ཞྭ་སེར་གྱི་མཚོན་དོན་ཅུང་ཟད་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-05-18 22:39:36     རྩོམ་པ་པོ།   ཆོས་ཀྱི་གྲགས་པ    ཀློག་ཐེངས།  
ༀ་སྭ་སྟི།
ཞྭ་འདི་ཐུབ་པའི་དུས་སུ་མ་མཆིས་ཀྱང་། །
ཞྭ་མཆོག་པཎ་ཞུ་འཕགས་པའི་ཡུལ་ནས་དར། །
དེ་ཕྱིར་ཞྭ་འདི་འབྱུང་ལུགས་འདི་ལྟར་ཡིན། །
རབ་བྱུང་ཆོས་དང་མི་མཐུན་ཞྭ་ནག་དང་། །
མང་པོ་གྱོན་ན་འགོང་པོར་འདྲ་བའི་ཞྭ། །
ཞྭ་ཐེབ་དེ་ཡང་རིང་དུ་སྤང་བར་བྱ། །
རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡིས། །
དབུ་ཞྭ་ཁྱད་པར་འཕགས་པའི་ཞྭ་སེར་འདི། །
ཞྭ་ནང་ཡོན་ཏན་འོད་གསལ་ཆོས་ཀྱི་སྐུ། །
ཞྭ་སྟོད་ཐལ་སྦྱར་ཟུང་འཇུག་ལོངས་སྤྱོད་རྫོགས། །
ཞྭ་མདོག་སེར་པོ་སྤྲུལ་སྐུ་ཐུབ་དབང་མཚོན། །
ཞྭ་ཡི་སྤུ་ཉག་འཕགས་པའི་དགེའདུན་མཚོན། །
ཞྭ་ཡི་སྤུ་ཁྱིམ་ཆོས་ཕུང་བརྒྱད་ཁྲིར་མཚོན། །
ཞྭ་ཡི་གུང་སྦྱར་ཚོགས་གཉིས་ཟུང་འཇུག་མཚོན། །
ཞྭ་འདབས་ཟུང་འབྲེལ་བདེན་གཉིས་ཟུང་འཇུག་མཚོན། །
ཞྭ་དར་དམར་པོ་མཁའ་འགྲོ་འདུ་བ་མཚོན། །
ཞྭ་འདབས་ཆོམ་འཁོར་ཆོས་སྐྱོང་འཁོར་བ་མཚོན། །
ཞྭ་འདི་དཀོན་མཆོག་གཙུག་ན་བཀུར་བའི་ཞྭ། །
ཞྭ་འདི་གང་དར་ས་ན་བསྟན་པ་དར། །
ཞྭ་འདི་གང་གིས་གྱོན་པ་ཕལ་ཆེར་མཁས། །
ཞྭ་འདི་གང་གིས་གྱོན་པ་ཕལ་ཆེར་བཙུན། །
ཞྭ་འདི་གྱོན་ན་བཟང་བའི་རིམ་གྱིས་ཤེས། །
ཞྭ་འདི་གཟོ་བ་སླ་ཞིང་བསྐྱང་བ་བདེ། །
ཞྭ་མཆོག་འདི་ལ་སྡང་ཞིང་སྨོད་པ་རྣམས། །
ཞྭ་ལོང་བཞིན་དུ་རང་ཉིད་ཉམས་པར་འགྱུར། །
ཞྭ་འདི་མཛེས་པར་གཟོས་ལ་སེམས་པར་གྱོན། །
ཞྭ་འདིས་བླ་མའི་སྐུ་ཚེ་བརྟན་པ་དང་། །
ཞྭ་འདིས་རྒྱལ་བའི་བསྟན་པ་འཛིན་པར་ནུས། །
ཞྭ་འདིས་གདུལ་བྱ་དང་བ་འདྲེན་པར་བྱེད། །
ཞྭ་འདི་འབྲལ་མེད་རྒྱུན་དུ་བསྐྱོང་བར་མཛོད། །
ཅེས་ཞྭ་སེར་གྱི་མཆོན་དོན་ཅུང་ཟད་བཤད་པ་འདི་ཡང་གཙང་གེ་ནེ་རིངས་པ་པཎ་ཆེན་གྱིས་ཞུས་ལན་དུ་ཆོས་ཀྱི་གྲགས་པས་སྦྱར་བའོ།།   །།
(ཁྲི་རྐང་འཇིགས་མེད་ཀྱིས་གཏག་སྟེ། ངེད་དྲ་བར་མཚམས་སྦྱོར་གནང་།)
    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།