བོད་ཀྱི་གུས་སྲོལ་གྱི་སྐོར་ཡ་རབས་སྐྱེས་བུའི་རྒྱན་ཆ།
གངས་ཅན་ལྗོངས་ཀྱི་མི་ཡི་་སྲོལ།།
སྲོལ་གྱི་དམ་པ་ཡ་རབས་སྲོལ།།
སྲོལ་བཟང་ཕ་མེས་སྙིང་གི་སྲོལ།།
སྲོལ་གྱི་སྙིང་བོ་ལུགས་ཀྱི་སྲོལ།།
ད་ལྟ་བོད་ཀྱི་གུས་པའི་སྐོར་མི་ཤེས་པ་མང་བས་ཆེད་དུ་འདི་འདྲ་ཞིག་བསྒྲིག་རྒྱུ་ཡིན། འདིར་མ་འདུས་པ་དག་གསུང་རོགས།
བརྩི་བཀུར་གྱི་སྐོར།
ཡི་གེ་ལ་ཆོས་བཞིན་བཀུར།
དགེ་རྒན་དང་ལོ་ལོན་དང་ཕ་མ། ཡོན་ཏན། རང་ལས་ཆེ་བ་ལ་གུས་པ་བྱ་དགོས། ཡོང་ན་ལངས་པ་དང་།ལག་གི་དངོས་པོ་ལེན་པ་སོགས་བྱ་དགོས།
རང་རྒན་པའི་གོང་དུ་མི་འདུག་པ། འདུག་དུས་རང་གཞན་ལས་མཐོ་བ་མི་བྱེད་པ། གྲལ་དུ་འདུག་པའམ་འགྲོ་ན་རྒན་གཞོན་ལྟར་འདུག ། ཟས་འགྲེམ་ནའང་རྒན་གཞོན་ལྟར་འགྲེམ།
མི་གཞན་པའམ་ལྷག་པར་རྒན་པའི་སྔོན་ནས་ཡར་འགྲོ་མར་འགྲོ་མི་བྱེད་པ། འགྲོ་དགོས་ན་རྒྱབ་ནས་འགྲོ་དགོས།
བླ་མ་གྲྭ་བ་ཕེབས་སྐབས་གུས་པ་བྱེད། རང་གི་དགེ་རྒན་རིག་ན་གུས་པ་བྱེད། སྟོན་པའི་བ་བཟའ་ལ་གུས་པ་བྱེད། རྒན་པ་སོགས་ཀྱི་གོན་པ་ལ་མི་འགོམ་པ།
དུས་སྟོན་གྱི་སྐོར།
ལོ་གསར་སྐབས་ལོ་ལོན་དང་དགེ་རྒན་ལ་ལོ་གསར་ལ་ངེས་པར་འགྲོ་དགོས།ལོ་ལོན་ལ་ལོ་གསར་བྱེད་ཅེས་སྐུ་གསུང་ཐུགས་རྟེན་ལ་ཕྱག་བྱེད།
ཚེ་འདས་ཀྱི་སྐོར།
མི་ཤི་ན་དགྲ་ཡིན་རུང་མི་སྔུན་ལ་འགྲོ་དགོས།རོང་བས་གཤིན་པོ་ལ་ཕྱག་བྱེད། དགྲ་ཡིན་ཡང་ཚེ་ལས་འདས་ན་དེར་འགྲོ་དགོས།
སུ་ཞིག་གི་ཁྱིམ་དུ་ཚེ་འདས་བྱུང་ན་ཉེ་འཁོར་དུ་གླུ་ལེན་གར་རྩེ་མི་བྱེད།བྱས་ན་བརྙས་པར་བརྩི།
ཤི་བའི་མིང་ནས་མི་འཛིན།དངོས་པོ་དང་ཉེར་སྤྱད་སོགས་མཐོང་སར་མི་འཇོག །ཕྲེང་བ་སོགས་བུ་ཕྲུག་གི་རྟེན་དུ་འཛིན།
གཙང་སྦྲའི་སྐོར།
ཆུ་མིག་གི་ཉེ་སར་བཤང་གཅིན་མི་འདོར།རྒྱུན་དུ་གཙང་སྦྲ་བྱེད།
སྲུང་མའི་སྐོར།
བསང་འཕུད་ན་སྲུང་མ་གཙོ་བོར་བྱེད།ཁྱིམ་གྱི་བསང་ཁུང་དུ་གཞན་ལ་བསངས་འབུལ་དུ་མི་འཇུག །བསང་ཕུད་དགོས་ན་ལོགས་སུ་བསང་ཁྲི་ལས།
ཁྱིམ་དུ་སྲུང་མ་གཞན་གྱི་ཐང་ག་སོགས་མི་འཇོག
བྱིས་པ་སྐྱེས་ན་སྲུང་མ་བསངས་འབུལ།བཀྲ་ཤིས་བརྩེགས་པ་འདོན།
སྐད་ཆའི་སྐོར།
རྒན་པ་ལ་ཐུང་ལན་མི་སློག་པ། ཕ་མ་ལ་ཚིག་ལན་མི་སློག་པ། རྒྱུན་དུ་ཡ་ཡ་ཡོ་ཡོ་ཞེས་ཟེར་བ་རྒྱན་དུ་འཛིན།
ཕ་ཡུལ་བརྗེད་རུང་ཕ་སྐད་མ་བརྗེད་ཅེས་རང་ཡུལ་ནས་ངེས་པར་ཕ་སྐད་བཤད་དགོས།
ཟ་འཐུང་གི་སྐོར།
ཇ་སྟེར་ན་ལག་པ་གཉིས་ཀྱིས་སྟེར་དགོས།
ཟས་བཟང་བོའི་ཕུད་ཕ་མ་དང་མགྲོན་ལ་འདྲེན།
ཇ་ལྡུད་ན་དཀར་ཡོལ་ཕྱེད་ཙམ་མི་ལྡུད།
ཟས་རིགས་ཀྱི་སྟེང་ལ་མི་འགོམ། འགོམ་ན་བསོད་ནམས་ཉམས་པར་བརྩི།
ཟ་མ་ལ་བཀུར་དགོས།རྐང་བས་བརྫིས་པ་དང་གང་སར་མི་འཕེན། ཐོར་བ་ཡོད་ན་བྱ་དང་སྲོག་ཆགས་ལ་བསྟེར་དགོས།
བཟའ་བཏུང་ལ་ལོངས་སྤྱོད་དུས་མཆོད་ཁ་འཕེན་པ་དང་། ཟས་མཆོད་དང་ཇ་མཆོད་འདོན་དགོས།
དགུང་མོ་ལས་དང་བཟང་བཏུང་གྲུབ་རྗེས་གོ་འདོན་བྱས་ནས་སོ་སོར་ཉལ།
གོས་ཀྱི་སྐོར།
གོན་པ་སེར་པོ་སོགས་མི་གོན་པ།
འཛེམ་བྱའི་སྐོར།
བུད་མེད་ཀྱི་སྐྲ་ལུང་འདོགས།ཁྱོ་ག་ཤི་ན་སྐྲ་ལུང་ནང་དུ་སྐོར།སྐྲ་ལུང་མི་འདོགས་པ་ཐན་དུ་བརྩི།
འགྲུལ་བ་ཡོད་དུས་ནང་མི་ཕྱགས།ཕྱགས་ན་ཁྱོད་སོངས་ཞེས་པའི་བརྡ་ཡིན།
གཞན་གྱི་མགོ་ལ་སོགས་པར་གང་འགར་མི་རེག །
ནད་པ་སོགས་བྱུང་ན་སྒོར་མེ་ཐོ་འཇོག མེ་ཐོ་བཞག་ཡོད་ན་ཁྱིམ་དེར་མི་འགྲོ།
བླ་མར་མཇལ་བའམ་ཆོས་ཉན་པའི་སྐོར།
ཆོས་དཔེ་ལ་ལྷག་ཏུ་གུས་པ་དང་གདན་སོགས་ལ་མི་འཇོག །
ཞྭ་འཕུད་དགོས།
བོད་ལྭའི་ཕུ་རུང་གོན་དགོས།
བུད་མེད་ཀྱིས་སྐྲ་ཐོར་ཅོག་མི་བྱེད།
སྔགས་པས་རལ་བ་མདུན་དུ་ལེན།
བུད་མེད་རྣམས་ཀྱི་སྐྲ་མདུན་དུ་ལེན་དགོས།
བཞུགས་ནས་ཉན་པ་ལས་འགྲོ་བཞིན་དུ་མི་ཉན།
ཁྲི་དང་ཨོང་སྟེགས་སྟེང་ནས་བསྡད་དེ་ཆོས་མི་ཉན།
ཆོས་ཉན་དུས་ཁ་ཐུམ་ལེན་དགོས།
ལྷམ་ཕུད་པ་རྐང་འབོག་ཀྱང་འཕུད་དགོས།
ཁ་བཏགས་འབུལ་པའི་སྐོར།
ཁ་བཏགས་འབུལ་དུས་ཁ་བཏགས་ཉིས་ལྡེབ་ཀྱིས་ཁ་འབུལ་ཡུལ་ལ་གཏོད་དགོས།
དམན་པར་ཁ་བཏགས་ལ་སྐེ་ལ་འཐེན།ཆེ་བར་ཕྱག་ཏུ་འབུལ།
ཡ་རབས་ལུགས་བཟང་འཇིག་རྟེན་མི་ཡི་ཆོས། །
ཆོས་ལྡན་ཡུལ་གྱི་སྲོལ་བཟང་དམ་པའི་ཆོས།།
ཆོས་འདི་ལེགས་ན་དམ་པའི་ལྷ་ཡི་ཆོས།།
ཆོས་བཞིན་ཡོང་ངོ་ཕ་བཟང་བུ་རྒོད་དག།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn