ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-08 17:25:58     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

                                                                                                                                                                                       0909291304dd9f81403f42d440[1].jpg རབ་ 

          ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ནི།    བྱུང་བཅུ་བརྒྱད་པའི་ས་ཁྱི་༡༤༧༨ལོར་རྩེས་ཐང་དུ་ནང་བར་ལམ་པའི་སྲས་སུ་སྐུ་འཁྲུངས།
ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་ཏུ་བྱུང་སྟེ་མཚན་བསོད་ནམས་གྲགས་པར་གསོལ་ཞེས་བཻ་སེར་ལས་འབྱུང་ཞིང༌།རང་ཉིད་ཀྱི་བཀའ་གདམས་ཆོས་འབྱུང་ལས་འདོ་སྣེའི་ཆོས་རྗེ་སངས་རྒྱས་བཟང་པོ་ལ་རབ་བྱུང་གི་མཁན་པོ་ཞུས་ཞེས་འབྱུང༌། དེ་ནས་ཡུལ་སྲོལ་དང་མཐུན་པར་ཆོས་གྲྭ་གཉིས་སུ་ཕར་ཚད་ཀྱི་གྲྭ་བསྐོར་མཛད།

           དེ་ནས་ཚད་མ་རྣམ་འགྲེལ་ཐུགས་ལ་འབད་རྩོལ་ཆེར་མེད་པར་བཟུང་ཞིང༌། གཡའ་བཟང་དུ་ཕེབས་ཏེ་ཆོས་ཀྱི་དྭགས་པོ་རབ་འབྱམས་པ་དང་འབུམ་པ་གཉིས་བསྟེན་ནས་ལོ་ཤས་ཀྱི་བར་དུ་རིགས་གཞུང་ལ་སྦྱངས་པས་ཐོགས་པ་མེད་པར་མཁྱེན་ཀྱང་ད་དུང་ཐུགས་ཁེངས་པར་མ་གྱུར་ཏེ།

           རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པའི་བཤད་སྲོལ་ཆེན་པོའི་སྙན་པས་ཐུགས་འཕྲོག་ནས་དགུང་ལོ་བཅུ་དྲུག་པ་ལ་ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས། ཡོངས་འཛིན་དོན་ཡོད་དཔལ་ལྡན་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་ནས་ཚད་མའི་མདོ། རྣམ་འགྲེལ། རྣམ་ངེས། རིགས་ཐིག་སོགས་ཀྱི་སྟེང་ནས་ཞིབ་བཤད་ལན་མང་དུ་མནོས་ཤིང༌། གཞན་ཡང་བྱང་ཆུབ་ལམ་རིམ་ཆེ་ཆུང་ལ་སོགས་པ་མདོར་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གཞུང་ལུགས་མཐའ་དག་ལ་སྦྱངས་ཤིང༌། ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་བཤེས་གཉེན་དམ་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཆོས་གྲྭ་ཆེན་པོ་དཔལ་རྩེད་ཐང་དུ་རབ་འབྱམས་གྲྭ་སྐོར་མཛད་པས་མཁས་མང་རྒྱ་མཚོ་ལྟ་བུ་རྣམས་ལེགས་བཤད་གསར་བའི་སྐྱེས་ཀྱིས་ཡིད་ཚིམ་པར་གྱུར་ཏོ། །

          དེ་ནས་རྩེད་ཐང་དུ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ་གཙང་ཊིཀ་གི་སྟེང་ནས་མདོ་རྩ་བའི་ཞིབ་བཤད་དང༌། དགྲ་བཅོམ་པ་ས་ག་ལྷས་མཛད་པའི་འདུལ་བ་མེ་ཏོག་འཕྲེང་བརྒྱུད་ཀྱི་བཤད་ལུང་མནོས་ནས་འདུལ་བལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང༌། གཞན་ཡང་ལམ་སྒྲོན། བློ་སྦྱོང་བེ་འབུམ་སྔོ་དམར་ཁྲ་གསུམ་སོགས་བཀའ་གདམས་ཀྱི་ཆོས་སྐོར་ཕལ་ཆེ་བ་ཡང་གསན།

           དེ་ནས་སྐྱིད་ཤོད་ལྷ་སའི་ཕྱོགས་སུ་ཕེབས་ཏེ། འབྲས་སྤུངས་སུ་ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པ་ལོ་ལྔ་ཧྲིལ་པོ་གཅིག་གི་བར་དུ་བསྟེན་ནས། བདེ་གསང་འཇིགས་གསུམ་དུས་འཁོར་ཀུན་རིགས་སོགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མང་པོའི་དབང་དང༌། བདེ་གསང་འཇིགས་གསུམ་གྱི་རྫོགས་རིམ་གྱི་འཁྲིད། བདེ་གསང་དུས་འཁོར་རྣམས་ཀྱི་བསྐྱེད་རིམ། ལྷ་ཚོགས་མང་པོའི་རྗེས་གནང་སོགས་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན། དེ་ནས་དགུང་ལོ་སོ་གཅིག་པ་རབ་བཡུང་དགུ་པའི་ས་འབྲུག་༡༥༠༨ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་ཀྱི་ཞབས་ལ་གཏུགས་ནས་དཔལ་གསང་བ་འདུས་པའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་སོགས་གསན་ཅིང་ལོ་ངོ་གསུམ་གྱི་བར་དུ་བླ་མ་དེ་ཉིད་བསྟེན་ནས་རྗེ་བླ་མའི་སྔགས་གཞུང་ཕལ་ཆེ་བ་ལ་སྦྱངས་པར་མཛད་དོ། །

          གཞན་ཡང་དགའ་ལྡན་དུ་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཐོག་བཅུ་གཉིསཔ་འཇམ་དབྱངས་ཤེས་རབ་དར་ལེགས་པའི་བློ་གྲོས་ཀྱི་དྲུང་དུ་འདུལ་བ་ཀརྨ་ཤ་ཏམ། དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ། རྗེའིབཀའ་འབུམ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་བཀའ་འབུམ་སོགས་གསན། དེ་ནས་སྐབས་ཤིག་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པའི་ཚེ།

          རྗེ་བླ་མ་འདི་ཉིད་ཀྱིས་སྙུན་གཡོག་སོགས་སྐུའི་རིམ་གྲོ་ཉིན་མཚན་ཁོར་མོ་ཡུག་ཏུ་འབད་པ་ཆེན་པོས་བསྐྲན་པས་ཐུགས་ཤིན་ཏུ་དགྱེས་ཤིང་ཞིང་གཤེགས་ཁར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་ཐམས་ཅད་དམ་པ་འདི་ཉིད་ལ་ཕོག་ཏེ། རྒྱུད་གྲྭ་འདིའི་འཆད་ཉན་ནམ་ཡང་མི་ཉམས་པར་བྱ་དགོས་ཚུལ་སོགས་ཀྱི་བཀའ་ཆེམས་མང་དུ་གནང་ནས་ཚོད་ཁེ་སྤོགས་ལོན་པ་བཞིན་དུ་ཞིང་གཞན་དུ་གཤེགས།

          རྗེ་བླ་མ་འདིས་ཀྱང་བླ་མའི་བཀའ་བཞིན་དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་ལྕགས་ལུག་༡༥༡༡ལོར་རྒྱུད་ཀྱི་མཁན་ཁྲིར་ཕེབས། དུས་དེ་ནས་བཟུང་སྟེ་ཞེ་བདུན་གྱི་བར་དུ་རྒྱུད་ཀྱི་ཐུགས་ཁུར་བཞེས་ནས་འཆད་ཉན་ཆོས་འཕེལ་བར་བྱུང་ཞིང༌། ཁྱད་པར་དགུང་ལོ་སོ་དྲུག་པའི་དུས་གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་ཊིཀ་ཆེན་བརྩམས་ཤིང་དེའི་འཆད་ཉན་འཛུགས་པར་མཛད་ཅིང༌།

          གཞན་ཡང་ཇ་ཚུལ་འཛུག་པ་དང་དགེ་འདུན་གྱི་འདུ་ཁང་བརྩིགས་པ་སོགས་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པས་གྲྭ་ཚང་ཡང་ཆེས་ཆེར་འཕེལ་ཏེ་རྒྱུད་སྟོད་སྨད་ཞེས་ཕན་ཚུན་འགྲན་པ་བཞིན་དུ་གནས་པ་འདི་དམ་པ་ཁོ་ནའི་ཕྱག་རྗེས་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་འཆད་ཉན་མཛད་པའི་སྐབས་དེ་དག་ཏུ་འོན་སྡང་དང་ཉིད་ཀྱི་གདན་ས་ཡང་འཛིན་སྐྱོང་མཛད། 

           དགུང་ལོ་ཞེ་བདུན་པ་ཤིང་སྤྲེལ་༡༥༢༤ལོ་ནས་བཟུང་སྟེ་ཆོས་རྗེ་དཀོན་དར་བ་ལ་རྒྱུད་པའི་གདན་ས་གཏད་ནས་མཁས་མང་བློ་གསལ་གླིང་གི་འཆད་ཉན་མཛད་དེ། དེ་ཡང་ཉིད་ཀྱི་བཀའ་གདམས་ཆོས་འབྱུང་ལས། ཤིང་སྤྲེལ་ལོ་གསར་བ་ངོས་ཅག་ལ་ཆོས་འཆད་དུ་སླེབས་དགོས་པའི་ཐམས་ཅད་མཁྱེན་པའི་ཕྱག་དམ། མི་སྣའི་ངག་དང་བཅས་པ་འགའ་ཟུང་ཕེབས་ཤི། སྨིན་པའི་མཐར་རྒྱུད་ཀྱི་འཆད་ཉན་བསྐོ་བ་དང༌། དགོན་པ་གཅིག་གཉིས་གཏོང་གྲུབ་ན། བཀའ་ངག་མ་བཅག་ཙམ་ཅི་ཡོང་བལྟ། ཞེས་ཞུས་ཤིང་སྨྲས་པ་ན། ཞུས་ལན་ཕྱག་དམ་དུ། དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་ཞེས། །གྲགས་པ་སྙིང་ལ་ཡི་དམ་ཉིད་དུ་བགྱིད། །དེ་དག་སྒྲུབ་པའི་ཐབས་ལ་མཁས་པ་ཡང༌། །སྨོས་པར་ཅི་འཚལ་ཚུལ་བཞིན་མཛད་དུ་གསོལ། །ཞེས་ཕེབས་པ་ཉིད་ཁུར་དུ་ལྕི་སྟེ་ལོ་དེའི་འཇུག་ནས་གྲྭ་ཚང་གཟུང་བ་དགེ་ལྡན་དུ་སླེབས་དགོས་པ་སོགས་ནས། བཤད་ཉནར་རྒྱུན་འཐུད་པ་གཅིག་མ་བྱུང་ཡང་ཅི་སྡོད་ཀྱི་རི། བསྟན་པ་ལས་བསམ་ནས་བརྩོན་འགྲུས་བཟང་པོའི་གོ་ཆ་གྱོན་ཏེ་གོ་ཚོད་བསྟུན་པའི་གཞུང་བཤད་བགྱིས་སོ། །ཞེས་གསུངས་པ་ལྟར་ཤིང་སྤྲེལ་ལོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་མཁས་མང་བློ་གསལ་གླིང་གི་འཆད་ཉན་དུ་ཕེབས། ཤིང་བྱ་༡༥༢༥ལོ་ལ་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེའི་བའ་རྩོམ་མཛད། དེ་རྗེས་ས་བྱི་ལོར་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེའི་བཀའ་རྩོམ་གནང་ཞིང༌། འཆད་ཉན་དབྱར་གྱི་མཚོ་ཆེན་ལྟར་འཕེལ་བར་གྱུར་ཏེ་ད་ལྟའི་བར་དུ་ཡང་འཕྲིན་ལས་ཀྱི་ཁྱབ་གདལ་རྒྱུན་མི་ད་བར་གནས་སོ། །དམ་པ་འདི་ཉིད་ཀྱི་ཡིག་ཆ་འདི་དག་ལ་བརྟེན་ནས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་བགྲང་ལས་འདས་པ་ཟམ་མ་ཆད་པར་བྱོན་པས་མཐའ་དབུས་ཀྱི་ཡུལ་གྲུ་ཐམས་ཅད་ཁྱབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལ་བསྙོན་དུ་མེད་ཅིང་ད་ལྟ་ཡང་གང་དེའི་ལེགས་པར་བཤད་པའི་འཕྲིན་ལས་གདུགས་དཀར་གྱི་གྲིབ་བསིལ་ལ་རིས་སུ་མ་ཆད་པའི་རྣམ་གྲོལ་དོན་གཉེར་གྱི་སྐྱེས་བུ་མཐའ་དག་ངལ་གསོ་བཞིན་པར་གནས་སོ། །

           དེ་ལྟར་ལོ་ངོ་དྲུག་གི་རིང་བློ་གསལ་གླིང་གི་འཆད་ཉན་མཛད། དགུང་ལོ་ང་གཉིས་པ་ས་གླང་༡༥༢༩ལོར་བམ་གདོང་རབ་འབྱམས་པ་དགེ་འདུན་དོན་འགྲུབ་མཁན་ཁྲིར་བཀོད། ལོ་དེར་དགའ་ལྡན་དུ་བྱོན་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་ཀུན་གྱིས་མངའ་གསོལ་ཞིང༌། དེ་དུས་གསེར་ཁྲི་ལ་ཕེབས་ནས་གསུང་ཆོས་སྐབས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་ལ། །བགེགས་ཀྱི་མཚན་མ་ཞི་བ་དང༌། །མཐུན་རྐྱེན་མ་ལུས་ཚང་བར་ཤོག་ །ཞེས་རྗེ་བླ་མའི་བསྟན་པ་རྒྱས་པའི་ཐུགས་སྨོན་ཚིགས་བཅད་ཀྱང་མཛད། །

          དེ་ལོ་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ཞེས་པའི་གསུང་རྩོམ་དང༌། དེའི་ལོ་ཕྱི་མ་ལྕགས་སྟག་༡༥༣༠ལོ་འདུལ་བའི་རྣམ་བཤད་ལུང་རིགས་ཉི་མའི་བཀའ་རྩོམ། དེའི་ལོ་ཕྱི་མ་ལྕགས་ཡོས་༡༥༣༡ལོར་འཇུག་པའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེའི་བཀའ་རྩོམ་མཛད་ཅིང༌། ཤིང་རྟ་༡༥༣༤ལོར་ཚད་མ་རྣམ་འགྲེལ་གྱི་བཀའ་འགྲེལ་དགོངས་པ་རབ་གསལ་ཞེས་པའིབསྟན་བཅོས་རྨད་དུ་བྱུང་བ་མཛད་ཅིང༌། གཞན་ཡང་མཛོད་ཊིཀ། རྒྱུད་བླ་མའི་ཊིཀྐ། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་བསྟན་བཅོས་མང་དུ་མཛད།

          དགུང་ལོ་ང་བརྒྱད་པ་ཤིང་ལུག་༡༥༣༥ལོར་རྡོ་རྗེ་འཛིན་པ་ཆོས་སྐྱོང་རྒྱ་མཚོ་གདན་སར་བསྐོས། རང་ཉིད་བདེ་བ་ཅན་གྱི་གཟིམས་ཁང་དུ་ཟུར་ཞུགས་མཛད་དེ་གཙོ་བོར་ཐུགས་དམ་ཟབ་མོའི་རིམ་པ་ཐུགས་ཉམས་སུ་བསྟར་ཞིང༌། སྐལ་ལྡན་དོན་གཉེརཅན་རྣམས་ལ་མདོ་རྒྱུད་མཐའ་དག་གིས་རེ་བ་སྐོང་བར་མཛོད་དོ། །རེ་ལྔ་པ་ཆུ་སྟག་༡༥༤༢ལོར་དུས་ཚིགས་ཆེན་མོ་རྩོམ་པར་མཛད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཞིང་གཤེགས་པའི་རྗེས་ནས་དགུང་ལོ་རེ་དྲུག་པ་ཆུ་ཡོས་༡༥༤༣ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས་དགོས་བྱུང་ཞིང༌། དེ་ལོ་ནས་སྐྱོར་མོ་ལུང་དང༌། སེ་རྭ་སོགས་ནས་གསོལ་བ་བཏབ་པ་ལྟར་དེ་དག་གི་གདན་སའང་གནང་དགོས་པ་བྱུང་བས་ཕན་ཚན་ཐམས་ཅད་དུ་གང་ལ་དེ་འཚམས་ཀྱི་ཆོས་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པས་འཛིན་མའི་ཁྱོན་ཐམས་ཅད་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་གྱུར། དེ་དུས་སྨོན་ལམ་གྱི་གྲལ་དབུར་ཕེབས་སྐབས། བདག་དང་གཞན་གྱི་དུས་སུམ་དང༌། །འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པའི་ཐུགས་སྨོན་གསུང་པ་འདི་དང༌། གོང་གི་ཆོས་ཀྱི་རྒྱལ་པོ་ཞེས་པའི་ཚིགས་བཅད་གཉིས་ཞྭ་སེར་ལུགས་བཟང་གར་ཁྱབ་པའི་ཡུལ་ཕྱོགས་ཀུན་ལ་རླུང་ལྟར་གྲགས་ཤིང༌། འཇམ་མགོན་བླ་མའི་བསྟན་པ་སྤེལ་ཕྱིར་བསམ་བཞིན་དུ་བྱོན་ནས། འཕྲིན་ལས་ནམ་མཁའ་དང་མཉམ་པར་བྱུང་བ་དེ་ཙམ་གྱིས་ཀྱང་ཤེས་ནུས་ལ། དེར་མ་ཟད། རྗེ་ཉིད་ཀྱི་གསོལ་འདེབས་ཆོས་སྤྱོད་རྣམས་སུ་ཡང༌། བསོད་ནམས་ཡེ་ཤེས་ཚོགས་གཉིས་བསྒོམས་པའི་མཐུས། །ལུང་རྟོགས་ཡོནཏན་དུ་མའི་མཛོད་འཛིན་ཅིང༌། །སྙན་པའི་གྲགས་པ་ནོར་འཛིན་ཡོངས་སུ་ཁྱབ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་དོན་དང་ལྡན་པ་འདི་ཡང་དེང་སང་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཆེ་ཆུང་ལྷ་ས་སྨོན་ལམ་རྣམས་ལ་ཞལ་འདོན་མཛད་བཞིན་པར་གནས་སོ། །

          དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་པ་དང་རབ་ཏུ་བྱུང་བའི་མཁན་པོ་མཛད་དེ་མཚན་བསོད་ནམས་རྒྱ་མཚོར་གསོལ། དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་སྩལ་ནས་དགུང་ལོ་དོན་བཞི་པ་ས་ཕག་༡༥༣༩ལོར་བསྟན་པའི་ཁུར་ཕོག་འབྲས་སྤུངས་ཀྱི་གདན་ས་དེ་དེད་དཔོན་ཡིད་བཞིན་ནོར་བུ་ལེན་པ་བཞིན་དུ་ཐུགས་དགྱེས་ཉམས་དང་ལྡན་པར་གཙོ་བོར་གཟིམས་ཁང་གོང་དུ་ཟུར་བཞུགས་མཛད་ཅིང་དེ་སྐབས་སུ་འདུལ་བའི་ཆོས་འབྱུང་སོགས་བསྟན་བཅོས་མང་པོའི་བཀའ་རྩོམ་དང༌། སྐབས་འགར་སེ་རྭ་དང་སྐྱོར་མོ་ལུང་སོགས་སུ་བྱོན་ནས་རང་རང་གི་བགོ་སྐུལ་དང་འཚམ་པའི་ཆོས་འཁོར་བསྐོར་བར་མཛད།

          དེ་ལྟར་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་དགུང་ལོ་དོན་བདུན་བཞེས་པ་ཤིང་སྟག་༡༥༥༤ལོ་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ་བཞིའི་ཐོ་རངས་དཔའ་བོ་གཡུལ་ལས་རྒྱལ་བ་བཞིན་དུ་དགའ་ལྡན་ཆོས་ཀྱིས་མཐོ་བའི་ཕོ་བྲང་དུ་གཤེགས་སོ། །

          དེའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལས་ལྷའི་མེ་ཏོག་གི་ཆར་ཕབ་པ་དང༌། འཇའ་མཚོན་གྱི་དྲ་བས་ཕྱོགས་མཚམས་ཀུན་ཏུ་བྲེས་པ་དང༌། དགུན་གྱི་དུས་ཡིན་ཀྱང་གྲང་རེག་སྐད་ཅིག་ལ་ཞི་ནས་མེ་ཏོག་དུ་མ་གློ་བུར་ཁ་བྱེ་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པས་ཕན་ཚུན་ངོ་མཚར་བའི་ཅ་ཅོ་སྒྲོགས་ཅིང་སླར་ཡང་དད་པའི་པདྨོ་རྣམ་པར་བཞད་པའི་གསོས་སུ་གྱུར་པས་སྐྱེ་བོ་མཐའ་དག་གདུང་དབྱངས་དྲག་པོས་གསོལ་བ་འདེབས་པ་ལ་བརྩོན་པར་བྱེད་དོ། །ཐུགས་དམ་གྲོལ་བ་ན་གདུང་ཁྲུ་གང་དུ་གྱུར་ཅིང་དེ་ཉིད་རེ་ཞིག་རིལ་པོར་ཞུགས་པ་ལ་ཕྱོགས་ཀྱི་དད་འབུལ་དཔག་མེད་བྱུང་བ་རྣམས་ལ་གཞི་བྱས་ཏེ་དངུལ་གདུང་ཐོག་ཚད་ཕྱད་དོ་ཙམ་བསྐྲུན། འབྲུག་ལོ་ཧོར་ཟླ་བཅུ་གཉིས་པའི་ནང་གདུང་ཞུགས་སུ་ཕུལ་བ་ན་སྔར་བཞིན་ཕྱིའི་མཚན་མ་ཁྱདཔར་ཅན་རྣམས་བྱུང་ཞིང༌། སྐུ་གདུང་ཞལ་ཕྱེ་བ་ན་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པར་ཞུགས་ཤིང༌། གཞན་ཡང་ཐུགས་ཟུར་པ་བརྗིད་ཅིང་ཡ་མཚན་པ་ཞིག་དང༌། རིང་བསྲེལ་གྱི་རང་བཞིན་ལས་འབུར་འདོད་དུ་བྱོན་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང༌། ཡིག་འབྲུའི་རྣམ་པ་དང༌། གཞན་ཡང་རིང་བསྲེལ་མང་དུ་བྱོན་ནོ། །གཞན་ཡང་སྐུ་གདུང་གི་ཆུ་སེར་རིལ་བུ་དུ་མ་ཡུངས་འབྲུ་ལས་ཀྱང་ཆུང་བ་ཁ་དོག་སྣ་ཚོགས་པའི་རིང་བསྲེལ་བྱོན་ཞིང༌། ཆུ་སེར་ཁ་ཅིག་རིང་བསྲེལ་ཉིད་དུ་གནས་གྱུར་པ་དང༌། དེ་ལས་མང་དུ་འཕེལ་བ་སོགས་ཐམས་ཅད་ཀྱི་མིག་ལམ་དུ་མཐོང་བ་དང༌། གདུང་ཚ་ཆུ་སེར་གྱིས་ཞུས་པའི་དྭངས་མའི་རྡོ་རྗེ་འཐས་པ་ཤེལ་ལྟར་དྲངས་པའི་ནང་དུ་རིང་འསྲེལ་གྱི་རྣམ་པ་གཅིག་ལས་དུ་མར་བཀྱེ་ཞིང་སྟེང་དུ་མྱུར་བར་སོང་སྟེ། གཅིག་ཏུ་གྱུར་ཞིང་སླར་མགོ་འཇུག་ལྡོག་པ་ནའང་སྡར་ལྟར་གྱེན་དུ་འགྲོ་བ་ལས་ནམ་ཡང་ཐུར་དུ་མི་རྒྱུ་བའི་རྟེན་ངོ་མཚར་བ་ཡང་ཁ་ཡར་བྱོན་པས་ཀུན་ངོ་མཚར་དུ་གྱུར་ཏོ། །ལྟས་དེ་དག་གང་ལ་འབྱུང་བ་ཡང་བཀའ་གདམས་སྤྲུལ་པའི་གླེགས་བམ་ལས། རྣལ་འབྱོར་སྤྱོད་པའི་དབུ་མ་པ། །དབུ་མའི་དབྱིངས་སུ་དབུ་མ་འགྲོ་ །ཤི་ལྟས་ནམ་མཁའ་དངས་པ་ཡིན། །ཚུལ་ཁྲིམས་གཙང་ལ་མེ་ཏོག་འབབ། །བྱང་ཆུབ་སེམས་དཔའ་རིང་བསྲེལ་འཛག་ །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱོན། །ཁྲིམས་གཙང་ཕུང་པོ་གཙང་མ་སྟེ། །ལྷ་རྣམས་ཀུན་གྱིས་བསུ་བར་བྱེད། །ཕྱིར་མི་ལྡོག་ལ་དུང་འཁྱིལ་ཏེ། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱོན་པར་བཤད། །སྤྱིར་ནི་དམ་པ་གཤེགས་པ་ལ། །ལྷ་ཡི་སྔ་ལྟས་འཇའ་འོད་འབྱུང༌། །གནས་ལུགས་སྔ་ལྟས་སྤྲིན་མེད་ཡིན། །དེ་ནི་ཐུན་མོང་སྔ་ལྟས་ཙམ། །ཐུན་མོང་མ་ཡིན་བསམ་མི་ཁྱབ། །ཞེས་ཡོན་ཏན་དེ་དག་དང་ལྡན་པ་ལ་མ་གཏོགས་གང་རུང་ལ་མི་འབྱུང་བར་གསུང་ཞིང་དམ་པ་འདི་ལ་ནི་རྟགས་དེ་དག་ལས་གཅིག་ཙམ་མ་གཏོགས་ཐམས་ཅད་ཚང་བར་བྱུང་བ་ཀུན་གྱིས་མངོན་སུམ་གྱི་ཡུལ་དུ་གྱུར་པར་བསྙོན་དུ་མེད་དོ། །

         གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང༌། དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་ངག་དབང་ཆོས་གྲགས། ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་དགེ་ལེགས་དཔལ་བཟང༌། ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་སོགས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། གསུང་གི་ལེགས་བཤད་པོད་ཆེན་བཅུ་བཞི་ཙམ་བཞུགས་པ་ཀུན་འཕྲིན་ལས་ཀྱི་འོད་སྣང་འབར་བཞིན་འཆིང་ལ། ལྷག་པར་མདོ་སྔགས་ཀྱི་གཞུང་ཆེན་མོའི་འགྲེལ་པ་དག་ནི་རྒྱུད་གྲྭ་སྟོད་དང་འབྲས་སྤུངས་བློ་གསལ་གླིང་གིས་འཆད་ཉན་བྱེད་བཞིན་པ་ཡིན། འདིའི་སྐུ་ཕྲེང་གཉིས་པ་གཟིམས་ཁང་གོང་སྤྲུལ་པའི་སྐུ་བསོད་ནམས་ཡེ་ཤེས་དབང་པོ། སྐུ་ཕྲེང་གསུམ་བསོད་ནམས་དགེ་ལེགས་དཔལ་བཟང༌། སྐུ་ཕྲེང་བཞི་པ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན།འདིའི་སྐུ་ཕྲེང་རྗེས་མ་མན་ཆིང་གོང་མ་ཆན་ལུང་ཡིན་ཞེས་སོག་པོ་རྟ་དབྱངས་ཀྱིས་བཤད། སྐུ་ཕྲེང་ལྔ་པ་མངའ་རིས་ངག་དབང་སྦྱིན་པ་འཇམ་དབྱངས་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་དྲུག་པ་མངའ་རིས་སྤྲུལ་སྐུ་བློ་བཟང་བཀྲིས། སྐུ་ཕྲེང་བདུན་པ་བློ་བཟང་དགེ་ལེགས་ཡེ་ཤེས་གྲགས་པ།

          སྐུ་ཕྲེང་བརྒྱད་པ་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་དགུ་པ་ངག་དབང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་བཅུ་པ་མཁས་གྲུབ་བསྟན་འཛིན་ཆོས་ཀྱི་ཉི་མ། སྐུ་ཕྲེང་བཅུ་གཅིག་པ་ངག་དབང་བློ་བཟང་མཁས་གྲུབ་བསྟན་འཛིན་རྒྱ་མཚོ། སྐུ་ཕྲེང་བཅུ་གཉིས་པ་བསྟན་འཛིན་ཆོས་རྒྱལ་རྒྱལ་དབང་སྐུ་ཕྲེང་བཞི་པའི་སྐུ་མཆེད་དུ་འཁྲུངས་ཤིང་ད་ལྟར་འཚོ་ཞིང་བཞུགས་བཞིན་པ་འདི་ཉིད་དོ། །

                         དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།
 

                                                                                                                          རྩོམ་སྒྲིག་པ།    ཀླུ་ཚང་ འཇམ་དབྱངས་ཤེས་རབ། 

     གསལ་འདེབས།                                                                                                              
     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།
    གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་

པར་ཞུ།        

 དྲ་བའི་སྦྲེལ་ཐགhttp://www.tb1025.cn    

 
བརྒྱུད་འགོད།