དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-01-03 15:47:44     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

                                      

4671b228057055acd1d699b79a0867a1.jpg

        དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ་ནི།ཡུལ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཌ་ཀི་མ་རྣམས་ཀྱིས་ཁྱོད་ནི་ཐུབ་བསྟན་རྒྱ་མཚོའི་མགོན་དུ་འགྱུར་ཞེས་ལུང་གིས་བསྟན།རབ་བྱུང་བདུན་པའི་ཆུ་རྟ་༡༤༠༢ལོར་གཙང་ཤངས་མགྲོན་ཁང་དུ་སྐུ་འཁྲུངས།

སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ཡོངས་སུ་བརྟས་ཏེ་བྱིས་པ་ཕལ་བ་གཞན་དང་མའི་འདྲ་བར་སྤྱོད་ལམ་དུལ་བ་སོགས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ།བཟོ་དང་སྒྱུ་རྩལ་གྱི་ཤེས་བྱ་མང་པོ་མ་བསླབས་པར་མཁྱེན།དད་ལྡན་སྐྱེ་བོ་གཞན་གྱིས་བསྐུལ་བ་ལྟར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གདན་ས་གཙང་གནས་རྙིང་དུ་རབ་ཏུ་ཞུགས་ནས་ཆོས་ཞུགས་དང་སློབ་གཉེར་གནང་བས་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པར་མ་ཟད་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མ་འདྲེས་པར་འབྱེད་དཀའ་བ་རྣམས་ལེགས་བཤད་སྙིང་པོ་ལ་བརྟེན་ནས་ཇི་ལྟར་བ་བཞིན་འབྱེད་པས་གཙང་ཁུལ་དུ་མཁས་པའི་མཚན་སྙན་འབར།

ཐེངས་གཅིག་གཟིམས་ལམ་དུ་སང་ཉིན་བུ་སྟོན་ཆོས་རྗེ་འི་གདན་ས་ཞ་ལུ་དགོན་དུ་ཕེབས་ན་དེར་སྤྱན་རས་གཟིགས་ཀྱི་དབང་སྐུར་གནང་བཞིན་ཡོད་པ་དེ་ཞུས་ན་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས་ཚུལ་ལུང་བསྟན་བྱུང་བས།སང་ཉིན་དེར་ཕེབས་སྐབས་སྤྱན་རས་གཟིགས་ཀྱི་དབང་གནང་གི་ཡོད་པ་དང་འཕྲོད་དབང་གནང་མཁན་བླ་མ་སུ་ཡིན་ཤེས་མ་བྱུང་པས་རྨི་ལམ་ལ་ངེས་ཤེས་རྙེད་པ་བྱུང༌།དབང་ཞུས་ནས་སྒྲུབ་པ་ལ་བཞོལ་བས་དངོས་གྲུབ་བརྙེས་པའི་རྟགས་ཐོན།

སྐུ་ན་སོན་པ་དང༌།དྭགས་པོ་ངག་དབང་གྲགས་པས་མཛད་པའི་རྗེ་འདིའི་གསོལ་འདེབས་ལས།པད་དཀར་ཅན་གྱི་ཞིང་དུ་ལེགས་བཞུགས་ཚེ། །འཇམ་དཔལ་སྙིང་པོའི་ཡོངས་རྫོགས་གདམས་པའི་གནད། །དཔའ་བོ་ཁྱོད་ཀྱིས་དབུས་ནས་ལོངས་ཤིག་ཅེས། །རྒྱལ་བས་རབ་ཏུ་སྐུལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་གཙང་གི་གནས་རྙིང་གདན་ས་ལ་བཞུགས་པའི་སྐབས་རྒྱལ་བ་མ་ཕམ་པས་ཁྱོད་དབུས་སུ་སོང་ལ་རྗེ་ཙོང་ཁ་པའི་དྲུང་ནས་སྐྱེས་བུ་གསུམ་གྱི་གདམས་པའི་གནད་མཐའ་དག་ཞུས་ཤིག་ཅེས་ལུང་བསྟན་ཚད་མ་བྱུང་བ་ལ་བརྟེན་ནས་དབུས་སུ་ཕེབས་ཏེ།རྗེ་ཙོང་ཁ་པ་ཆེན་པོ་དང༌།རྒྱལ་ཚབ་ཆོས་རྗེ་སོགས་ལ་བརྟེན་ནས།བྱམས་ཆོས་ལྔ་དང༌།རིགས་ཚོགས་དྲུགམངོན་པ་གོང་འོགའདུལ་བ༌།ཚད་མ།མདོ་སྔགས་ཀྱི་ལམ་རིམ།དྲང་ངེས་རྣམ་འབྱེད།རྩ་འཇུག་བཞི་གསུམ་གྱི་རྩ་འགྲེལ་སོགས་འཕགས་བོད་ཀྱི་གཞུང་ལུགས་ཆེན་པོ་དུ་མར་བརྩོན་པར་མཛད་པས་མཁས་མང་ཚོགས་པའི་མདུན་སར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་གྱུར།

ལྷག་པར་བྱམས་ཆོས་ལ་མཁས་པའི་མཚན་སྙུན་གང་སར་འབར།གསང་ཕུ་ཁུ་སྤེ་གྲྭ་ཚང་གིས་འཆད་ཉན་པ་གདན་དྲངས་པ་ལྟར་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད།རྗེ་ཡབ་སྲས་རྣམསཀྱི་མདུན་ནས་སྨིན་ལམདབང་བཞི་ནོད་པ་དང་སྐྱེས་བུ་གསུམ་གྱི་སྲུང་མ་དང་འདོད་ཁམས་དབང་ཕྱུག་མ་སོགས་བདུད་འདུལ་དངོས་གྲུབ་སྟེར་པའི་བསྟན་སྲུང་རྣམས་དང༌།དཔལ་ལྡན་འདུས་པ་དང་འཇམ་དབྱངས་དྲག་པོ།དུས་ཀྱི་འཁོར་ལོ་དང་འཁོར་ལོ་སྡོམ་པ་སོགས་རྒྱུད་སྡེ་རྒྱ་མཚོའི་ཤིན་ཏུ་ཟབ་པའི་དོན་མཐའ་དག་གདམས་པར་ཤར།

དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་རྗེ་འདི་ཉིད་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་གླེགས་བམ་ཞིག་གནང་ནས་ལྷོ་ཁ་དང་དྭགས་པོའི་ཕྱོགས་སུ་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་སྤེལ་བའི་ཆེད་ཆོས་སྡེ་ཞིག་གསར་འདེབས་དགོས་པའི་ལུང་གི་ཞལ་བཀོད་གནང་བ་ལྟར་ཨེ་དྭགས་ཀྱི་ཕྱོགས་སུ་བྱོན་ཏེ།རང་ཉིད་མ་གྲོལ་བར་གཞན་སྒྲོལ་བའི་སྲོལ་དེ་ཀོ་དགེ་ལྡན་པའི་ལུགས་མིན་པས་དེས་ན་ཐོག་མར་ཡ་ཀླུང་ཨེ་དྭགས་ཀྱིཕྱོགས་སུ་བྱ་བྲལ་ལ་ཕེབས་ཏེ་རྩེ་གཅིག་སྒྲུབ་པ་ལ་གཞོལ་བས་རྣམ་འབྱོར་དབངd་ཕྱུག་མི་ལ་བཞེད་པའི་རྡོ་རྗེས་རྗེས་སུ་བཟུང༌།རྒྱལ་བའི་རྒྱལ་ཚབ་ཨ་ཏི་ཤཱ་དང་མཇལ།སྐྱེ་བ་སྔ་མ་རྣམས་ལག་མཐིལ་གྱི་རྫས་བཞིན་གཟིགས།དཔལ་ལྡན་འཇིགས་མེད་བསྟན་པའི་ཉི་མའི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་སྐོར་ཞུས་པས་ཇི་སྲིད་འཇམ་དབྱངས་ཆོས་སྐོར་ཞུས་པ་དེ་སྲིད་དུ་འཇམ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས།སྒྲིབ་པ་བྲལ་བ་དང་རྟོགས་པ་སྨིན་པའི་རྟགས་དང་མཚན་མ་དུ་མ་བྱུང༌།ཐ་མལ་སྣང་ཞེན་ཀུན་སྨུན་སྤྲིན་བཞིན་ཡལ།ཐུན་མོང་གྲུབ་པ་བརྒྱད་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཀྱི་མཛོད་ལ་དབང་འབྱོར།

དེ་ལྟར་རྟོགས་པའི་ཀློང་བརྡོལ་བ་ན་གནས་དེར་སྡེ་སྣོད་སྤྱི་དང་ཁྱད་པར་བྱམས་ཆོས་སྡེ་ལྔ་དང་དེའི་མན་ངག་བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་ཐོག་རང་ནས་འཆད་སྤེལ་ལན་མང་དུ་མཛད་པས།དྭགས་པོ་མཁན་ཆེན་ངག་གི་དབང་པོ་བློ་གྲོས་མཐའ་ཡས་དང་དྭགས་པོ་དཀའ་བཅུ་གྲགས་པ་མཐའ་ཡས།སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་འདུས།ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་ཕྱག་བཏབ་སྟེ་དེ་ཉིད་གདན་ས་མཛད།

འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་བཞེད་པ་གཞིར་བཟུང་གིས་ལམ་རིམ་ཆེ་ཆུང་དང༌།སྔགས་བསྐྱེད་རྫོགས།དབུ་ཕར།འདུལ་མཛོད་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད་དེ་དྭགས་པོའི་ཁུལ་དུ་སྤྱི་ཐུབ་པའི་བསྟན་པ་དང་སྒོས་སུ་དགེ་ལྡན་གསེར་སྦྱངས་རིང་ལུགས་གཙང་མའི་སྲོལ་བཟང་ཤིན་ཏུ་དར་བ་མཛད་པས་དུས་ཕྱིས་ཀྱང་གདན་ས་འདི་ནས་དགའ་ལྡན་ཁྲི་ཆེན་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་དང༌།དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད།དགའ་ལྡན་ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན་དང༌།ཁྲི་ཐོག་ཞེ་གསུམ་པ་ཆོས་རྗེ་བྱམས་པ་བཀྲིས།ང་གཉིས་པ་ངྭགས་པོ་ངག་དབང་ཚེ་འཕེལ།གཞན་ཡང་ལམ་རིམ་འཁྲིད་ཆེན་བརྒྱད་ཀྱི་ཡ་གྱལ་དྭགས་པོའི་མཆན་ཞེས་སུ་གྲགས་པ་དེ་ཉིད་མཛད་པ་པོ་ཐུགས་སྲས་ངག་དབང་གྲགས་པ་དང༌།མདོ་སྨད་བྱང་རྒྱུད་ཀྱི་གདན་ས་ཆེན་པོ་དགེ་ལུང་བྱམས་པ་གླིང་ཕྱག་འདེབས་པ་པོ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ།འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།དྲུང་པ་རྒྱལ་ཚབ་བློ་བཟང་བརྩོན་འགྲུས།སྒྲུབ་ཁང་དགེ་ལེགས་རྒྱ་མཚོ།དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡིག་ཆ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་སྐོར་རྩོམ་པ་མཛད་མཁན་དྭགས་པོ་ནམ་མཁའ་གྲགས་པ།བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་བསྟན་པོའི་བདག་པོ་དྭགས་པོ་བསྐལ་བཟང་མཁས་གྲུབ་དང༌།དྭགས་པོ་འཇམ་དཔལ་ལྷུན་གྲུབ་སོགས་མཐོན་པོའི་ཁྲི་ལ་མཛེས་པའི་བླ་ཆེན་དང༌།འཕྲིན་ལས་ཕྱོགས་བརྒྱར་བརྡལ་བའི་སྐྱེས་ཆེན།རྩེ་གཅིག་སྒྲུབ་པ་མཛད་པའི་བྱ་བཏང་རྣལ་འབྱོར་པ་ཤིན་ཏུའང་མང་པོ་བྱུང་སྣང་ལ།དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་འོག་ནས།རྗེ་དགེ་འདུན་རྒྱ་མཚོའི་གདན་ས་རྒྱལ་བ་གྲྭ་ཚང་དང༌།མངའ་རིས་གྲྭ་ཚང༌།རྗེ་འདིས་ཕྱག་བཏབ་པའི་དྭགས་པོ་གྲྭ་ཚང་གསུམ་ལ་མངའ་དྭགས་རྒྱལ་གསུམ་ཞེས་བར་ལམ་ཞིག་ནས་མདོ་སྔགས་ཀྱི་འཆད་ཉན་ཆེས་ཆེར་འཕེལ་བའི་དབུས་ཀྱི་དགེ་ལྡན་པའི་གདན་ས་ཆེ་གྲས་སུ་ཆགས་མྱོང་པའི་ལོ་རྒྱུས་ཀྱང་གྲགས་ཆེ།

གདན་སར་ཞེ་ཆགས་མི་འབྱུང་བའི་ཆེད་ས་གནས་གཅིག་ཏུ་ཡུན་རིང་མ་བཞུགས་པར་གདན་ས་དེར་འཆད་ཉན་པ་མཛད་ཞོར།འོལ་ཁ་དང༌།དྭགས་སྟོད།དྭགས་སྨད།ཨེ།རོང༌།དང་ཆུ་ལྷོ་རྒྱུད་ཡར་ཀླུང་སོགས་སུ་བྱོན་ཏེ་མདོ་སྔགས་ཀྱི་ལམ་རིམ་དང་བྱམས་ཆོས་ཀྱི་འཆད་ཉན་སྤེལ་བ་དང༌།གཞི་གསུམ་གྱི་ཉམས་ལེན་སོགས་ཆད་ཉན་སྒོམ་སྒྲུབ་ཁོ་ནས་དུས་འདའ་བར་མཛད་པས་ཆུ་ལྷོ་རྒྱུད་ཀྱི་ཁུལ་དུ་འཕྲིན་ལས་ཤིན་ཏུ་འཕེལ་བར་མ་ཟད།སྐབས་དེར་དགེ་ལྡན་པའི་ཁྲོད་ནས་ཉམས་དང་རྟོགས་པའི་གདིངས་ཐོབ་པ་དང་འཕྲིན་ལས་རྒྱས་ཤས་ཡིན་པས།དགའ་ལྡན་ཁྲི་ཐོག་དྲུག་པ་ཆོས་རྗེ་བ་སོ་པ་རྗེའི་གསེར་ཁྲི་ལས་ཟུར་པའི་ཚབ་ཏུ།དགེ་ལྡན་རིང་ལུགས་འཆང་བའི་གནས་བརྟན་རྒན་གྲས་ཀུན་གྱིས་རེ་དགོངས་ལྟར་རྗེ་འདི་ཉིད་བྱང་རྩེ་བརྒྱུད་ནས་དགའ་ལྡན་གསེར་ཁྲིར་ཕེབས་དགོས་ཀྱི་སྙན་སིང་བྱུང་བར་རྗེ་འདིས་སློབ་འབངས་རྣམས་ལ་རྗེ་བླ་མའི་གསེར་ཁྲིར་ཐོག་མར་ང་རང་འགྲོ།

དེ་ནས་ཁྱོད་རྣམས་རིམ་པར་བཞིན་ཕེབས་ཏེ་རང་རེ་བླ་སློབ་ཚོས་རྗེའི་ལྟ་སྤྱོད་གཙང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྗེ་རང་གི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་རྒྱལ་བ་གཉིས་པའི་བསྟན་པའི་མཛེས་རྒྱན་དུ་འགྱུར་ངེས་བྱེད་དགོས།ཞེས་གདན་ས་འདི་ཉིད་ནས་འཇམ་མགོན་བླ་མའི་གདན་ས་འཛིན་པའི་འབྱུང་འགྱུར་སྐྱེས་ཆེན་དུ་མར་འབྱོན་པ་ཤུགས་ལ་ལུང་གིས་བསྟན་ནས།དྭགས་པོ་གྲྭ་ཚང་གི་གདན་ས་རང་གི་སློབ་མ་དྭགས་པོ་ངག་དབང་གྲགས་པར་བསྐོས་ནས་རང་ཉིད་དགའ་ལྡན་དུ་ཕེབས།

དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་༡༤༧༣ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་སེང་གེའི་ཁྲི་ཕང་མཐོན་པོར་ཞབས་སོར་འཁོད།དགའ་ལྡན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།མྱུར་མཛད་མགོན་དང་རྣམ་སྲས་དུས་དགྲ་དམག་ཟོར་མ་སོགས་ཆོས་སྲུང་བྲན་དུ་ཁོལ།

ཞྭ་སེར་བསྟན་ལ་རྒྱལ་བ་གཉིས་པ་སླར་ཡང་བྱོན་པ་ལྟར་བསྟན་པའི་ཁུར་རླབས་ཆེར་བཞེས་བཞིན་པའི་མུར།དགུང་ལོ་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ས་ཁྱི་༡༤༧༧ལོར་གདན་ས་རང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གདུང་རྟེན་དངུལ་གྱི་དབྱེན་ཟླུམ་མཆོད་རྟེན་རྗེའི་གསེར་གདུང་གི་གཡོན་གྲལ་བཞི་པར་བཞུགས།དྭགས་པོ་གྲྭ་ཚང་དུ་དུས་མཆོད་ཚུགས།གསུང་གི་ལེགས་བཤད་ཀྱང༌།མདོ་སྡེ་རྒྱན་དང༌།ཆོས་དབྱིངས་རྣམ་འབྱེད།དབུས་མཐའ་རྣམ་འབྱེད།རྒྱུད་བླ་མ་སྟེ་བྱམས་ཆོས་ཕྱི་མ་བཞིའི་ཊིཀྐ་དང༌།རྣམ་འགྲེལ་ལམ་བསྒྲིགས།འདུལ་བའི་ལས་ཆོས་རིན་ཆེན་ཕྲེང་བ།དགེ་ལྡན་ཆོས་འབྱུང་སོགས་དུ་མ་ཡོད་པར་སྣང༌།གསུང་ལས་སྐྱེས་པའི་སློབ་མ་ཡང་གཡའ་བཟང་བ་རྡོ་རྗེ་རིན་ཆེན་དང༌།དྭགས་པོ་བློ་གྲོས་མཐའ་ཡས།དྭགས་པོ་གྲགས་པ་མཐའ་ཡས།དྭགས་པོ་ངག་དབང་གྲགས་པ།སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་དུ་མ་བྱུང་སྣང༌།

   དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།        

                        རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།པར་ཞུ།       

དྲ་བའི་སྦྲེལ་ཐགhttp://www.tb1025. cn


བརྒྱུད་འགོད།