དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ་ཤེས་རབ་དར་ལེགས་པའི་བློ་གྲོས།
དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ་ཤེས་རབ་དར་ལེགས་པའི་བློ་གྲོས་ནི། རབ་བྱུང་བརྒྱད་པའི་ལྕགས་རྟ༡༤༥༠ལོ་ལ་ཨེ་ཡི་ཕྱོགས་སུ་སྐུ་འཁྲུངས། བླ་འབྲིང་ཆོས་སྡེར་བླ་མ་བསོད་ནམས་རྒྱ་མཚོ་བློ་གྲོས་ལ་རབ་ཏུ་བྱུང༌། གསང་ཕུར་སློབ་དཔོན་ཤེས་བཀྲས་པ་ལ་ལུང་ཆོས། བཀྲ་ཤིས་ལྷུན་པོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་བྱམས་ཆོས་སྡེ་ལྔའི་ལུང༌། སློབ་དཔོན་ཆོས་འབྱོར་བ་ལ་རྣམ་འགྲེལ། ཆོས་རྗེ་གནས་བརྟན་པ་ལ་འདུལ་བའི་མདོ། བླ་མ་སྣོན་པ་དང་རྩེ་པ་བཀྲས་རྒྱལ་བ་ལ་དབང་ལུང་རྗེས་གནང༌། རྒྱུད་པ་ཤེར་བཟང་པ་ལ་གསང་འདུས་ཀྱིས་གཙོས་པའི་བསྡུས་རྒྱུད་རྣམས་གསན་ཞིང༌། སྣོན་པ་དཔལ་ལྡན་པས་མཁན་པོ། བྱང་རྩེ་ནས་ལས་སློབ། རྒྱུད་ཁང་ནས་གསང་སྟོན་མཛད་དེ་བསྙྙེན་པར་རྫོགས།
དེ་ནས་ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་པར་གཞུང་ལུགས་ཀྱི་བཤད་པ་མཛད་པས་མཁས་གྲགས་ཀྱིས་དབུས་གཙང་ཁྱབ་སྟེ། གུང་རུ་རབ་འབྱམས་པ་གཞོན་བྱང༌། དཀའ་བཅུ་པ་བསོད་ནམས་བཟང་པོ། དཀའ་བཅུ་བ་ཤཱཀ་བཀྲས། རབ་འབྱམས་པ་བཀྲས་བསམ། དཀའ་བཅུ་པ་ཤེས་བཟང༌། སྨོག་པ་ཆོས་མཛད་པ་སོགས་བཤེས་གཉེན་མང་དུ་ཐོན། ཡབ་ཀྱིས་ཁང་པ་གསར་སྐྲུན་བྱས་པར་རབ་གནས་དགོས་པར་ཞུས་དོན་ལྟར་རྗེ་འདིས་དགའ་ལྡན་ནས་རབ་གནས་ཀྱི་མེ་ཏོག་ཕྱག་ནས་གཏོར་བ་ཨེ་ནས་འབྲུ་དང་མེ་ཏོག་དངོས་སུ་འཕྱག་རྒྱུ་ཡོད་པ་བྱུང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་རྨད་དུ་བྱུང་བའི་རྣམ་པར་ཐར་བ་བདག་གིར་མཛད།
དགུང་ལོ་ང་བདུན་པ་མེ་སྟག་༡༥༠༦ལོར་བྱང་རྩེ་དང༌། རེ་གཉིས་པ་ལྕགས་ལུག་༡༥༡༡ལོ་ལ་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་གསེར་ཁྲིར་ཕེབས་པ་གཉིས་ཆར་དུ། མདོ་སྔགས་ཀྱི་ཆོས་སྟར་ཆགས་སུ་གསུང་པ་ལས་སླར་ཡང་སྡེ་སྣོད་འཛིན་པ་མང་པོ་འདུས། པཎ་ཆེན་བསོད་ནམས་གྲགས་པས་ཀྱང་རྗེ་འདིའི་དྲུང་ནས་འདུས་པའི་རྒྱུད་སྒྲོན་མ་གསལ་བ་དང་བཅས་པ། བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང༌། ལྷ་མོ་བཞིས་ཞུས་གཉིས་ཊིཀྐ་དང་བཅས་པ། རིམ་ལྔ་གསལ་སྒྲོན། རྣམ་གཞག་གི་ཊིཀྐ། བསྐྱེད་རིམ་ཊིཀྐ། རིམ་ལྔ། མདོར་བྱས། མདོ་བསྲེ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བདེ་དགྱེས་ཀྱི་རྒྱུད་གཉིས་ཊིཀྐ་དང་བཅས་པ། སྔགས་རིམ་ཆེན་མོ། དྲིལ་བུ་རིམ་ལྔའི་ཊིཀྐ། རྗེ་ཡབ་སྲས་ཀྱི་བཀའ་འབུམ། ཀརྨ་ཤ་ཏ་མ། ཀྱཻ༔་རྡོ་རྗེའི་དབང་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་ཞིག་གི་བཀའ་དྲིན་ཞུས། ཞེས་བཀའ་བདམས་ཆོས་འབྱུང་ལས་གསུངས། འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་རྗེ་འདིའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་ཞུས་ཚུལ་རྣམ་ཐར་ན་གསལ།
སྔ་ཕྱིར་ལོ་ངོ་དྲུག་གི་རིང་འཇམ་མགོན་བླ་མའི་ལུགས་བཟང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བླ་ན་བཏེགས། ཐུགས་དམ་ཐུབ་དབང་གི་གསེར་སྐུུ་ཆེན་མོ་བཞེས་པས་མཚོན་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས། དགུང་ལོ་རེ་བདུན་པ་མེ་བྱི༡༥༡༦ལོར་ཀུན་སྤངས་མཛད་ནས་མངོན་དགའ་ཉིད་དུ་བཞུགས། ཐུགས་སྲས་རྣམས་ཀྱི་ཁྲོད་ནས། འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་སེ་ར་ཐེག་ཆེན་གླིང་གི་ཁྲི་པ་དང་བྱེས་མཁས་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་མཛད་པ་དང༌།
མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཁས་མང་བློ་གསལ་གླིང་དང༌། དགའ་ལྡན་གསེར་ཁྲི། དེ་བཞིན་སེར་འབྲས་ཀྱི་ཁྲིར་རིམ་པར་བཞིན་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ། གུང་རུ་རབ་འབྱམས་པས། འོལ་ཁ་བསམ་གླིང་དུ་ཕར་ཕྱིན་གྱི་བཤད་པ་མཛད་པས་མཚོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རྨད་དུ་བྱང་བའི་མཛད་པ་རླབས་པོ་ཆེ་བསྐྱངས་བའི་སློབ་མ་ཡང་ཤིན་ཏུ་མང་པོ་བྱུང་ཞིང༌། མདོར་ན་སྐབས་དེའི་དགེ་ལྡན་པའི་སྐྱེས་ཆེན་ཕལ་ཆེ་བ་རྗེ་འདིའི་དངོས་སློབ་ཏུ་གྱུར་སྣང༌།
དགུང་གྲངས་གྱ་གཅིག་པ་ལྕགས་སྟག་༡༥༣༠ལོར་ཞི་བར་གཤེགས་ཚུལ་བཻ་སེར་དུ་གསུངས་ཤིང༌། དུང་དཀར་ཚིག་མཛོད་སོགས་སུ་དགུང་གྲངས་རེ་བརྒྱད་པ་༡༥༡༧ལོར་ཞི་བར་གཤེགས་ཚུལ་ཡང་འཁོད་འདུག་པ་ནི་པཎ་ཆེན་བསོད་གྲགས་ཀྱིས་བཀའ་གདམས་ཆོས་འབྱུང་རྩོམ་པའི་ལོ་དེར་ཁྲི་ཆེན་འདི་ཉིད་དགུང་ལོ་རེ་བདུན་ཡིན་ཚུལ་འཁོད་འདུག་པ་དེ་དང་འཁྲུལ་བ་ཡིན་ངེས་སྙམ། པཎ་ཆེན་བསོད་ནམས་གྲགས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ། དགུང་ལོ་རེ་བདུན་པ་མེ་བྱི༡༥༡༦ལོར་ཀུན་སྤངས་མཛད་ནས་མངོན་དགའ་ཉིད་དུ་བཞུགས། ཞེས་གསུང་པ་ལ་དཔག་ན་ཆོས་འབྱུང་འདི་ཉིད་བརྩམས་གྲུབ་པའི་སྐབས་ཁྲི་ཆེན་འདི་ཉིད་ཞལ་བཞུགས་ཡོད་ངེས།
དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།
རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025. cn