད་པར་ཐལ། ཟེར་ནས་ལྷ་ལ་འཁོར་གསུམ་བསྐོར། སོག་དམག་འབྲས་སྤུངས་སྤྱི་ཁང་ནས་རྒྱལ་རོང་སྤྱི་ཁང་ལྟག་བར་དང༌། ནུབ་རྒྱུད་ནས་ལྕང་སྲུང་ཁང་གི་བར་དུ་བསྐོར་ཟིན་པས་འབྲས་སྤུངས་སུ་ཉིན་བཞི་ལྔ་ཙམ་ལས་བཞུགས་མ་ཐུབ་པར་རྒྱལ་དབང་གཆོག་གིས་ངའི་དོན་དུ་དགོན་པ་ཕུང་ན་མི་རུང་བས་ང་རང་གཅིག་པུར་འགྲོ་ཆོག་ཅེས་སུས་ཀྱང་བཤོལ་མ་ཐེབས་པར་སོག་དམག་གི་ཁྲོད་དུ་ཕེབས། དེ་རྗེས་གསོལ་དཔོན་བློ་གྲོས་རྒྱ་མཚོ་དང་མཆོད་དཔོན་ངག་དབང་དཔལ་འབར་སོགས་མི་གསུམ་མ་གཏོགས་རང་སྲོག་བློས་བཏང་སྟེ་འགྲོ་མཁན་མ་བྱུང༌། དེ་ནས་ལྷ་བཟང་གིས་རྒྱལ་དབང་མཆོག་སྟོད་ལུང་ནས་རིམ་བཞིན་ཡངས་པ་ཅན། འདམ་གཞུང་སོགས་བརྒྱུད་བྱང་ཁ་ནས་ཕེབས་ལམ་དུ་ཟི་ལིང་ཀུན་དགའ་ནོར་དུ་གློ་བུར་ཞི་བར་གཤེགས།

               དེའི་ཕྱི་ལོ་མེ་ཕག་༡༧༠༧ལོར་སོག་པོ་ལྷ་བཟང་གིས་ཁམས་འཇུ་པ་ནས་ཡིན་པའི་གྲྭ་ཡེ་ཤེས་རྒྱ་མཚོ་ཞེས་ཚུལ་ཁྲིམས་ཀྱི་དྲི་བསུང་འཐིལ་བ་ཞིག་ཡོད་པ་དེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ལ་མོ་ཚངས་པའི་ལུང་ལ་བརྟེན་ནས་རྒྱལ་བའི་ཡང་སྲིད་ངོས་འཛིན་དང་ཁྲི་འདོན་བྱས། སྐབས་དེ་དག་དུ་ཁྲི་ཆེན་འདིས་ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་འཁྲུལ་མེད་ཡིན་བཞིན་དུ་སོག་པོས་ངན་ཇུས་གཤོམ་ཚུལ་སོགས་ཞལ་ནས་གང་ཐོན་གྱིས་སོག་རིགས་ལ་ཁ་རྡུང་བཏང་ཡང་ལྷ་བཟང་གི་རྒྱབ་སྐྱོར་གོང་མ་ཆིང་ཧྲེང་ཙུའུ་ཁང་ཤིས་ཡོད་པས་གྲུབ་འབྲས་གང་ཡང་མ་ཐོན་པའི་ཐོག་ལྷ་བཟང་གིས་དགའ་ལྡན་གསེར་ཁྲི་ལས་ཕབ་རྒྱུའི་ཇུས་གཤམ་པ་སོགས་ཀྱི་རྙོག་འཛིང་འགོང་ཆེར་བྱུང༌།

              ལོ་དེར་ཁྲི་ལོ་གཙང་པ་དང་ལྷ་བཟང་ཁང་གིས་སྲིད་རྙོག་གི་དོན་རྐྱེན་འོག་ནས་དགའ་ཁྲི་ལས་ཟུར་ཏེ། བྱ་ཡུལ་ཆོས་སྡེ་ལ་བཞུགས་ནས་འགྲོ་དོན་རྒྱ་ཆེར་སྤེལ་བཞིན་དགུང་ལོ་དོན་གསུམ་པར་རབ་བྱུང་བཅུ་གཉིས་པའི་མེ་ལུག་༡༧༢༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཤིང་ཁྱི་སྤྲུལ་སྐུའི་ཐོ་གཞུང་ནང་དགུང་གྲངས་དགུ་བཅུ་བཞུགས་པར་བཤད།

              དེའི་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་གཉིས་བའི་ས་སྤྲེལ་༡༧༢༨ལོར། དབུས་སྟོད་བྱ་ཡུལ་དཔྲལ་གོང་ཞེས་པའི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་གླིང་སྤྲུལ་གོང་མ་སྐུ་སྐྱེ་ཁྲི་ཆེན་དོན་འགྲུབ་རྒྱ་མཚོའི་ཡང་སྲིད་ངོས་འཛིན་ཞུས་ཏེ་བཀའ་གདམས་པའི་དགེ་བཤེས་གཞོན་ནུ་འོད་ཀྱི་གདན་ས་བྱ་ཡུལ་དགོན་དུ་ཆོས་ཞུགས་མཛད། སྐུ་ན་སོན་པ་དང་དབུས་སུ་ཕེབས་ཏེ་གདན་ས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞུགས་ནས། བསྡུས་གཞུང་དང་རྣམ་འགྲེལ། དབུ་ཚད། འདུལ་མཛོད་བཅས་པར་གསན་བསམ་རྒྱ་ཆེར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་ཤིན་ཏུ་ཆེ་བ་བྱུང༌། རྒྱལ་མཆོག་བསྐུལ་བཟང་རྒྱ་མཚོས་ཁམས་འདན་ཆོས་འཁོར་གླིང་གི་དགོན་པའི་དབུ་བླར་བསྐོས་ནས་ཁམས་སུ་མངགས་བཏང་མཛད།

            རྫ་སྟོད་གླིང་ཚང་ཁུལ་དང་ཏྲེ་ཧོར་དགོན་གསར་དགོན་པ་སོགས་དགེ་ལྡན་པའི་གཞིས་དགོན་དུ་མར་ཡི་དམ་བདེ་གསང་འཇིགས་གསུམ་གྱི་བཀའ་དབང་དང་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་འཁྲིད། རྗེ་ཡབ་སྲས་དང་རྒྱལ་བ་ཡབ་སྲས་སོགས་སྐྱེས་ཆེན་དུ་མའི་བཀའ་འབུམ་གྱི་ལུང་གནང་བས་མཚོན། དགེ་བསྟན་ཕྱོགས་མཐར་སྤེལ་བའི་རྣམ་ཐར་བཟང་པོ་བསྐྱངས། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་སོགས་རྗེས་འཛིན་སློབ་མ་ཡང་ཤིན་ཏུ་མང་པོ་བྱུང་སྣང་སྟེ། ཧོར་ཆོས་རྗེ་སྐུ་རབས་རིམ་བྱུང་གི་རྣམ་ཐར་ཛཁྲརྟ༤འི་གསེར་གྱི་སྙེ་མ་ལས་རྗེ་གྲུབ་པའི་དབང་ཕྱུག་ཆོས་འཁོར་མཁན་པོ་དགེ་འདུན་བསྟན་པའི་རྒྱལ་མཚན་ཕྱོགས་འདིའི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱོན་པ་ལ་གཙུག་ཕུད་ཕུལ་ནས་དགེ་བསྙེན་དང་རབ་བྱུང་གསན་ཅིང༌། དེའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབས། འཕོ་ལུང་དང་ཆོས་རྒྱལ་གྱི་རྗེས་གནང་ཀྱང་གསན།

              མཁན་ཆེན་འདིས་དགོན་འདིའི་བླ་གྲ་སྤྱིའི་སྐུ་རིམ་དྲུག་ཅུ་ལྕགས་མཁར་གྱི་སྒྲུབ་པ་ཟོར་འཕེན་དང་བཅས་པ་གནད་སྨིན་ཞིག་མཛད། ཞེས་གསུངས། འདན་ཆོས་འཁོར་དགོན་གྱིས་གཙོས་སྡེ་དགེ་ཁུལ་གྱི་དགེ་ལྡན་པའི་བསྟན་པའི་ལ་རྒྱ་ལ་ཤིན་ཏུ་སྨན་པ་བྱུང་བས། རྒྱལ་མཆོག་བདུན་པས་རྗེ་འདི་བར་ཨེ་ཏི་ནི་ད་ལའི་ཧོ་ཐོག་ཐུའི་མཚན་གནས་ཀྱི་ཆོ་ལོ་གནང་བ་སོགས། རྨད་དུ་བྱུང་བའི་རྣམ་པར་ཐར་བ་བདག་གིར་མཛད་དེ། ཤིང་ཁྱི་བོད་ཀྱི་སྤྲུལ་སྐུའི་ཐོ་གཞུང་དུ་བཤད་པ་ལྟར་ན་དགུང་གྲངས་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་༡༧༩༠ལོར་དགོངས་པ་ཆོས་དབྱིངས་སུ་བསྟིམས་ཤིང༌། འོན་ཀྱང་སྐུ་ཕྲེང་གོང་འོག་གི་དགུང་གྲངས་ལ་དཔག་ན་འཐད་པ་དཀའ་བ་སྙམ། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་གསུམ་པའི་༡༧༩༡ལོར་ཁམས་སྡེ་དགེ་གླིང་ཚང་དུ་སྐུ་འཁྲུངས།

              དབུས་སུ་བྱོན་ནས་གླིང་ཚང་འདན་ཆོས་འཁོར་གླིང་གི་གྲྭ་རྒྱུན་ཐོབ་ཁུངས་ལྟར་མཁས་མང་བློ་གསལ་གླིང་གི་གླིང་ཁང་ཚན་དུ་ཆོས་ཞུགས་གནང༌། དེ་རྗེས་ཁྲི་སྤྲུལ་གོང་མའི་ཡང་སྲིད་ཐག་བཅད་བྱུང་ནས་སྒོ་མང་དུ་གདན་དྲངས་ཀྱང་མ་ཕེབས་པར་གླིང་ཁང་ཚན་རང་དུ་བཞུགས་པ་ནས་གླིང་སྤྲུལ་ཞེས་པའི་མཚན་སྲོལ་ཐོག ལོ་རྒྱུས་འགའ་ཞིག་ཏུ་དེ་མོ་རྒྱལ་ཐོག་སྐབས་ཕྱོགས་ཞེན་བྱས་ཚུལ་བཤད་པ་མི་བདེན་ཏེ། དེ་དུས་བོད་ཀྱི་རྒྱལ་ཚབ་རྟ་ཚག་རྗེ་དྲུང་གི་སྐབས་ཡིན་པས་སོ། རྟ་ཚག་སྐུ་ཕྲེང་གསུམ་པ་བསྟན་པའི་མགོན་པོས་བོད་ཀྱི་རྒྱལ་ཚབ་གནང་ལོ་ནི་༡༧༩༡༡༨༡༠ བར་ཡིན། དེ་རྗེས་དེ་མོ་སྐུ་ཕྲེང་བཞི་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་བོད་ཀྱི་རྒྱལ་ཚབ་གནང་ལོ་ནི་༡༨༡༡༡༨༡༩བར་ཡིན། འདིའི་སྐུ་ཕྲེང་རྗེས་མ་དགའ་ཁྲི་དོན་ལྔ་པ་གླིང་སྤྲུལ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོས་རྒྱལ་དབང་བཅུ་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པ་ནས་སྐུ་རབས་ཕྲེང་བ་ལ་གླིང་ཡོངས་འཛིན་ཞེས་པའི་མཚན་བྱུང་བ་ཡིན་ནོ།

             རྗེ་འདིས་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་རྗེ་ཡབ་སྲས་དང་བཀའ་བསྟན་གྱི་དགོངས་པ་ཡོངས་སུ་དྲིལ་བའི་གཞུང་ཆེན་ལྔ་ལ་མཁས་པར་སྦྱོང་བཞིན་པའི་མུར༌། དགུང་གྲངས་ཉི་ཤུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་༡༨༡༠ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་གོང་དུ་བཀོད་པའི་དགའ་ཁྲི་དོན་ལྔ་པ་ཡོངས་གླིང་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་༡༨༡༡༡༨༥༥འདི་ཉིད་ཡིན་ནོ། །
             སྐུ་ཕྲེང་ལྔ་པ་ཡོངས་འཛིན་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ནི། རབ་བྱུང་བཅུ་བཞི་པའི་མེ་འབྲུག་༡༨༥༦ལོར་གངས་ཅན་ལྗོངས་ཀྱི་ཡུལ་དབུས་ལྷ་ས་དང་ཁད་ཉེ་བ་འཕན་ཡལ་རག་མ་ཞེས་པའི་ས་གནས་སུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་སྐུ་བལྟམས། ཆུང་དུས་ནས་མཛད་སྤྱོད་ལ་བརྟེན་ནས་ཡོངས་འཛིན་གླིང་སྤྲུལ་གོང་མ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་བྱས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས། ཡི་གེ་འབྲི་ཀློག་ནས་གཞུང་ཆེན་པོད་ལྔའི་བར་གསན་བསམ་རྒྱ་ཆེར་གནང༌། འདི་སྐབས་གླིང་སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་དང༌། སེམས་དཔའ་རིན་པོ་ཆེ། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་ངེས་དོན་སྐྱེས་མཆོག་དུ་མ་དམ་པའི་ཆོས་ཀྱི་བགྲོ་བ་ལ་གདན་འཛོམས་ཏེ་ལུང་རིགས་སེངྒེའི་ང་རོ་ཅི་ཡང་བསྒྲགས་པས་མཚན་སྙན་གཡུ་འབྲུག་སྟོང་གི་སྒྲ་དབྱངས་འཛམ་གླིང་ཡངས་པའི་ནོར་འཛིན་གྱི་ཁྱོན་མཐའ་དག་ལ་དུས་གཅིག་ཏུ་ལྡིར། ཞེས་གསེར་ཀོང་རྡོ་རྗེ་འཆང་གི་རྣམ་ཐར་དང༌། ཁང་གསར་སྐྱབས་མགོན་རྣམ་ཐར་གཉིས་ཀ་ལས་འབྱུང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་དེ་མཁས་པའི་མཚན་སྙན་འབར། ལོ་དེར་གནམ་ལ་ཉི་ཟླ་གཉིས་དང༌། ས་ལ་རྒྱུད་གྲྭ་རྣམ་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་གཅིག་ཏུ་བསྡུས་པ་རྗེའི་འགྲེལ་བ་བཞི་སྦྲགས་དང༌། པཎ་ཆེན་བསོད་ནམས་གྲགས་པའི་རྒྱུད་ཀ་སོགས་ལ་བསླབས་པས་མདོ་སྔགས་གཉིས་ཀ་ལ་མཁས་པའི་ཡང་རྩེར་སོན། བྲག་རི་བློ་བཟང་ཆོས་འབྱོར་རྒྱ་མཚོ་དང༌། རྟ་ཚག་ཡོངས་འཛིན་དགེ་འདུན་རྒྱ་མཚོ། ཕུར་ལྕོགས་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ཁྲི་ཆེན་ངག་དབང་ཚུལ་ཁྲིམས།

            སྡེ་དྲུག་མཁྱེན་རབ་དབང་ཕྱུག་སོགས་མདོ་སྔགས་གཉིས་ཀའི་བསྟན་པའི་བདག་པོ་དུ་མའི་ཞབས་ལ་བསྟེན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ཁྲིད་མན་ངག་སོགས་ཟབ་ཅིང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། འབྲི་གུང་བྱ་ཡུལ་མང་ར་དགོན་པ་སོགས་དབེན་པའི་གནས་སུ་ཐོས་དོན་རྒྱུད་ཐོག་ཏུ་འགེལ་བའི་ཉམས་བཞེས་རྨད་དུ་བྱུང་བར་མཛད་དེ་ཐུགས་རྒྱུད་ཉམས་དང་རྟོགས་པའི་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པར་གྱུར། དགུང་གྲངས་ཉེར་ལྔ་བཞེས་པའི་སྐབས་གནས་ཆུང་སྤྲོ་ཁང་དུ་དཔལ་འཇིགས་མཛད་རྡོ་རྗེའི་གཞི་བསྙེན་ཆེན་མོ་མཛད་སྐབས་བསྙེན་པའི་ཐུན་མཚམས་སུ་ལྗགས་སྒྲིགས་མཛདཔའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ས་གསུམ་བྱ་ཚུལ་ཐེམ་སྐུས་བཅོ་བརྒྱད་པ་ཞེས་པ་གསར་བརྩམས་མཛད་པ་དེ་ཉིད་ད་ལྟའི་བར་འགྲོ་དོན་ཤིན་ཏུ་ཆེ། དེ་ནས་དཔལ་སྟོད་རྒྱུད་པའི་བླ་མ་དབུ་མཛད་དང༌། མཁན་པོ་བཅས་ཀྱི་གདན་ཁྲིར་རིམ་པར་བྱོན་ནས་སྔར་སྲོལ་སྒྲིག་ཁྲིམས་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་དུ་མཛད་ཅིང༌། རྒྱུད་ཀྱི་འཆད་ཉན་ཡང་བསྟན་པའི་མིག་རྒྱན་དུ་ཆེ་བར་མཛད།

           དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་༡༨༩༥ལོར་ྋགོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་གནང་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་སློབ་འཁྲིད་རྒྱ་ཆེར་གནང༌། ཤར་རྩེའི་ཁྲིར་ཕེབས་ནས་ཀྱང་བསྟན་དོན་རྒྱ་ཆེར་སྤེལ། ྋརྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང༌། སྒོ་མང་མཁན་ཆེན་བསྟན་པ་ཆོས་འཕེལ། ྋསྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། སྲིད་སྐྱོང་ཡོངས་འཛིན་སྟག་བྲག་རྡོ་རྗེ་འཆང་ཆེན་པོ་ངག་དབང་གསུང་རབ་ལ་སོགས་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་པས་བསྟན་པའི་ཁུར་འདེགས་པར་བཟོད་པའི་ཞལ་སློབ་ཀྱང་གྲངས་ལས་འདས་པ་བྱུང༌།

            མཐར་དགུང་གྲངས་ང་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་༡༩༠༢ལོར་གཞུང་སའི་མཛད་ཇུས་རིམ་བརྒྱུད་ལ་ཉག་རོང་ལྕགས་མདའ་སྤྲུལ་སྐུ་གཤིན་འདྲེར་སྐྱེས་པ་དེས་གནས་ཆུང་དུ་རྫུས་ནས་ལུང་ལོག་འདྲ་མིན་བརྒྱབས་པར་ྋགོང་ས་བཅུ་གསུམ་པས་ཆོས་སྐྱོང་ལ་རྒྱུག་རྡུང་ཚད་མེད་གནང་ཐོག ལུང་དོན་ཕྱོགས་འགལ་སྔ་ཕྱི་ཡོང་རྐྱེན་ཞིབ་འཇུག་གནང་སྐབས། ཉག་སྤྲུལ་གནས་ཆུང་དུ་རྫུས་པ་ར་འཕྲོད་བྱུང་གཤིས་གླིང་ཚང་རིན་པོ་ཆེ་འདི་ཉིད་གདན་འདྲེན་ཞུས་ནས་གཤིན་འདྲེ་ཉག་སྤྲུལ་དྲག་པོས་སྦྱིན་བསྲེགས་གནང་ནས། ཕྱིར་ཕེབས་ལམ་དུ་ཆིབས་རྟ་འདྲོགས་ནས་བརྡབས་སྐྱོན་ཐོག་ཐུན་མོང་སྣང་ངོར་ཆམ་ནད་ལྟ་བུས་དགོངས་པ་ཆོས་དབྱིངས་སུ་ཐིམ། རྗེ་འདིའི་ལྗགས་རྩོམ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་བྱ་ཚུལ་ལས་ཐེམ་སྐུས་དང་པོ་སྔོན་འགྲོའི་ལག་ལེན་བླང་དོར་རང་གཟུགས་སྟོན་པའི་གསེར་སྦྱངས་ཨཱ་དསྐྲཏ། གཉིས་པ་སྒྲུབ་ཐབས་ངག་འདོན་བདུད་ལས་རྣམ་རྒྱལ།

             གསུམ་པ་རིམ་གཉིས་ཀྱི་རྣམ་བཤད་དངོས་གྲུབ་ནོར་བུའི་མཛོད་ཀྱི་སྒོ་བརྒྱ་ལེགས་པར་འབྱེད་པའི་ལེགས་བཤད་རིན་ཆེན་གསེར་གྱི་ལྡེ་མིག ཞིབ་པ་བསྙེན་ཡིག་སྐོར་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་མ་ལུས་འབྱུང་བའི་ཟ་མ་ཏོག་ཙིཏྟ་ཎིའི་ཕྲེང་བ། ལྔ་པ་དངོས་གཞིའི་སྐོར་གྱི་བསྙེན་ཡིག་ལག་ལེན་སྲད་བུར་བསྟར་བའི་ཤེལ་དཀར་གྱི་ཕྲེང་བ་མཁས་ཀུན་ཡིད་འཕྲོག དྲུག་པ་ཞི་ཁྲོ་སྦྲགས་སྒྲུབ་བྱ་ཚུལ་ཤིནཏུ་ཟབ་པ་གཉིས་འཛིན་གཡུལ་ལས་རྒྱལ་བའི་སྤུ་གྲི་ངར་ཐར་འདོད་དཔལ་བོའི་ལག་ཆ། བདུན་པ་ཁྲོ་བཅུའི་ཕྱིར་བཟློག་བྱེད་ཚུལ་གདོན་བགེགས་ཕྱེ་མར་འཐག་པའི་གནམ་ལྕགས་མེ་དཔུང་འཕྲུལ་འཁོར། བརྒྱད་པ་དྲུག་ཅུ་མ་ཞི་དྲག་གི་གཏོར་བསྔོས་བྱེད་ཚུལ་དངོས་གྲུབ་སྦྲང་ཆར་བསྐུལ་བའི་རྡོ་རྗེའི་སྒྲ་དབྱངས་དམ་ཉམས་ཙིསྒྲྣ་དམར་འབྱིན།

             དགུ་པ་བདག་འཇུག་བྱ་ཚུལ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཉེས་ལྟུང་གླང་པོ་འཇོམས་པའི་མཚོན་ཆ། བཅུ་པ་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་སྡིག་ལྟུང་མུན་པ་འཇོམས་ཤིང་དངོས་གྲུབ་འོད་དཀར་འབྱེད་པའི་ཟླ་གཞོན། བཅུ་གཅིག་པ་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་བྱ་ཚུལ་དངོས་གྲུབ་མཚོ་ཆེན་འཕེལ་བའི་བདུད་རྩིའི་འོད་ཕྲེང༌། བཅུ་གཉིས་པ་མེ་ལྟའི་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་བརྟན་གཡོའི་ལེགས་ཚོགས་དབང་དུ་འགུགས་པའི་ལྕགས་ཀྱུ། བཅུ་གསུམ་པ་སྒྲུབ་པའི་ཐོ་ཡིག་སྐུ་གསུམ་ཆར་འབེབས་དངོས་གྲུབ་རྒྱ་མཚོ། བཅུ་བཞི་པ་བསྙེན་སྒྲུབ་སྦྲགས་མའི་འདོན་བསྒྲིགས་བྱིན་རླབས་སྦྲང་རྩིས་མྱོས་པའི་བུང་བའི་གླུ་དབྱངས་ཐར་འདོད་རྣ་བའི་བདུད་རྩི། བཅོ་ལྔ་པ་བཅུ་ཆའི་དབང་གི་སྦྱིན་སྲེག་བྱེད་ཚུལ་སྲིད་ཞིའི་ལེགས་ཚོགས་དབང་དུ་འགུགས་པའི་དོན་ཡོད་འཕྲུལ་གྱི་ཞགས་པ།

             བཅུ་དྲུག་པ་འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཆེན་གྱི་ཁྱད་པར་བརྗོད་པ་ཐར་འདོད་རེ་བ་སྐོང་བའི་བསམ་འཕེལ་དབང་གི་རྒྱལ་པོ། བཅུ་བདུན་པ་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྙེན་པ་བྱ་ཚུལ་དགྲ་སྙིང་ལོག་མར་འབྱིན་པའི་དཔའ་བོའི་བཞད་སྒྱ་ས་གསུམ་འདར་བྱེད། བཅོ་བརྒྱད་པ་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྦྱིན་སྲེག་བྱེད་ཚུལ་སྲིད་གསུམ་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྐྱེ་བ་ལྔ་པའི་དུང་སྒྲ་གནས་གསུམ་མཁའ་འགྲོ་མཉེས་པའི་རོལ་མོ་བཅས་དང༌། གཞན་ཡང་འབྲས་སྤུངས་སྔགས་ཁང་འཇིགས་བྱེད་གསར་བཞེངས་དཀར་ཆག་དང༌། རྡོ་རྗེ་ཕྲེང་བའི་དབང་གི་སྐོར་དང༌། འཁྲུལ་འཁོར་སོགས་ཀྱི་ཟིན་བྲིས། གཏོར་ཆེན་དྲུག་ཅུ་འི་འདོན་ཆོག་དང༌། ས་ཆོག ཟུར་འདེབས། གནོད་སྦྱིན་ཀྵེཏྲ་པཱ་ལའི་གཏོར་ཟློག གཏད་རུལ་གྱི་ཆོ་ག བླ་མའི་རྣམ་འབྱོར་སོགས་གསར་རྩོམ་པོད་ཆེན་གཅིག་དང༌། ཕྱོགས་བསྒྲིགས་བྱས་པ་མགོན་པོ་གྲི་གུག་གི་ལས་གཤིན་དཔལ་ལྡན་འཕྲིན་ལས་ཀྱི་མགོན་པོར་མཆོད་གཏོར་འབུལ་ཚུལ་གྱི་རིམ་པ་བགེགས་དཔུང་ཕྱེ་མར་བརླག་བའི་སྤུ་གྲི།

            བཀའ་གདམས་ཀྱི་བཀའ་སྲུང་མགོན་པོ་བཞི་སྤྲགས་ལ་མཆོད་གཏོར་འབུལ་ཚུལ་བགེགས་དཔུང་ཕྱེ་མར་བརླག་པའི་གནམ་ལྕགས་འཁོར་ལོ། བཀའ་སྲུང་ཆེན་པོ་རྡོ་རྗེ་རབ་དམར་བའི་གསོལ་མཆོད་བྱ་ཚུལ་དམ་ཉམས་ཀྱི་ཙིསྒྲྣ་དམར་འབྱིན། བྱ་ཡུལ་ལྷ་མོ་རྡོ་རྗེ་རབ་བརྟན་མའི་མངོན་རྟོགས་བགྲ་བགེགས་སྲོག་གི་སྤུ་གྲི་སོགས་མང་དུ་མཆིས།
             སྐུ་ཕྲེང་དྲུག་པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་༡༩༠༣ལོར་དབུས་ཀྱི་དགའ་བ་གདོང་ཀ་བོག་ཏུ་ཡབ་ཀུན་དགའ་ཚེ་རིང་དང༌། ཡུམ་བསོད་ནམས་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་འདི་ཉིད་དགའ་ལྡན་ཁྲི་ཐོག་གོ་བདུན་པར་ཕེབས་ཤིང་འཕྲིན་ལས་ཤིན་ཏུ་འཕེལ། རྣམ་ཐར་ཅུང་ཟད་རྒྱས་པ་དགའ་ཁྲི་གོ་བདུན་པའི་སྐབས་སུ་འགོད་པར་འདོད་པས་དེར་གཟིགས་དགོས།
སྐུ་ཕྲེང་བདུན་པ་གླིང་སྤྲུལ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་ནི། ད་ལྟ་འཚོ་ཞིང་བཞུགས་བཞིན་པ་འདི་ཉིད་ལགས་ཤིང་རྣམ་པར་ཐར་བ་ཅུང་ཟད་རྒྱས་པ་དགའ་ཁྲི་གོ་བདུན་པའི་སྐབས་འགོད་པར་འདོད་པས་དེར་གཟིགས་དགོས།

 དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།                         

 

 

                        རྩོམ་སྒྲིག་པ།  ཀླུ་ཚང་ འཇམ་དབྱངས་ཤེས་རབ། 


གསལ་འདེབས།  

   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།    གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།        

    དྲ་བའི་སྦྲེལ་ཐགhttp://www.tb1025. cn


 

བརྒྱུད་འགོད།