ཚ་ཚའི་བཤད་པ།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-05-22 07:34:03
རྩོམ་པ་པོ། དགེ་ལུགས་པའི་དྲ་བ། ཀློག་ཐེངས།
སཱ་ཙྪ་ནི་འཇིམ་པ་ལས་བཟོས་པའི་རྟེན་སྐུ་ཆུང་ཆུང་གི་མིང་དུ་གྲགས། ཚ་ཚ་ནི་ལེགས་སྦྱར་གྱི་སཱ་ཙྪ་ཟུར་ཆག་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་སཱ་ཙྪ་དམ་པའི་གཟུགས་བརྙན་ཏེ་ཟུར་ཆག་པས་ཚ་ཚ་ཞེས་པ་གསལ། སྤྱིར་བཏང་སཱ་ཙྪ་ཞེས་པ་དམ་པའི་སྐུ་བརྙན་ཞེས་པའི་དོན་ཡིན།
འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད་ལས།གཙང་ཞིང་རབ་ཏུ་དབེན་པའི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་གསུངས།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་སྨྲི་ཏི།རྗེ་གསེར་ཁང་བ་སོགས་དམ་པ་མང་བོས་ཐུགས་དམ་དུ་འཛིན།
གསེར་ཁང་བླ་མས།མཆོད་རྟེན་བཞེངས་མཁན་དང་།ཚ་ཚ་སྐུ་འདྲ་དཔར་མཁན་རྣམས་དང་།ཟངས་བརྡུང་མཁན་རྣམས་དང་།ལྷ་བཟོ་འབག་བཟོ་སོགས་ལས་བྱེད་མཁན་རྣམས་ལ་བསླབ་བྱ་བརྗོད་པ།ནངས་སྔ་བར་ཡར་ལངས་ཏེ་ཁྲུས་དང་གཙང་སྦྲ་བྱས་ནས།སྐྱབས་གནས་མཆོག་གསུམ་ལ་སྙིང་ཐག་པ་ནས་བློ་རྩེ་གཏད་དེ་སྐྱབས་འགྲོ་བྱེད་སྐབས་སུ།དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལ་བརྟེན་ནས་མཆོད་རྟེན་བཞེངས་པ་སོགས་བདག་གིས་སྒོ་གསུམ་གྱི་དགེ་བ་གང་བྱས་ཐམས་ཅད།བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉེས་ལྟུང་སྡིག་སྒྲིབ་ཉོན་མོངས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་རྒྱུར་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ།བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་རིམ་གཉིས་ཀྱི་རྣམ་འབྱོར་མཐའ་དག་མངོན་དུ་འགྱུར་པ་དང་།ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་དགོངས་པའི་སྨོན་ལམ་མཐའ་དག་འགྲུབ་པའི་རྒྱུར་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ།རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།ཆོས་མཛད་དམ་པ་རྣམས་ཀྱི་ཆོས་སྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཚང་བ་དང་།འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་སྐྱིད་ཀྱི་དགེ་མཚན་རྒྱ་ཆེན་པོ་འབྱུང་བའི་རྒྱུར་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ།སྙམ་དུ་སྐྱབས་འགྲོ་བརྒྱ་སྐོར་རེ་ཆག་མེད་བྱས་ཏེ།དེ་ནས་བླ་མ་མཆོད་པ་ཡོངས་རྫོགས་སམ།དགའ་ལྡན་ལྷ་བརྒྱ་མ་བཏོན་ཏེ་དམིགས་བརྩེ་མ་འདོན་པའམ།རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་འབྲེལ་བའི་ཡིག་བརྒྱ་འདོན་པ་དང་།བྱང་ཆུབ་ལྟུང་བཤགས་སོགས་འདོན་བཞིན་ཚ་ཚ་སྐུ་འདྲ་སོགས་དད་གུས་ཆེན་པོས་སྒྲུབ་དགོས།དོན་མེད་ཀྱི་ལོང་གཏམ་མི་མཛད་ཅིང་།གཉོམ་ཆུང་ཚད་ལྡན་ཚུལ་མཐུན་མཛད་པར་ཞུ།ཞེས་གསུངས།
ཚ་ཚ་གདབ་པའི་ཆོ་ག་ལ་དམ་པ་རྣམས་ཀྱིས་གསུངས་པ་མང་མོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག་ཞེས་པ་བྱིན་རླབས་ཆེ་བས་འདིར་འགོད་པར་བྱ་སྟེ། གཅེས་པར་ཟུངས་ཤིག
་ ༄༅། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐ། ཨོཾ་སུཀྵྨེ་ས་མེ་ས་མ་ཡེ་ས་མ་ཏེ་ས་མཱ་རོ་པོ་ཨ་ན་བར་ཎེ། ཏ་རཾ་བྷེ། ཡ་ཤོ། མ་ཧཱ་ཏེ། ཛེ་རིར་ཀུ་ལེ། ནིར་བ་ཎི། སརྦ་ཏ་ཐཱ་ག་ཏ། ཧྲི་ད་ཡ། ཨ་ཏི་ཥྛཱ་ན་ཨ་དྷིཥྠ་ཏེ་སྭཱཧཱ། (སྔགས་འདི་ལ་ཞུ་དག་ངེས་པར་དགོས) གཟུངས་འདི་འཇིམ་པའི་གོང་བུའམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་རྟེན་བྱའོ། །
མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
དང་པོར་འཇིམ་པ་བརྡུང་བ་བདག་གམ་གཞན་ཡང་རུང་བས་བྱམས་པ་དང་སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་བརྡུང་ངོ་། །དེ་ནས་འབི་འབི་ (འཇིམ་པའི་གོང་བུ་ཆུང་ངུ) བྱིན་གྱིས་བརླབ་པ། འོག་མིན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་འཚལ་བར་བསམ་ཞིང་། སྔགས་ཀྱི་གྲངས་གོང་མ་བཞིན་དུ་བརྗོད་དོ། །
དེ་ནས་རྟེན་འབྲེལ་སྙིང་པོའི་སྔགས་བཟླས་ཤིང་གདབ་བོ། །དེ་ནས་འབྲུའམ་མེ་ཏོག་ལ་རྟེན་འབྲེལ་གྱི་སྔགས་ལན་གསུམ་མམ་བདུན་བཟླས་ལ་དབུལ་ལོ། །
དེ་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་སྨོན་ལམ་གདབ་བོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །
འོན་ཀྱང་ས་པཎ་གྱིས་ཕར་ཕྱིན་ཐེག་པའི་ལུགས་ལ་ཚ་ཚ་གདབ་པའི་ཆོ་ག་མེད་པར་གསུངས་ཏེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། གཞན་ཡང་སྦྱིན་སྲེག་རོ་སྲེག་དང་། །བདུན་ཚིགས་སཱ་ཙྪའི་ཆོ་ག་སོགས། །དེང་སང་གསང་སྔགས་ལུགས་བོར་ནས། །མདོ་མཆོད་ཙམ་ལ་བརྟེན་པ་ཡི། །ཆོ་གའི་རྣམ་གཞག་བྱེད་པ་ཡོད། །ཕ་རོལ་ཕྱིན་པའི་མདོ་སྡེ་དང་། །བསྟན་བཅོས་ཀུན་ལས་གསུངས་པ་མེད། །འདི་དག་ངན་སོང་སྦྱོང་རྒྱུད་ལ། །སོགས་པའི་རྒྱུད་སྡེ་འགའ་ཞིག་ལས། །གསུངས་པའི་རྗེས་སུ་འབྲངས་བ་ཡི། །གསང་སྔགས་པ་ལ་གྲགས་པ་ཡིན། །ཞེས་གསུངས་སོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།