འཕྲིན་ཡིག་གི་རྣམ་པར་བཞག་པ་བློ་གསལ་རྣ་རྒྱན་སིནྡྷུ་ཝཱ་རའི་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-03 15:00:15     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

ན་མ་སྶྭ་ར་སྭ་སྟྱཻ། མཁའ་ལྟར་རྒྱ་ཆེ་རབ་འབྱམས་རྡུལ་གྲངས་ཀྱི། །ཡོན་ཏན་རྗེས་འགྲོ་ཕྱོགས་བཅུའི་རྒྱལ་ཀུན་དང༌། །ཆོས་ཚོགས་སྐྱབས་གནས་རིན་ཆེན་རྣམ་གསུམ་ལ། །དེ་སྙེད་ལུས་སྤྲུལ་འདུད་དོ་སྤྱན་རས་སྐྱོངས། །མཛེས་སྡུག་ཀུན་རྫོགས་དམར་སེར་ལི་ཁྲིའི་རིས། །དབང་སྔོན་ཐོད་བཅིངས་འགྲོ་ལ་བློ་སྩོལ་ན། །ཆ་ཙམ་ཁྱོད་ཀྱི་དཔེར་གྱུར་རྒྱལ་བའི་ཡབ། །འཇམ་དཔལ་དབྱངས་ཀྱིས་བློ་གྲོས་མཚུངས་མེད་མཛོད། །གང་ཞིག་བསྟེན་ན་རྒྱལ་ཀུན་གསུང་གིས་ཀྱང༌། །སྙན་འགྱུར་ཉམས་ཀྱི་རོལ་སྒེག་འབུམ་ལྡན་པའི། །སྙན་ཚིག་གདོང་ལྔའི་རྒྱུད་དུ་བཀུག་པའི་གླུ། །ལོངས་སྤྱོད་འཁོར་ལོར་མཛོད་ཅིག་ཚངས་སྲས་མ། །འབྱམས་ཀླས་ཆོས་ཕུང་ཚང་བར་སྟན་གཅིག་ཏུ། །བཤད་སྒྲུབ་གསེར་སྒོང་སྦུབས་ནས་སྐུ་བཞིའི་ཞལ། །ཐམས་ཅད་མཁྱེན་འཛུམ་དཀར་བ་སྤྲོ་ཁྱོད་དང༌། །མཚུངས་ཟླ་རང་ལས་གཞན་སུ་ཙོང་ཁ་པ། །སྟོབས་བཅུ་དབང་ཕྱུག་བརྒྱད་སོགས་མཐའ་ཡས་ཡོན་ཏན་སྟུག་པོར་བསགས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་འགྲོ་ལ་རྟག་ཏུ་སྣ་ཚོགས་སྒྲོགས་པའི་གསུང༌། །རྣམ་ཐར་སྙོམས་འཇུག་ལ་སོགས་ཏིང་འཛིན་རོལ་བར་ཆོས་ཀུན་རྟག་འཆར་ཐུགས། །མཁའ་ཁྱབ་མི་ཟད་རྒྱན་འཁོར་རྒྱུད་མར་འཁོར་བ་རྒྱལ་བའི་དབང་པོར་འདུད། །གཟུགས་བརྙན་ཙམ་ལ་དགེ་བའི་བཤེས་གཉེན་དུ། །ཞེན་པས་འབོད་མིན་མདོ་རྒྱུད་དགོངས་འགྲེལ་གནད། །མ་ལུས་ལེགས་བཀྲོལ་སྐལ་ལྡན་མཁས་མང་ལ། །འདོམས་མཛད་བདག་གི་མགོན་རྣམས་ཀུན་མཁྱེན་དངོས། །མཁས་རློམ་འཁྲུལ་བ་བྱིས་པའི་ཀུན་སྤྱོད་བཞིན། །རྟོག་དཔྱོད་ཡུལ་མིན་བློ་གསལ་མགུལ་བའི་རྒྱན། །ཉུང་ངུ་རྣམ་གསལ་དཔྱད་གསུམ་དག་པའི་ངག །དབྱངས་ཅན་ལྗགས་ལས་འོངས་བཞིན་སྨྲ་ལ་སྤྲོ། །དེ་ཡང་སྐྱེས་རབས་ལས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཅེས་གསུངས་པའི་སྐྱེས་ཀྱི་མཆོག་མཁས་པ་དགའ་བྱེད་དང༌། །མདོ་སྡེ་རྒྱན་ལས། གསེར་ལས་བརྡུང་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟའི། ཆོས་ནི་འདིར་བཤད་པ་ལས་དགའ་བའི་མཆོག་བསྐྱེད་དོ། །

ཞེས་དམ་ཆོས་ཀྱི་དཔེ་འཕྲིན་ཡིག་ལེགས་པ་ཐོས་འདྲ་ཞེས་བཤད་པའི་འཕྲིན་ཡིག་གི་རྣམ་བཞག་ལ། འཕྲིན་ཡིག་གི་བྱུང་ཚུལ་དང༌། བྱེ་བྲག་དེང་དུས་ཕྱག་ལེན་ལ་འདེབས་ཚུལ་བཤད་པ་དང་གཉིས། དང་པོ་ལ་བྱུང་ཚུལ་དངོས་དང༌། དེའི་བརྡ་ཆད་ཇི་ལྟར་ཡོད་བཤད་པ་གཉིས། དང་པོ་ནི། དཔག་བསམ་འཁྲི་ཤིང་ལས། ནམ་ཞིག་གཟུགས་ཅན་སྙིང་པོ་ལ། །མཆོག་གི་གོ་ཆ་གསེར་འོད་འབར། །ལྷ་ཡི་རིན་ཆེན་གྱིས་མཚན་པ། མི་བདག་ཨུ་ཏྲ་ཡ་ནས་སྤྲིངས། །ཞེས་གསུངས་པ་ལྟར། གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འཕྲིན་ཡིག་དང་སྐྱེས་ལ་རིན་ཐང་མེད་པའི་ནོར་བུའི་ཁྲབ། ལུས་ལ་རེག་ན་བདེ་བ། བཅད་པར་དཀའ་བ། འབིག་པར་དཀའ་བ། དུག་འཇིལ་བ། སྣང་བའི་བདག་ཉིད་དེ། ཡན་ལག་ལྔ་ལྡན་ཞིག་སྐྱེས་སུ་བསྐུར་བས། དེའི་ལན་གཞན་གྱིས་གླན་པར་མ་ནུས་ནས་རྒྱལ་པོས་བསྐུར་རྒྱུ་མ་རྙེད་པའི་ཚེ། བྲམ་ཟེ་དབྱར་བྱེད་ཀྱི་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ལ་བསྐུར་ཞིག །ཅེས་གསོལ་བས། རྒྱལ་པོས་སྟོན་པ་ལ་ཞུས་པས་གནང་སྟེ། དཔག་བསམ་འཁྲི་ཤིང་ལས། འགྲོ་བའི་མིག་གི་བསོད་ནམས་རྣམས། །གཟུགས་ཅན་ཡང་དག་བསགས་པ་བཞིན། །སངས་རྒྱས་སྐུ་གཟུགས་ཐང་ཀ་དེ། །དེ་ནས་ས་གཞི་སྐྱོང་བར་སྤྲིངས། །ཞེས་གསུངས་པ་ལྟར། དེ་བཞིན་བཤེགས་པའི་སྐུ་བརྙན་རིས་བྱེད་པ་རྣམས་ཀྱིས་ཅི་ཙམ་བརྟགས་ཀྱང་བྲི་བར་མ་ནུས་པའི་ཚེ། སྟོན་པས་སྐུ་ཇི་ལྟ་བུའི་འོད་ཀྱི་སྣང་བརྙན་རས་ཀྱི་ངོས་ལ་བཏང་བར་ཚོན་གྱིས་མནན་ཏེ་བྲིས་པའི་སྐུ་བརྙན་དང༌། སྐྱབས་འགྲོ་དང་བསླབ་པའི་གནས་ལྔ་རྟེན་འབྲེལ་ལུགས་འབྱུང་ལྡོག་རྣམས་འོག་ཏུ་བྲིས། སྟེང་དུ། བརྩམས་པར་བྱ་ཞིང་དབྱུང་བར་བྱ། །སོགས་ཚིགས་བཅད་གཉིས་པོ་རྣམས་སྐྱེས་སུ་སྩལ་ཏེ། ཤེད་མཐུན་ཁྱོད་ལ་འཇིག་རྟེན་གསུམ་ན་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་བསྐུར་ཡོད་ན། དཔག་ཚད་ཕྱེད་དང་གསུམ་ལམ་མཛེས་པར་བྱེད་པ་དང་བདག་ཉིད་དཔུང་དང་བཅས་པས་བསུས་ཏེ། ས་ཕྱོགས་ཡངས་པར་བཀུར་སྟི་ཆེན་པོ་དང་བཅས་ཏེ་ཁ་ཕྱེ་བར་མཛོད་ཅིག །ཅེས་འཕྲིན་ཡིག་བསྐུར་བ་དང༌། རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་དད་པ་རྙེད་ནས་གསལ་རྒྱལ་གྱིས་ཡབ་རྒྱལ་པོ་ཟས་གཙང་ལ་ལྷའི་སྲས་ཀྱིས་བདུད་རྩི་བརྙེས་ནས་འགྲོ་བ་ཚིམ་པར་མཛད་དོ། །ཞེས་འཕྲིན་ཡིག་ཕུལ་བས། ཡབ་རྒྱལ་པོས་ཀྱང་ཕོ་ཉ་ལན་འགའི་རྗེས་མར་འཆར་ཀ་ཕོ་ཉར་མངགས་ཏེ་ཡབ་སྲས་མཇལ་བའི་ཆེད་དེ་བཞིན་གཤེགས་པ་སྤྱན་འདྲེན་པའི་ཞུ་ཡིག་རྒྱལ་པོ་ཉིད་ཀྱིས་བྲིས་ཤིང་ཁ་འཕྲིན་ཡང་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། གང་ཡང་མཛའ་ལས་བདག་མཚུངས་འཆར་ཀ་ནི། །དེ་དགུག་སླད་དུ་བདག་གིས་ཡང་དག་བཏང༌། །སྤྲིང་ཡིག་ལག་དེ་ལྷ་རྣམས་མངོན་དགའ་བ། །དེ་ཉིད་དུ་ནི་ལྷ་ཉིད་བཞིན་དུ་གྱུར། །དེ་ཡི་ཁ་ལ་བདག་གི་འཕྲིན་གྱི་ཚིག །སྤྲིངས་པ་གང་དེ་བརྗེད་པ་མ་ཡིན་ནམ། །གང་ཕྱིར་ཐམས་ཅད་ངེས་པར་རང་ཕན་འདོད། །གཞན་གྱི་དོན་ལ་བསིལ་བ་ཉིད་འཛིན་ལོ། །ཆགས་མེད་འདི་ནི་ཡུད་ཙམ་ངལ་གསོ་མཛོད། །རྟག་ཏུ་བདུད་རྩིས་ཁེངས་པའི་རྣམ་གཟིགས་ཀྱིས། །མྱུར་དུ་བདག་གི་ལུས་ལ་ཆགས་གྱུར་པ། །བརྩེ་བའི་དབང་གིས་གཉེན་གྱི་དོན་མཛོད་ཅིག །ཅེས་པ་འདི་ཐོས་བདག་དང་འཕྲད་པ་ལ། །སྐད་ཅིག་ཀྱང་དེ་ཕྱི་བཤོལ་ཇི་ལྟར་མཛད། །དེ་ཡི་ཐུགས་ནི་ཡལ་འདབ་མཉེན་པ་ལ། །རང་བཞིན་མཛའ་བཅུག་རྣ་རྒྱན་མེད་དམ་ཅི། །ཞེས་པའི་དོན་ཅན་ཕུལ་བའི་འཕྲིན་ཡིག་སངས་རྒྱས་ཀྱི་ཕྱག་གིས་བཞེས་ནས་བཀླག་པར་མཛད་པ་དང༌། ཡབ་སྲས་མཇལ་ནས་རྒྱལ་བས་འཁོར་རྣམ་བཞི་དང༌། ཤཱཀྱ་རྣམས་ལ་ཆོས་སྟོན་པའི་ཚེ། ཤཱཀྱ་མིང་ཆེན་གྱི་ཆུང་མ་ཟླ་འོད་ཀྱིས་ཆོས་ཉན་པའི་ཚེ་གཞན་ཟིལ་གྱིས་གནོན་འདོད་ཀྱིས་འབངས་མོ་རོ་ཧི་ཏི་རང་གི་དོ་ཤལ་ལེན་དུ་བཏང་བའི་ལམ་དུ་བ་ལང་གིས་བརྡུངས་ཏེ་བསད་པ་སངས་རྒྱས་ལ་དད་པ་དང་ཆོས་ཐོས་ཀྱི་དད་དབང་གིས་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ཞེས་པར་སྐྱེས། མཉན་ཡོད་ཀྱི་ཚོང་པ་སིང་ག་ལར་སོང་བ་རྣམས་ཀྱིས་སངས་རྒྱས་ཀྱིས་གསུང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པ་བུ་མོས་ཐོས་ཏེ་གླུ་དེ་ཅི་ཡིན་ཞེས་དྲིས་པ་ན། སངས་རྒྱས་ཀྱི་གསུང་ངོ༌། །ཞེས་བརྗོད་པས། སངས་རྒྱས་དེ་ཡང་ཅི་འདྲ་ཞིག་ཡིན་དྲིས་པར། དེར་དེ་རྣམས་ཀྱིས་དེའི་ལན་རྒྱས་པར་བཤད་པས། བུ་མོ་བག་ཆགས་སད་ནས། རང་གིས་ལག་བདར་ཏེ་སྟོན་པ་ལ་ཞུ་ཡིག །དཔག་བསམ་འཁྲི་ཤིང་ལས། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གི་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱི་རིམ་པས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །ཞེས་པའི་དོན་ཅན་བསྐུར་བ། དེའི་རྟོགས་བརྗོད་ལས། ལྷ་དང་ལྷ་མིན་མི་ཡི་ཕྱག་བགྱིས་པ། །སྐྱ་དང་སྙུན་དང་བསྙེངས་ལས་ངེས་འབྱུང་ཞིང༌། །གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆུ་ལས་ཐུགས་རྗེ་ནོངས། །ཞེས་མུ་ཏིག་བྲེ་བོ་བདུན་གྱི་སྐྱེས་དང་བཅས་ཏེ་ཕུལ་བ། དཔག་བསམ་འཁྲི་ཤིང་ལས། མུ་ཏིག་འཁྲི་ཤིང་ལ་བརྩེ་བས། །རང་ཉིད་ཀྱིས་ནི་སྤྲིང་ཡིག་བཀླག །ཅེས་གསུངས་པ་ལྟར། ཐུགས་བརྩེ་བས་རྒྱལ་བ་རང་ཉིད་ཀྱིས་བཀླག་པར་མཛད་དེ། ཚིགས་སུ་བཅད་པ་དང༌། རས་ཀྱི་ངོས་ལ་སྐུ་ལས་འོད་ཟེར་བཀྱེ་བ་རི་མོས་མནན་ཏེ་བྲིས་པའི་ཐུབ་པའི་སྐུ་བརྙན་ཐུབ་པ་འོད་ཟེར་མར་གྲགས་པ་སྤྲིངས་པ་སོགས་ཀྱི་ཚུལ་དང༌། མཆོད་སྦྱིན་མ་འཕྲིན་ཆོག་གིས་བསྙེན་པར་རྫོགས་པ་ནི་ཁ་འཕྲིན་ཡིན་གྱི། འཕྲིན་ཡིག་བསྐུར་བ་མིན་པས། ཁ་འཕྲིན་དང་འཕྲིན་ཡིག་གི་ཁྱད་པར་མ་བཤིག་ཅིག །དེའི་རྗེས་སུ་ཆོས་རྒྱལ་མྱ་ངན་མེད་པས་ཀླུ་ལ་སྤྲིངས་པའི་ཡི་གེ་དང༌། བསྟན་འཛིན་གྱི་གཙོ་བོ་ཀླུ་སྒྲུབ་ཞབས་ཀྱིས་མཛའ་བོ་བདེ་སྤྱོད་བཟང་པོ་ལ་སྤྲིངས་པ་བཤེས་སྤྲིངས་དང༌། དེ་ལ་གདམས་པའི་འཕྲིན་ཡིག་རིན་ཆེན་འཕྲེང་བ། ཙནྟྲ་གཽ་མིས་རང་གི་སློབ་མ་ལ་སྤྲིངས་པའི་སློབ་སྤྲིངས། སློབ་དཔོན་མ་ཏི་ཙི་དྲས་རྒྱལ་པོ་ཀ་ནི་ཀ་ལ་གནང་བའི་ཀ་ནི་ཀའི་སྤྲིང་ཡིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིང་ཡིག །བླ་མ་ལ་སྤྲིངས་པ་དགེ་སློང་དགོན་པ་བས་མཛད་པ། བྲམ་ཟེ་སད་ཛ་ནས་བུ་ལ་སྤྲིངས་པའི་སྤྲིང་ཡིག །ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནན་ཏས་རྒྱལ་པོ་ཟླ་བ་ལ་སྤྲིངས་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཁོར་བཅས་ལ། སློབ་དཔོན་སངས་རྒྱས་གསང་བས་སྤྲིངས་པའི་སྤྲིང་ཡིག་དང༌། ཞལ་གདམས་བསླབ་བྱའི་ཡི་གེ་སྦྲགས་མའི་སྐོར་དང༌། རྒྱལ་པོ་སྙན་ངག་མཁན་ལ་སློབ་དཔོན་དོན་ཡོད་འཆར་གྱིས་གདམས་པ་དྲི་མ་མེད་པའི་དྲིས་ལན་རིན་ཆེན་འཕྲེང་བ། ཇོ་བོ་ཆེན་པོ་ལྷ་གཅིག་དཱཾ་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་བལ་པོའི་རྒྱལ་པོ་ནི་རྱ་ཕ་ལ་བསྐུར་བ་དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་འཕྲིན་ཡིག་སོགས། དྲིས་ལན་འཕྲིན་ཡིག་ཟུང་འབྲེལ་གྱི་སྐོར་དང༌། གངས་ཅན་གྱི་ལྗོངས་འདི་ཉིད་དུ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་ཀོང་ཇོ་གཉིས་སྤྱན་འདྲེན་པའི་ཆེད་དུ་བལ་པོ་དང༌། རྒྱ་ནག་གི་རྒྱལ་པོ་གཉིས་ལ་འཕྲིན་ཡིག་སྒྲོམ་བུ་གསུམ་གསུམ་བསྐུར་བར་ལོ་རྒྱུས་སུ་གྲགས་པ་དང༌། མང་ཡུལ་ནས་བཀའ་གདམས་ཀྱི་མེས་པོ་འབྲོམ་ཆོས་ཀྱི་རྒྱལ་པོས་བོད་ཀྱི་ཆེ་བཙུན་དམ་པ་རྣམས་ལ་ཇོ་བོ་སྤྱན་འདྲེན་པར་བསྐུལ་བའི་ཞུ་ཡིག་ཚིགས་བཅད་མ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བདག་ཉིད་ཆེན་པོས། ཆོས་རྗེ་དེ་བཞིན་གཤེགས་པ་དང༌། ཤར་ཕྱོགས་རྒྱ་ནག་གི་རྒྱལ་པོ་ལ་གནང་བའི་ཆབ་ཤོག་སོགས་དང༌། འཇམ་དབྱངས་མིའི་གར་མཁན་འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་ཐམས་ཅད་མཁྱེན་པས་མངའ་རིས་ཆོས་རྒྱལ་དང་སྡེ་སྲིད་རྒྱང་རྩེ་བ་དང༌། རིན་སྤུངས་པ་ལ་གནང་བའི་ཆབ་ཤོག་དང༌། རྒྱལ་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་པདྨ་རྒྱལ་དབང་དབྱངས་ཅན་བཞད་པའི་རྡོ་རྗེས། བོད་ཀྱི་བླ་ཆེན་དང་སྡེ་བ་སོ་སོར་བཀའ་སྩལ་བའི་ཆབ་ཤོག་སྐོར་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཐོ་དམན་མང་ཞིག་ལ་གནང་བའི་ཆབ་ཤོག་སྐོར་དང༌། གཞན་ཡང་གངས་ཅན་གྱི་སྐྱེས་ཆེན་ཁྲོ་ལོ་བྱམས་པའི་དཔལ་གྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་སྤྱན་འདྲེན་པའི་ཞུ་ཡིག་དང༌། ས་ལོ་ཐམས་ཅད་མཁྱེན་པ་དང་ཤོང་དབང་བུ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་རྣམས་ཀྱི་ཆབ་ཤོག་དང༌། དེ་དག་ཐམས་ཅད་ལས་ཀྱང་ཁྱད་པར་དུ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་མ་ལུས་པ་ངེས་པར་གསུམ་ལྡན་མཆོག་གི་སྤྲུལ་པའི་སྐུའི་ཟློས་གར་འཛིན་པ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་མཁན་རིན་པོ་ཆེ་འདི་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་ས་སྐྱ་གདན་ས་གོང་འོག་སོགས་བླ་ཆེན་གྱི་རིགས་ལ་བཀའ་ཤོག་གནང་བ་དང༌། རྒྱ་གར་ནག་གི་རྒྱལ་པོ་ལ་གནང་བ་སོགས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དག་ལ་གནང་བ་དང༌། མདོར་ན་ཆོས་སྲིད་ཀྱི་ཆེད་དུ་བཀའ་སྡོད་ཆེན་པོ་རྣམས་ཚུན་ཆད་ཀྱི་ལྷ་དང་མིའི་རིགས་མཐོ་དམན་ཇི་སྙེད་ལ་གནང་བའི་ཆབ་ཤོག་དག་ནི། མདོ་སྔགས་རིགས་གནས་ཀྱི་ཟབ་གནད་ལས་བརྩམས་པའི་བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང༌། སྒོ་སྲོག་ལུས་རྣམས་གང་ལས་ཀྱང་ཁྱད་ཐོན་ནས་ལྷུན་པོ་ལྟར་བརྗིད་པ། ཆོས་དང་སྲིད་ཀྱི་ལོ་རྒྱུས་དང་མངོན་བརྗོད་སྡེབ་སྦྱོར་དང༌། སྐད་ཤན་སྦྱར་སྣ་ཚོགས་འབྲེལ་བ་ལྷའི་རྐང་འཐུང་སྤེལ་བ་བཞིན་ལྟ་བ་དང་ཉན་པ་པོའི་མིག་དང་ཡིད་འཕྲོག་པར་བྱེད། དེ་ལྟར་གསུང་གི་ཡོན་ཏན་ལ་བརྟེན་ནས་ཀྱང་མི་ལྡོག་པའི་དད་པ་ཤུགས་དྲག་པོ་སྐྱེས་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་སྐར་ཕན་བདེའི་འོད་ཟེར་འབར་བའི་སྲིད་པའི་མཁའ་ངོས་གཟུགས་ཅན་དུས་གསུམ་གྱི་སྐྱེ་དགུ་དང༌། རྒྱལ་བ་སྲས་བཅས་ཀྱི་བར་དུ་ཉི་མ་དང༌། ཟླ་བ་ལྟར་གསལ་བར་བྱུང་བ་ལགས་སོ། །ཡིག་བསྐུར་བྱུང་ཚུལ་གྱི་རྣམ་བཞག་མདོར་བསྡུས་ཏེ་ལེགས་པར་བཤད་ཟིན་ཏོ། །

༈ གཉིས་པ་ཡིག་བསྐུར་དེ་དག་གི་བརྡ་ཆད་ཇི་ལྟར་ཡོད་པ་ནི། བཤེས་སྤྲིངས་སོགས་ལྟར་ན་འཕགས་ཡུལ་གྱི་ཡིག་བསྐུར་དེ་དག་ཕལ་ཆེ་བ་ལ། དེང་སང་གི་འདི་དག་དང་འདྲ་བའི་བསྐུར་བ་དང༌། བསྐུར་མཁན་གྱི་མིང་སོགས་མགོར་བྲིས་ནས་དེའི་མཇུག་ནས་འབེབས་སམ་མཐོ་དམན་བྱེད་པར་མ་མངོན་ཏེ། དེ་ཡང་སྙན་ངག་ཆེན་པོ་དང་ཆ་འདྲ་བ་ཤིས་བརྗོད་ཕྱག་དངོས་པོ་ངེས་བསྟན་གསུམ་གང་རུང་གི་སྒོ་དང༌། བརྗོད་བྱ་སྡེ་བཞི་ཅི་རིགས་ལས་བརྩམས་པའི་སྲོག་དང་ལྡན་པ། ལུས་སྡེབ་སྦྱོར་སྙན་ངག་གི་བཅད་ལྷུག་སྤེལ་སོགས་ཅི་རིགས་བྱས་པ། མཇུག་ཏུ་བསྔོ་བ་སོགས་ཐོག་མཐའ་བར་དུ་དགེ་བའི་ཚིག་སྦྱོར་ཅན་ཤོག་བུའི་བྱང་བུ་ལ་བྲིས་ཏེ་གླེགས་བམ་བྱས་པ་དང༌། ཤོག་དྲིལ་བྱས་པ་ཙམ་ལས་ཉིས་སྟེབས་སུམ་ལྟེབས་སོགས་ཀྱི་ངེས་བཟུང་མེད་པ་འདྲ་ཞེས་ཁ་ཅིག་ཟེར་བ་དེ་ལྟར་དུ་སེམས་ལ། ཡང་རྣམ་པ་གཅིག་ཏུ་ན། གྲོང་ཁྱེར་པཱ་ཊཱ་ལི་བུ་དྲའི་རྒྱལ་པོ་མྱ་ངན་མེད་ཀྱི་བཙུན་མོ་གསེར་གྱི་འཕྲེང་ལྡན་མ་ཞེས་པས་རྒྱལ་པོའི་ནད་གསོ་དཀའ་བ་ཞིག་གསོས་པས་ཞག་བདུན་ལ་རྒྱལ་སྲིད་འཛིན་པའི་མཆོག་བསྲུང་བ་གནང་བ་དང༌། རྒྱལ་པོ་དེའི་བཙུན་མོ་པདྨའི་ལྷན་གྱི་སྲས་ཀུ་ལཱ་ལ་བ་ཞེས་པ་མཛེས་སྡུག་གི་རྒྱ་མཚོ་སྤྲོ་བ་དེ་ལ་གསེར་འཕྲེང་མ་རང་གི་ལོག་གཡེམ་ཀྱི་སྤྱོད་པ་མཛད་པའི་རེ་བ་མ་བསྐང་བའི་འཁོན་ཡིད་ལ་སྙིང་གི་ཚེར་མ་གཉིས་པར་སོང་བ་དེ་དབྱུང་སླད། གྲོང་ཁྱེར་རྡོ་འཇོག་གི་རྒྱལ་པོ་གླང་པོའི་རྣ་བ་ལ། རྒྱལ་པོ་མྱ་ངན་མེད་པའི་ཡིག་བརྫུན་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། སྭ་སྟི་གྲོང་ཁྱེར་པཱ་ཊཱ་ལི་པུ་ཏྲ་ལས་མཚུངས་པ་མེད་པའི་གཡུལ་ལ་དཔའ་བས་ཡང་དག་པར་ཐོབ་པ། རྒྱ་མཚོ་མཐའ་དག་གི་མཚམས་སུ་རབ་ཏུ་འཕྲོ་ཞིང་མི་ཞན་ལ་དྲི་མ་དང་བྲལ་བའི་གྲགས་པའི་ཚོགས་ལས་བསྒྲུབས་པའི་དུ་ཀུ་ལའི་རས་དཀར་པོས་ནོར་འཛིན་གྱི་བུ་མོ་ལ་ལོངས་སྤྱད་པར་བྱ་བ་སྐལ་བ་བཟང་པོ་ཉིད་ཀྱིས་སྙེམས་པ་བྱིན་པ། དགྲ་བོའི་གཟི་བྱིན་ཉམས་པར་བྱེད་ཅིང་མི་དགའ་བ་རྣམས་ཀྱི་དགའ་མའི་རྩེ་དགའི་དམོད་པ་བཞིན་དུ་གྱུར་པ། དྲི་མ་མེད་པའི་ནོར་བུའི་རྐང་སྟེགས་མཐའ་ཡས་པའི་རྒྱལ་ཕྲན་གྱིས་རབ་ཏུ་བཏུད་པའི་བཞིན་གྱི་པདྨའི་གཟུགས་ཅན་སྣོད་གཅིག་ཏུ་བྱས་པ། ལེགས་བྱས་དགེ་བས་པདྨོ་རྣམ་པར་རྒྱས་པར་བྱེད་པའི་ཉིན་མོའི་དབང་ཕྱུག་རྟུལ་ཕོད་དང་བརྩོན་འགྲུས་དང་སྤྲོ་བ་ཆེན་པོ་རབ་ཏུ་རྒྱས་པའི་ནགས་ཚལ་གྱི་གདོང་ལྔ་པ་དཔལ་ལྡན་མྱ་ངན་མེད་པས་རྡོ་འཇོག་གི་དབང་པོ་དཔལ་གླང་པོའི་རྣ་བ་ལ་ཡང་དག་པར་རྟོགས་པར་བྱེད་པ་འདི་ལྟ་སྟེ། བདག་གི་བུའི་བཞིན་དང་ལྡན་པའི་དགྲ། ཁྲེལ་མེད་ཅིང་ངན་པའི་སྤྱོད་པ་ལ་བྱམས་ལ་ཡོངས་སུ་སྐྲག་པའི་སྤྱོད་པ་ཅན། མི་གཙང་ཞིང་བསྟན་བཅོས་ལ་སྡང་བ། མིག་གི་མདའ་བརྒྱ་ཕའི་ཆུང་མ་ལ་མངོན་པར་སྲེད་པའི་དུག་གི་སྣོད་དུ་བྱེད་པ། སྡིག་པའི་རྗེས་སུ་མཐུན་པའི་གཟུགས་དང༌། ལང་ཚོ་དང༌། སྤྲོ་བ་དང༌། རྟུལ་ཕོད་དང་ལྡན་པ། སྐྱེ་བོ་མིའི་ལག་འགྲོ་འདིའི་མིག་གི་ནོར་བུ་རབ་ཏུ་ཕྱུང་སྟེ་གོས་དང་བྲལ་བར་བསྐྲད་པར་མཛོད་ཅིག །ཅེས་བསྐུར་བར་བཤད་པ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་སྤྲིང་ཡིག་བསྐུར་ཚུལ། དཔག་བསམ་འཁྲི་ཤིང་ལས། བདེ་བར་གཤེགས་པའི་ཞབས་པད་བཀོད་པའི་བསོད་ནམས་ཉེར་གྱུར་པ། །སྐབས་གསུམ་གྲོང་གི་ཁྱད་པར་རྒྱ་ཆེ་མ་ག་དྷ་ཡུལ་ནས། །དགེ་བ་བྱམས་པའི་གཟུགས་ཅན་ས་ཡི་བདག་པོ་གཟུགས་ཅན་སྙིང༌། །ཆོས་ཀྱི་གཉེན་གྱིས་ས་གཞིའི་ཐིག་ལེ་ཁྱོད་ལ་རབ་སྨྲས་པ། །ཞེས་སོགས་ལྟར་ན་ཚིག་རིས་འདི་དག་ཇི་བཞིན་བྲིས་པ་མིན་མོད་ཀྱང་འདི་དག་གི་དོན་ཅན་རེ་བསྐུར་བར་གསལ་བས། བསྐུར་ཡུལ་དང་བསྐུར་མཁན་སུ་ཆེ་བ་དེ་མགོ་ལ་བྲིས་པ་ན་འབེབས་སོགས་ཀྱང་ཡོད་དམ་སྙམ་སྟེ་སྔར་གྱི་བཤེས་སྤྲིང་སོགས་ལ་དེ་ལྟར་མེད་ཀྱང་ཞལ་གདམས་དང་དྲིས་ལན་ཡི་གེར་བྲིས་པ་ཚོ་ཚུར་དུ་བསྐུར་བ་ཙམ་ཡིན་པས་འཕྲིན་ཡིག་དཀྱུས་མ་དང་ཅུང་མི་འདྲ་བ་དང་མི་འགལ་ཚུལ་ཡང་དཔྱད་ན་ཤེས་སོ། །སྔ་དུས་དེ་དག་གི་ཚེ་རྒྱ་ཅི་འདྲ་བས་སྤྲས་སྙམ་ན། རྗེ་བདག་ཉིད་ཆེན་པོས་བྱང་སེམས་ཆེན་པོ་སྒྲ་དབྱངས་སྲས་པོའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། རིགས་ཀྱི་བུ། འདིའི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་སོ། །ཞེས་པ་ནས། རྟག་ཏུ་ངུས་སྨྲས་པ། དེ་ལྟར་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བདག་ལ་སྟོན་ཅིག །བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་དེ་ཡང་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་བཞུ་བས་བྲིས་པ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་སྟེ། ངེད་ཀྱིས་ཁྱོད་ལ་བསྟན་དཀའོ་ཞེས་དང༌། རྒྱ་རིམ་པ་བདུན་བྱས་ཚུལ་ནི། དེ་ཉིད་ལས་བཞུ་བས་བྲིས་པ་རྙེད་པར་དཀའ་དོན་ཆེ་བ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་སྐུ་རགས་བདུན་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་མིང་གི་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པས་ངེད་ཀྱིས་ཁྱོད་ལ་ཤིན་ཏུ་བསྟན་པར་དཀའོ། །ཞེས་དང༌། འགྲེལ་པ་སྙིང་པོ་མཆོག་ལས་གླེགས་ཐག་གིས་རིམ་པ་བདུན་དུ་བཅིངས་པའི་མདུད་པའི་ས་མཚམས་སོ་སོར་རང་མིང་གིས་རྒྱ་བྱས་པར་བཤད་པ་དང༌། ལུང་གཞིའི་འཚོ་བྱེད་གཞོན་ནུའི་བྱུང་བ་ལས་ཡང་ཁྱེའུར་གྱུར་ན་སེང་རས་འདི་སྐོན་ལ་སོར་གདུབ་ཀྱི་རྒྱ་མགུལ་དུ་ཐོགས་ལ་ངའི་དྲུང་དུ་དཀྲི་ཞིག་ཅེས་དང༌། རྒྱ་ཆེར་འགྲེལ་དུ་ལུང་བཀོད་པ་ལས། སོར་གདུབ་རྒྱ་ཡང་བཅང་བར་མི་བྱའོ། །ཞེས་དང༌། དཔག་བསམ་འཁྲི་ཤིང་ལས། གཟུགས་ཅན་སྙིང་པོའི་ལག་རྟགས་ཅན། །སྤྲིང་ཡིག་ཐང་ཀའི་སྔོན་བྱུང་བ། །མི་བདག་ཨུ་ཏྲ་ཡ་ན་ནི། །རབ་ཏུ་དགའ་བས་རང་གིས་ཀླག །ཅེས་གསུངས་པ་ལྟར་སྐབས་འདིའི་རྒྱ་དང་ཕྱག་རྒྱ་དང་ལག་རྟགས་རྣམས་གོ་དོན་གཅིག་པས་འདི་དག་ནི་རྒྱ་ལ་རང་མིང་གིས་སྤྲས་པ་ཅན་ལ་རྒྱ་སྤྲས་པ་ཅན་རེ་ཕལ་ཆེར་ཁྱིམ་པ་ལུགས་ཀྱི་རྒྱ་བྱེད་ཚུལ་ལོ། །རབ་བྱུང་ལ་ནི་དེ་བཞིན་གཤེགས་པས་གནང་པ་ནི། འདུལ་བ་མདོ་རྩ་ལས། རྒྱ་བཅད་པར་བྱའོ། །གདགས་སུ་མི་རུང་པའོ། །རོ་ཉེ་འམ། ཟངས་སམ། ར་གན་ནམ། ཁར་བའམ། རྒྱ་སྐྱེགས་ཀྱི་ཚིག་མའམ། ཤིང་ངམ། རྡོའམ། བ་སོའམ། རྭ་དག་ལས་བྱས་པའོ། །རྟགས་ནི་དགེ་འདུན་གྱི་ལ་ནི་དབུས་སུ་འཁོར་ལོ་གཉིས་སུ་རི་དྭགས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་རང་མིང་བྲིའོ། །གང་ཟག་ལ་ནི་རུས་པའི་ཀེང་རུས་སམ། མགོའི་ཐོད་པའམ། ཞེས་དང༌། རྒྱ་ཆེར་འགྲེལ་ལས་མདོ་དང་བཅས་ཏེ་བཤད་པ་ནི། དེ་ཉིད་ལས། འདིར་གཞུང་ནི་གཞུང་གཅིག་ལས་དགེ་སློང་གིས་གསེར་ལ་སོགས་པ་ལས་བྱས་པའི་རྒྱ་བཅང་བར་མི་བྱའོ། །སོར་གདུབ་རྒྱ་ཡང་མི་བྱའོ། །འདི་ལྟར་རྒྱ་ནི་རྣམ་པ་ལྔ་སྟེ། ར་གན་ལས་བྱས་པ་དང༌། ཟངས་ལས་བྱས་པ་དང༌། ཁར་བ་ལས་བྱས་པ་དང༌། བ་སོ་ལས་བྱས་པ་དང༌། རྭ་ལས་བྱས་པའོ། །ཞེས་གསུངས་པ་ལྟར་གཞུང་ཁ་ཅིག་ལས། རྒྱ་རྣམ་པ་བརྒྱད་པོ་རོ་ཉེ་དང༌། ཟངས་དང༌། ར་གན་དང༌། ཁར་བ་དང༌། རྒྱ་སྐྱེགས་ཀྱི་ཚིག་མ་དང༌། ཤིང་དང༌། ས་ལས་བྱས་པ་བཅད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། དེ་ཡང་རིན་པོ་ཆེ་ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ། །ཞེས་དང༌། དགེ་འདུན་གྱི་རྒྱ་ལ་ནི། རྟགས་འདི་ལྟར་བྱས་ཏེ། དབུས་སུ་འཁོར་ལོ་བྲིས་ནས་ངོས་གཉིས་སུ་རི་དྭགས་བྲི་བར་བྱ་ཞིང༌། འཁོར་ལོའི་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲི་བར་བྱའོ། །ཞེས་དང༌། དེ་ལྟར་བྲི་དགོས་པ། ཊཱིཀ་ཆེན་རིན་ཆེན་འཕྲེང་བ་ལས། དགེ་སློང་གིས་རྒྱ་བཅད་པར་བྱའོ། །རྣམ་པ་ཇི་ལྟ་བུ་ཞེ་ན། རྒྱན་གྱི་ཐ་སྙད་གདགས་སུ་མི་རུང་བའོ། །རྒྱུ་གང་ལས་བྱས་པ་ཞེ་ན། རོ་ཉེའམ། ཟངས་སམ། ར་གན་ནམ། ཁར་བའམ། རྒྱ་སྐྱེགས་ཀྱི་ཚིག་མའམ། ཤིང་ངམ། རྡོ་འམ། སའམ། བ་སོའམ། རྭ་དག་ལས་བྱས་པའོ། །རྟགས་ནི། དགེ་འདུན་གྱི་རྒྱ་ལ་ནི། འཁོར་ཞིང་སྤྱད་པའི་བརྡར་དབུས་སུ་འཁོར་ལོ། གང་ཟག་གིས་རིས་སུ་བཅད་དུ་མི་རུང་བ་མཚོན་པ་ངོས་གཉིས་སུ་རི་དྭགས། སྦྱིན་བདག་དགའ་བའི་ཕྱིར་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་རྒྱ་ལ་ནི་ཀུན་ཏུ་སྐྱོ་བ་སྐྱེད་པའི་ཕྱིར་རུས་པའི་ཀེང་རུས་སམ། མགོ་བོའི་ཐོད་པ་བྲི་བར་བྱའོ། །ཞེས་གསུངས་པའི་ཀེང་རུས་དང་ཐོད་ཚལ་བྲིས་པའི་དགོས་པ་སྐྱོ་བ་སྐྱེད་པར་མ་ཟད་བསོད་ཉམས་ཀྱི་མཐའ་འགོག་ཆེད་དུའང་ཡིན་ཏེ། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །ཞེས་གསུངས་པའི་རིགས་པ་སྦྱར་དུ་རུང་བའི་ཕྱིར་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སོགས་ཀྱིས་ཀྱང་ཤེས་སོ། །འདིར་ནི་རབ་བྱུང་གི་རྟགས་ལ་རང་གི་མིང་འབྲི་བར་མ་བཤད་དོ། །འོ་ན་གཙུག་ལག་ཁང་གི་བདག་པོའི་མིང་འབྲི་བར་བཤད་པ་མི་འགལ་ལམ་སྙམ་ན། དེ་ནི་གཙུག་ལག་ཁང་གི་སྦྱིན་བདག་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའོ། །མགོན་མེད་ཟས་སྦྱིན་གྱིས་ཀུན་རྭའི་བདག་པོ་བྱེད་པའི་ཕྱིར་རོ། །གསོ་སྦྱོང་གི་དུས་སུ་གཙུག་ལག་ཁང་གི་བདག་པོ་དང༌། གཙུག་ལག་ཁང་གི་ལྷའི་ཚིགས་བཅད་རེ་བསྐུལ་བས་ཀྱང་ཤེས་དགོས་པའི་ཕྱིར། འོ་ན་སྟོན་པས་རབ་བྱུང་གི་མིང་གིས་རྒྱ་བྱེད་པར་མ་མཛད་པ་ལ་དགོས་པའམ་རྒྱུ་མཚན་ཡོད་དམ་ཞེ་ན། ཤིན་ཏུ་ཡོད་དེ། མ་གུས་པ་སྤོང་བ་དང༌། ཕ་རོལ་གྱི་བསོད་ནམས་ལ་མི་གནོད་པར་བྱ་བ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། སྐྱབས་འགྲོ་ཡན་ལག་དྲུག་པ་ལས། སྐུ་གཟུགས་ཚིགས་སུ་བཅད་པ་དང༌། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པ་བཏགས། །ཞེས་སོགས་དང༌། ལམ་རིམ་ལས། སྟོན་པ་རིན་པོ་ཆེ་དང༌། རྣལ་འབྱོར་པ་ཆེན་པོ་ལྷན་པ་སེར་པོར་འགོམས་པའི་སར་ཡོད་པ་ཡང་མི་འགོམས་པར་སྦྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལ་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་ཇི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡིས་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་ཤེས་བྱེད་དང་བཅས་ཏེ་ན་བཟའི་རས་མ་ལའང་འགོམས་མི་ཉན་པར་བཤད་ན། དེའི་མཚན་ལ་ལྟ་ཅི་སྨོས་ཏེ། སའི་སྙིང་པོའི་མདོ་ལས། ཚངས་པ་ཆེན་པོ་གང་ངའི་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་འཆལ་བ་དགེ་སློང་སྟོང་པ་ལྟ་བུ་ཤིང་རུལ་བ་ལྟ་བུར་གྱུར་བ་ཞེས་པ་ནས། ཉོན་མོངས་པ་སྣ་ཚོགས་ཀྱིས་གཤེགས་པ་ལྟུང་བས་ཕན་པ་ཡིན་ཡང༌། ཚུལ་ཁྲིམས་འཆལ་བའི་སྡིག་པ་སྤྱོད་པའི་དགེ་སློང་དེ་དེའི་ཚེ་ལྷ་ཐམས་ཅད་དང་མི་རྣམས་ཀྱི་བར་དང་བསོད་ནམས་ཀྱི་གཏེར་དག་གི་བར་གྱི་སྟོན་པ་དང་དགེ་བའི་བཤེས་གཉེན་ཡིན་ནོ། །ཞེས་སོགས་ཀྱིས་རབ་བྱུང་ཙམ་དག་མ་དག་གང་ཡིན་ཀྱང་རྒྱལ་པོས་ཀྱང་ཆོས་བཞིན་ཆད་པ་གཅོད་མི་རུང་ན་ཆོས་མིན་པས་ལྟ་ཅི་སྨོས་པར་བཤད་ནས། ཡང་དེ་ཉིད་ལས། སུ་ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་རམ་སྣོད་དུ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚེ་བ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེས་པ་དང་བཅས་པ་ཡིན་ནོ། །དགེ་བའི་རྩ་བ་ཆད་པ་དང༌། རྒྱུད་ཚིག་པ་དང་ཚིམ་པ་མེད་པར་གཞོལ་བ་ཡིན་ནོ། །ཞེས་དང༌། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གོས་ངུར་སྨྲིག་པ་འདི་ནི་ཐར་པའི་རྒྱལ་མཚན་ཡིན་ནོ། །ཞེས་དང༌། དེ་བཞིན་དུ་ནམ་སྙིང་གི་མདོ་སོགས་ལས་ཀྱང་བཤད་པས། དེ་བཞིན་གཤེགས་པའི་ཆ་བྱད་འཛིན་པའི་ས་རྡོ་ལའང་བརྙས་མི་ཉན་ན་དེའི་ཆ་བྱད་འཛིན་པའི་སེམས་ལྡན་ལྟ་ཅི་སྨོས་པས། མ་བརྟགས་མ་དཔྱད་པར་ཚམ་ཚོམ་དུ་འཇུག་ག་ལ་རིགས་ལ། གཞན་ཡང་གཏམ་རྒྱུད་ལའང་དེའི་མིང་དང་མཚན་མ་དྲན་པའི་ཕན་ཡོན་སོགས་ཀྱང་འདིར་སྦྱར་བར་བྱའོ། །ཡང་བོད་གངས་ཅན་གྱི་ལྗོངས་འདི་དང༌། ཆེན་པོ་ཧོར་གྱི་ཡུལ་སོགས་སུ་བླ་ཆེན་དང༌། རྒྱལ་རིགས་རྣམས་ཀྱི་གསེར་གྱི་ཐམ་ཀ་དང༌། ཙ་དན་སོགས་ཀྱི་རྒྱུ་ཁྱད་འཕགས་ལས་གྲུབ་པའི་ཐམ་ཀ་ལྟག་མགོ་ནོར་བུ་གསུམ་པ་སོགས་ཀྱིས་སྤྲས་པ་ནི་འཛིན་པའི་སྲོལ་ཞིག་དར་ཏེ། དཔེར་ན་གོང་མ་ས་ཆེན་རྒྱལ་པོ་ལ་ཚེ་རིང་བྱས་ཕུལ་བས་ཚེ་རིང་གནམ་གྱི་ཤེ་མོང་དུ་གྲགས་པའི་ཤེལ་ཐམ་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པར། སེ་ཆེན་རྒྱལ་པོས། གནམ་གྱི་འོག་སའི་སྟེང་ན། རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས་ཡི་གེ་རྩོམ་མི། རྒྱལ་ཁམས་འཆམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏཱི་ཤྲཱི་ཞེས་མཚན་གསོལ་ནས་ཕུལ་བའི་ཤེལ་ཐམ་གླིང་དྲུག་མ་དང༌། དེ་མཚུངས་སུ་གོང་མ་རྒྱལ་པོས་རང་ཅག་གི་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་པ་འདུས་པའི་ངོ་བོ་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ་ལའང༌། ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་མཚན་རྒྱ་ཧོར་བོད་གསུམ་གྱི་ཡི་གེ་སུམ་གཤིབ་ཏུ་ཡོད་པའི་འཇའ་ས་ཕུལ་བར་མཛད་པ་དང༌། གཞན་ཡང་རྒྱལ་པོའི་ཐམ་ཀ་བཅུ་གཉིས་ལས། དང་པོ་ཧུང་ཐག་ཙི་བའུ་འདི་བླ་མའི་ལས་ཀའི་ལོ་གཅིག་གི་ནང་དུ་གནམ་སའི་བསྟོད་པའི་ཡི་གེ་ལས་གཞན་ལ་མི་རྒྱག །ཧཱུཾ་བི་བའུ་འདི་བླ་མའི་ལས་ཀའི་འཇའ་ས་ཐམས་ཅད་ལའང་རྒྱག །ཆི་ཀུའུ་ཅི་བའུ་འདི་ཝང་ཀུ་ཤྲཱི་རྣམས་ཀྱི་འཇའ་ས་ལ་རྒྱག །ཧྱི་ལྡན་ཐན་བའུ་འདི་ཁྲིམས་ར་ཐམས་ཅད་ལ་རྒྱག །ཅེས་རྒྱ་ནག་གི་ཡིག་ཚང་ལས་འབྱུང་ལ། དབྱིབས་བླ་མ་དང་རྒྱལ་པོ་ཆེ་ཆུང་སོགས་ཀྱི་ཐམ་རྟགས་ཆེ་ཆུང་གཉིས་ཀ་གྲུ་བཞི་བཙུན་མོ་སོགས་ཀྱི་ཐམ་ཀ་སྒོར་མོ་བྱེད་པ་ཞིག་རྒྱ་ནག་གི་ལུགས་ཡིན་པར་གྲགས་སོ། འོ་ན། དམ་པ་དེ་དག་གིས་གསེར་ཐམ་སོགས་འཛིན་པ་ལུང་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། འདུལ་བར་གང་ཟག་ཁྱད་པར་ཅན་འདོད་ཞེན་མེད་པ་ལ། ཁང་མིག་ལྔ་བརྒྱ་པ་དང༌། གོས་འབུམ་རི་བ་ཡང་གནང་ལ། བྱང་ས་སོགས་ལས། དགེ་སློང་བྱང་སེམས་ལ་དེ་བས་ཀྱང་ཆེས་ཆེ་བ་མང་པོ་གནང་བས་སོ། །དེ་ཡང་དམ་པ་དེ་དག་གི་གསེར་ཐམ་རྣམས་གདུལ་བྱ་དེ་དག་ཚོགས་རྫོགས་ཆེད་ཡིན་པས། ཐབས་མཁས་བླ་ན་མེད་པ་ཁོ་ནའོ། །འོན་ཀྱང་རབ་བྱུང་རྣམས་ཀྱིས་འདུལ་བའི་གཞུང་གི་ཚིག་ཟིན་ལྟར་ཐམ་ཀ་ཅིའི་ཕྱིར་མ་བྱས་སྙམ་ན། སྔ་དར་གྱི་དུས་སུ་ཆོས་དར་ཙམ་ཡིན་གྱི་ཞིབ་པོ་ག་ལ་ཡོད། ཕྱི་དར་གྱི་དུས་སུའང་ལག་ལེན་ཞིབ་པོ་དཀའ་ཙམ་བྱུང་བར་མངོན་ལ། དེ་ཙམ་དུ་མ་ཟད་ཆོས་ཀྱི་རྒྱལ་པོ་རྗེ་རྒྱལ་བ་གཉིས་པ་མ་ཕེབས་ཡན་ཆད་དུ་ཆོས་གོས་རྣམ་གསུམ་དང་གདིང་བ་རྣམས་ཀྱི་ཚལ་བུ་སོགས་ཀྱང་དགེ་བཤེས་ཆེན་པོར་རློམ་པ་དག་གིས་ཀྱང་མི་ཤེས་པ་རྣམ་ཐར་ཆེན་མོ་དང༌། མཁས་པ་དག་གི་གསུང་ལས་ཐོས་སོ། །རྗེ་བདག་ཉིད་ཆེན་པོ་ཕེབས་རྗེས་སུའང་ཐམ་ཀ་དེ་ལྟར་མ་མཛད་པ་ནི་གཙུག་ལག་ཁང་གི་བདག་པོའི་མིང་བྲིས་ན་སྦྱིན་བདག་གཞན་གྱིས་ཕྲག་དོག་དང་ཀེང་རུས་དང་ཐོད་པ་བྲིས་ན། བརྒྱ་པ་ལས། འཇིག་རྟེན་ཀུན་ལ་འཆི་བདག་སྒྲ། །ཇི་ལྟར་འཇིགས་པ་བསྐྱེད་གྱུར་ཡང༌། །ཞེས་གསུངས་པ་ལྟར་སྐྲག་པ་དང་རྣམ་རྟོག་སྐྱེད་དོགས་ནས་མ་མཛད་པར་སྣང་བར་སེམས་ལ། དེ་ནས་བརྒྱ་པ་ལས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཞེས་གསུངས་པ་ལྟར་ཡུལ་དུས་གནས་སྐབས་དེའི་གང་ཟག་གི་བློ་དང་མཚམ་པ་གང་ལེགས་བྱེད་པ་ལས་མཐའ་གཅིག་ཏུ་ཆོས་འཇིག་རྟེན་གང་ལའང་འདི་ཁོ་ན་བྱེད་ཀྱི་ངེས་བཟུང་ག་ལ་ནུས་ཏེ། མཁྱེན་བརྩེ་ནུས་གསུམ་གྱི་ཕ་རོལ་ཏུ་ཕྱིན་པའི་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་སྣ་ཚོགས་གསུངས་དགོས་པ་བྱུང་འདུག་པའི་ཕྱིར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གསུང་ལས་འདིར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་སྐད་དུ་མ་དང༌། བཞུགས་པའི་གནས་དུ་མ་དང༌། གསོལ་བ་འདེབས་པ་པོ་དུ་མ་དང༌། ཆོས་སྟོན་པ་དུ་མ་ཡིན་ནོ། །ཞེས་དང༌། མདོ་ལས། འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །དེ་དག་ཀུན་ཏུ་རྣམ་ཐར་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །ཞེས་དང༌། དེ་བཞིན་དུ། རིན་ཆེན་འཕྲེང་བ་ལས། བརྡ་སྤྲོད་སློབ་མཁན་གྱི་དཔེ་དང༌། ལང་གཤེགས་ལས། ནད་པ་སྨན་སྟེར་ཚུལ་གྱི་དཔེས་འགྲོ་བའི་ཁམས་དང་བསྟུན་ནས་སྟོན་པར་གསུངས་པ་དང༌། སྟོན་པའི་ཞལ་ནས་ཀྱང༌། འཇིག་རྟེན་ང་དང་རྩོད་ཀྱི་ང་འཇིག་རྟེན་དང་མི་རྩོད་དེ། འཇིག་རྟེན་ན་ཡོད་པ་དེ་ངས་ཀྱང་ཁས་ལེན་གསུངས་པ་སོགས་དང༌། མདོར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའང་གདུལ་བྱའི་དབང་གིས་ཡིན་ཚུལ་སོགས་ལུང་རིགས་མཐའ་ཡས་པའི་ཕྱིར་རོ། །དེ་དག་གི་བརྡ་ཆད་ཇི་ལྟར་ཡོད་པ་མཚོན་ཙམ་བཤད་ཟིན་ཏོ། །

༈ གཉིས་པ་དེང་དུས་ཕྱག་ལེན་ལ་འདེབས་ཚུལ་བཤད་པ་ལ། ཕར་བསྐུར་ཚུལ་དང༌། ཚུར་བྱུང་བའི་ལན་དང༌། ཡིག་རྒྱ་སོགས་ཀྱི་རྣམ་བཞག་དང༌། ཕྱི་ནང་གི་ཐམ་རྟགས་འདེབས་ཚུལ་དང༌། ཞར་ལ་ཐོག་མཐའ་བར་དུ་དགེ་བའི་ཆོས་ལ་གནས་པར་གདམས་པ་དང་ལྔའོ། དེ་ཡང་འདི་དག་གི་རྣམ་བཞག་ཕལ་ཆེར་འབྲོམ་གྱིས་མཛད་པའི་ཤོག་གཅིག་མ། འགྲོ་མགོན་འཕགས་པས་མཛད་ཟེར་བའི་ལེའུ་བཞི་པ་སོགས་དང༌། རང་གི་བླ་མ་དམ་པ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་ནས་ཕྱག་ལེན་ཇི་ལྟར་མཛད་པ་རྣམས་ལ་བརྟེན་ནས་ཅུང་ཟད་སྤྲོ་བར་བྱས་ན། ཐོག་མར་ཡུལ་གྱི་མཐོ་དམན་གྱི་རྣམ་བཞག་ཤེས་ན་ཁྱད་ཆེ་བས་དེ་ཅུང་ཟད་ཙམ་བརྗོད་ན། སྤྱིར་ལུང་རྟོགས་ཀྱིས་མཐོ་བ། བསླབ་བཅས་ཀྱིས་མཐོ་བ། རིགས་རུས་ཀྱིས་མཐོ་བ། སྟོབས་མངའ་ཐང་གིས་མཐོ་བ་སོགས་དུ་མ་ཞིག་ཡོད་པ་ལས། ཆོས་ཀྱི་ལུགས་ལྟར་ན། མདོ་ལས། རིགས་རུས་སྟོབས་མི་གཙོ་ཡོན་ཏན་ཁོ་ན་གཙོ་ཞེས་བཤད་པས། རང་རེ་ཆོས་བྱེད་པ་རྣམས་ཀྱིས་འདི་ཁོ་ན་ལྟར་བྱ་དགོས་པས། ལུང་རྟོགས་དང༌། བསླབ་བཅས་ཀྱིས་མཐོ་བ་ལ་ཆེ་བར་འཇོག་དགོས་ལ། ཕན་བཏགས་པའི་ཞིང་ཕ་མ་དག་ཀྱང་འདི་སྐབས་ཀྱི་ཆེ་བར་འོས་སོ། །འཇིག་རྟེན་པ་ལྟར་ན། རིགས་རྒྱུད་སྟོབས་མངའ་ཐང་སོགས་གཙོ་ཆེ་བས། དེ་ལ་རིགས་ཀྱི་རིམ་པ་ནི། བྲམ་ཟེ། རྒྱལ་རིགས། རྗེ་རིགས། དམངས་རིགས་བཞི་ཡོད་ཅིང་མཐོ་དམན་ཡང་དེ་ལྟར་ཡིན་ལ། གཞན་ཡང་དང་པོ་རིགས་གཞན་ཡིན་པ་ཕྱིས་བསོད་ནམས་སོགས་ཀྱིས་རྒྱལ་རིགས་སུ་གྱུར་པའང་ཡོད་པའི་ཕྱིར། དེ་ཡང་བྱ་བའི་ཆ་ནས་རིགས་དང༌། སྐྱེད་བྱེད་ཕའི་ས་བོན་ལས་རུས་པ་འབྱུང་བས་ཕའི་ས་བོན་གྱི་ཆ་ནས་རུས་པ་འཇོག་སྟེ། བརྒྱ་བ་ལས། འཚོ་བའི་ཐབས་དངོས་ཅོག་ལ་ཡང༌། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། །ཅེས་གསུངས། བོད་འདིར་བྲམ་ཟེའི་རིགས་དངོས་གནས་པ་མེད་ཀྱང་གྲུབ་པ་བརྙེས་པའི་སྔགས་རྒྱུད་ལྟ་བུའི་གདུང་ཆེ་བ་དག་ལ་དེའི་དོད་ཤིན་ཏུ་རུང་ངོ༌། །བོད་འདིའི་བླ་མ་སྡེ་དཔོན་གྱི་ཆེ་ཆུང་སོགས་ནི་ཡུལ་འདིར་སྡོད་པ་དག་ཁོ་ན་ལ་མཁོ་ཡང༌། བྱང་ཕྱོགས་པ་དག་ལ་ཆེས་མི་མཁོ་བས་མ་བྲིས་སོ། །རང་རང་གི་ཡུལ་མི་ཆེ་ཆུང་ཡུལ་ལུགས་དང་བསྟུན་པས་རྒྱལ་པོ་སོགས་ཀྱི་ཁྱད་པར་ཤེས་དགོས་སོ། །རིགས་ཞེས་བསྙད། ཅེས་དང༌། བརྒྱ་པའི་འགྲེལ་པར། ཇི་ལྟར་གསེར་གྱི་སྤྱི་བླུགས། འདི་ཉིད་དུ་གཞན་གྱི་གནས་སྐབས་དེ་དང་དེར་གྱུར་དབྱིབས་ཀྱང་གནས་སྐབས་སུ་ཐ་དད་པས་ཐ་དད་པར་གྱུར་པ་དེ་བཞིན་དུ་འཇིག་རྟེན་ལས་བཤད་པ་མ་བྱས་ཤིང་བརྗེ་བའང་ཡིན་ནོ། །ཞེས་གསུངས་ཏེ། བྲམ་ཟེ་མར་ཀ་ཊའི་གསེར་གྱི་སྤྱི་བླུགས་བཅོལ་བ་དཔེར་བྱའོ། །འདི་ལ་སྤྱིར་དབྱངས་ཅན་ས་འཛིན་བདག་པོའི་ཟློས་གར་རྒྱལ་པོ་དགེ་བའི་དབང་པོས་མུ་ཏིག་འཁྲི་ཤིང་གི་རྟོགས་པ་བརྗོད་པར། དེ་ནས་དེ་ཡི་གཏམ་གྱིས་དེ། །སྔར་སྐྱེས་དགེ་བ་རྒྱས་པ་ཐོབ། །བཅོམ་ལྡན་སླད་དུ་གསོལ་བ་ཡི། །སྤྲིང་ཡིག་དེ་དག་རྣམས་ལ་བསྐུར། །ཞེས་པ་དང༌། བཤེས་སྤྲིང་སློབ་སྤྲིང་ཀ་ནི་ཀའི་སྤྲིང་ཡིག་ཅེས་སོགས་ལ་དཔག་ན། འཕགས་ཡུལ་དུ་སྤྲིངས་པ་དང་བསྐུར་ཞེས་ཙམ་གྱིས་ཤིན་ཏུ་མཐོ་བ་ཞིག་གིས་དམའ་བ་ཁོ་ན་ལ་བསྐུར་ཚུལ་དུ་མི་འགྱུར་ཀྱང༌། བོད་གངས་ཅན་གྱི་ལྗོངས་འདིར་ནི། འགྲོ་མགོན་ཆོས་ཀྱི་རྒྱལ་པོ་སོགས་ཀྱིས། རྒྱ་ཧོར་རྒྱལ་པོས་བཟློ་བ་ཐོབ། །བོད་ཀྱི་རྒྱལ་པོས་སྤྲིངས་པ་ཐོབ། །རྣལ་འབྱོར་བ་ཡིས་འདི་ལྟ་སྟེ། །བརྒྱ་སྟོང་དཔོན་གྱིས་བསྐུར་བ་ཐོབ། །ཅེས་སྤྲིངས་པ་དང་བཟློ་བ་དང་བསྐུར་བ་རྣམས་ཆེན་པོ་ཁོ་ནས་བྱེད་ཅིང༌། དེང་དུས་ཅི་རིགས་པར་ཕྱག་ལེན་ལའང་འདེབས་ཀྱིན་འདུག་པས། མདོ་ཙམ་སྨྲས་ན་སྤྱིར་ཁ་བ་ཅན། དེའི་ནང་ནས་རང་རེ་བྱང་ཕྱོགས་པ་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་འགྲོ་མགོན་ཕྱག་ན་པདྨ་རྒྱལ་བའི་དབང་པོའི་སྐུའི་རབས་དག་ཡིན་ལ། འདི་ཉིད་ལ་གསང་བ་གསུམ་གྱི་རྣམ་པར་ཐར་པ་ནམ་མཁའ་དང་མཉམ་པ་ཙམ་ཡོད་ཅིང་ཐུན་མོང་བའི་རྣམ་ཐར་ལའང་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གིས་མཚོན་པའི་བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་ལུང་དབང་ཁྲིད་མན་ངག་དུས་དེང་སང་བཞུགས་པ་རྣམས་མ་ལུས་པར་མངའ་ཞིང༌། བཅུ་ཕྲག་གི་རིག་པའི་གནས་ཀྱི་ཤེས་བྱ་མ་ལུས་པ་རིག་པ་ལྟ་ཅི་སྨོས། གདུལ་བྱ་དབང་པོ་རྣོ་འབྲིང་ཐམས་ཅད་ལའང་ལག་མཐིལ་གྱི་ཤིང་ཏོག་ལྟར་སྟོན་ཞིང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསླབ་པ་གསུམ་གྱིས་ཆེས་ཆེར་ཕྱུག་པས་དུས་གསུམ་གྱི་མཁས་གྲུབ་ཀྱི་ཡང་རྩེ་ཐོབ་ལ། མཁྱེན་བརྩེ་མཐུ་ནུས་གང་ལའང་རྒྱལ་བ་ཐམས་ཅད་གཅིག་ཏུ་བྱས་པའི་དོ་ཟླར་འོས་པ། ཐ་ན་ཕྱག་གིས་རེག་ཙམ་མཛད་པའི་མེ་ཏོག་ཀྱང་ཡུལ་གང་དུ་ཕེབས་པ་དེ་དག་ཏུ་བཀྲ་ཤིས་ཀྱི་དགེ་མཚན་ཉི་མ་ལྟར་འབར་བས་མཁས་བླུན་ཐམས་ཅད་ལ་མངོན་སུམ་དུ་སྣང་བར་གྱུར་ནས་ཆོས་སྲིད་གཉིས་ཀའི་ཆ་ནས་ལྷ་དང་མིའི་བླ་མར་གྱུར་པ་འདི་ཉིད་ཀྱིས་བཀའ་ཤོག་གནང་ཚེ་སྒོ་ཡིག་ཆེན་མོ་ལྟར་ཡིག་མགོ་ཤིན་ཏུ་ཆེ་བའི་སྣེ་རིང་པོར་ཐེན་པའི་འོག་ཏུ་ཡི་གེ་རྣམས་ཚུད་པར་བྱས་ལ། ཆེ་བརྗོད་གང་རྒྱས་དང་འབྲེལ་བའི་མཚན་མཐར་གང་གི་བཀའ་འམ་ལུང་ཞེས་བྲིས་ཏེ། ལྷག་འཕྲེང་དེ་བཞག་ལ་འབེབས་ཤིན་ཏུ་ཆེ་བ་བྱས། ལུང་ངམ་བཀའ་ཞེས་པའི་འོག་ཏུ་ལྷག་མའི་ཡིག་མགོ་ཚུད་ངེས་ཀྱི་སར་བསྐུར་ཡུལ། དཔེར་ན་འཛམ་གླིང་ཡངས་པའི་ཁོང་འཁོད་ཀྱི་ཆེ་རྒུ་དྲག་ཞན་རྣམས་ལ་སྤྲིངས་པ་ཞེས་པ་ལྟ་བུ་གཅིག་ཤིན་ཏུ་འཐོབ། དེ་བཞིན་དུ་གནམ་སའི་དབང་ཕྱུག་སའི་ཚངས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་པ་འདི་ཉིད་སོགས་ཀྱིས་ཀྱང་ཡིག་མགོ་ཤིན་ཏུ་ཆེ་བའི་སྤྲིང་ཡིག་འཐོབ་ལ། དེའི་འོག་ཏུ་དེ་བཞིན་དུ་རྒྱ་དང་ཧོར་བོད་ཀྱི་ཆོས་རྒྱལ་འཁོར་ལོས་བསྒྱུར་བ་ཆེན་པོ་དག་གིས་ནི། ཡིག་མགོ་ཆེ་བ་སོགས་སྔར་ལྟར་ལ་བཟློ་བ་ཞེས་འཐོབ་སྟེ། གོང་མ་རྒྱལ་པོ་ལྟ་བུས་བཀའ་ཤོག་གནང་ཚེ་ཡིག་མགོ་ཡི་གེ་ཀུན་ཆེ་ཞིང་ཆེ་བརྗོད་དང་འབྲེལ་བའི་མཚན་མཐར་གང་གི་ལུང་ཞེས་བྲིས། འབེབས་ཆེན་པོ་བྱས་ནས་བསྐུར་ཡུལ་གྱི་མིང་གི་སྨོས་ཏེ་ཁྱོད་གོང་འཁོད་ལ་བཟློ་བ་ཞེས་བྱ་ལ་གཞན་འདྲ། དེ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྔར་གྱི་རྭ་ལོ་དང༌། ས་སྐྱ་གོང་མ་སོགས་དང༌། ཕྱིས་ཀྱི་བསྟན་པའི་བདག་པོ་རྗེ་རྒྱལ་བ་གཉིས་པ་ཡབ་སྲས་དེའི་གདན་སར་ཕེབས་རིམ་དང༌། བོད་ཁ་བ་ཅན་གྱི་ཆོས་སྡེ་རྣམས་ཀྱི་གཙུག་རྒྱན་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གདན་ས་ཆེན་པོ། དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་པའི་གླིང༌། མཁས་མང་གི་བསྟི་གནས་དཔལ་ལྡན་སེ་ར་ཐེག་ཆེན་གླིང་སྟེ་གདན་ས་ཕན་ཚུན་གཉིས་དང༌། བཀྲ་ཤིས་ལྷུན་པོ་སོགས་ཀྱི་གདན་ས་པ་དག་གིས་ཀྱང་སྤྲིང་ཡིག་གནང་བ་འཐོབ་སྟེ། རྒྱ་གར་དུ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཧྲ་མཁས་པ་ཆེན་པོ་ཙན་དྲ་གོ་མི་སོགས་ཀྱིས་སྤྲིང་ཡིག་བསྐུར་བ་དང༌། དེར་མ་ཟད་ཡང་ན་ཡིག་མགོ་ཤིན་ཏུ་ཆེ་བའི་ཡིག་མགོའི་སྣེ་རིང་པོར་འཐེན་ཅིང༌། མཚན་ཆེ་བརྗོད་དང་བཅས་མཐར་འབེབས་བྱས། ཁྱེད་རྣམས་ཀྱིས་ངེས་རྒྱུར་འདི་ལྟ་སྟེའམ་འདི་ལྟར་བྱ་རིགས་ཏེ་རྣལ་འབྱོར་བ་ཡིས་འདི་ལྟ་སྟེ། ཞེས་གསུངས་པས་ཀྱང༌། འགྲུབ་པའི་ཕྱིར། ཁམས་ཀྱི་རྒྱལ་པོར་གྲགས་པ་ཁྲི་དཔོན་སྟོང་དཔོན་བརྒྱ་དཔོན་དག་དང་ཡུལ་དེའི་དཔོན་པོ་དག་གིས་རང་མཚུངས་སོགས་གཞན་ལ་ཡི་གེ་བསྐུར་ན་འདི་དག་གི་ཡིག་མགོ་དང་ཡི་གེ་ཆེ་ཙམ་ལ་གནས་རང་མིང་གི་རྗེས་སུ་དེ་དག་གི་ཡི་གེ་ཆེ་ཙམ་ལ་འབེབས་མཚོན་པར་བྱས་ནས། ཕ་རོལ་པོ་ཆེ་གེ་ལ་བསྐུར་བ་ཞེས་ཐོབ་པར་བཤད་སྣང་ལ། དེང་སང་རང་གི་དམངས་མངའ་འོག་སོགས་ལ་ཐད་བྲིས་སོགས་མཛད་སྲོལ་སྣང་ངོ༌། །དེ་དག་ནི་ཆེན་པོ་དག་གིས་ཕར་ཡི་གེ་བསྐུར་ཚུལ་ལོ། །ཆེན་པོ་རྣམས་ལ་སློབ་མ་སོགས་ཀྱིས་ཡི་གེ་ཇི་ལྟར་འབུལ་ཚུལ་ནི། འབྲོམ་སོགས་ཀྱིས། ཆོས་འབྲེལ་བླ་མ་སློབ་དཔོན་དང༌། ཁྲི་སྐོར་སྟོང་དཔོན་བདག་པོ་དང༌། །དབུས་གཙང་རྗེ་དཔོན་ཕ་མ་སོགས། །རང་ཉིད་ཕྱག་འབུལ་བྱེད་པ་ལ། །ཞབས་དྲུང་དུ་ནི་ཞུ་བ་ཐོབ། །གོང་འོག་སོར་བརྒྱད་ཙམ་ཞིག་བྱ། །ཞེས་གསུངས་པ་ལྟར་ཆོས་ཀྱི་འབྲེལ་དབང་སོགས་ཞུས་པའི་བླ་མ་དང༌། བཀའ་སྡེ་སྣོད་སོགས་སློབ་པའི་སློབ་དཔོན་དང༌། དེ་དག་མིན་ཀྱང་ལུང་རྟོགས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པ་མཐོང་ཐོས་དྲན་པས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་ས་བོན་འདེབས་པའི་སྐྱེས་ཆེན་དམ་པ་རྣམས་དང༌། འཇིག་རྟེན་གྱི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་དང༌། དེ་འོག་གི་ཁྲི་སྐོར་སྟོང་དཔོན་སོགས་དང༌། རང་གི་ཕ་མ་སོགས་ལ་ཡི་གེ་འབུལ་ཚུལ་ནི་ཡིག་མགོ་ཤིན་ཏུ་ཆུང་ལ། ཡི་གེའང་ཕྲ་མོ་བྱས་ནས། ཆེ་བརྗོད་ཅི་རིགས་དང་འབྲེལ་བའི་མཚན་མཐར་ཕྱག་ཏུ་འབུལ་མི་ནུས་པའི་གུས་པ་མཚོན་བྱེད་དུ་ཞབས་དྲུང་དུའམ། ཞབས་པད་རིན་པོ་ཆེའི་དྲུང་དུའམ། ཞབས་སྟེགས་རིན་ཆེན་འབར་བའི་དྲུང་དུའམ། ཞབས་རྟེན་གསར་བའི་དྲུང་དུ་ཞེས་བྲིས་ནས། དེ་ལྷག་འཕྲེང་དེ་བསྐྱུར་ནས། བར་དུ་སོར་བརྒྱད་སོགས་འོང་བའི་དེ་འོག་དུ་ཆུད་ངེས་ཀྱི་སར་ཞུ་བ་ཞེས་སམ། སོར་བཅུས་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོས་ཞུ་བ། དེང་ལེགས་བྱས་བརྒྱ་ཕྲག་གིས་བསྐྲུན་པའི་སྐུའི་དཀྱིལ་འཁོར་ཞེས་པ་ལྟ་བུའི་སྐུ་སོགས་བརྗོད་པའི་སྔོན་དུ་ཡི་གེའི་སྟེང་ངོས་སུ་ཆེ་མགོ་བྱ་ཞིང༌། བསྙུན་འདྲི་ཡང་བླ་མ་སོགས་ལ་ཆོས་བསྟུན་གྱི་བསྙུན་འདྲི་དང༌། རྒྱལ་པོ་སོགས་ལ་འཇིག་རྟེན་གྱི་སྟོབས་སོགས་ཀྱི་བསྙུན་འདྲི་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་རིན་ཆེན་འབྱུང་གནས་བཅོམ་ལྡན་འདས་ལ་བསྙུན་མི་མངའའམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། ཞེས་འདྲི་སྟེ། ཞེས་གསུངས་པ་ལྟར། སྐུ་ལ་ཉེར་འཚེའི་དྲི་མ་དང་བྲལ་ཞིང་ཕུན་ཚོགས་ལེགས་བྱས་ཀྱི་སྒོ་བརྒྱ་ལ་སྐྱེ་དགུ་འགོད་བཞིན་པའི་དབྱིངས་ནས་བཞུགས་ལགས་སམ་ཞེས་ལུགས་གཉིས་གང་བྱས་ཀྱང་ཆོག །མི་ཤེས་པའི་རིགས་ཀྱིས་ཚིག་སྦྱོར་དོན་ཆུང་མང་དུ་སྨྲ་བ་ལས་མདོར་བསྡུས་ལ་ལེགས་པ་རེ་སྨྲས་ན་ལེགས་པར་སེམས་ལ། བླ་མ་ལ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་སོགས་གང་མཛད་པ་དང་སྦྱར་ལ། དེ་བཞིན་དུ་གཞན་ལའང་སྦྱོར་ཞིང༌། ཆེན་པོ་དག་ལ་འབུལ་སྐབས། འདིར་ཕྲན་བུའང་བདེ་བར་མཆིས་ལྟ་བུ་ལས་རང་གི་གནས་ཚུལ་རྒྱས་པར་མི་བྱེད་ལ། ཆེད་དུ་ཞུ་བ་འབུལ་རྒྱུ་ཞེས་དངོས་དོན་གང་ཡིན་སྨྲས་རྗེས། སླད་ནས་ཀྱང་ཕེབས་འོས་གང་གཱའི་རྒྱུན་བཞིན་ཞུའམ། ཆུ་བོའི་རྒྱུན་བཞིན་ནམ། ཉལ་འགྲོའི་རྒྱུན་བཞིན་ནམ། ཛ་ཧུའི་བུ་མོའི་རྒྱུན་བཞིན་ནམ། སིནྡྷུ་རྒྱུན་བཞིན་ནམ། པཀྵུའི་རྒྱུན་བཞིན་ཞུ་ཞེས་དང༌། སྤྱན་རས་ཀྱིས་གཟིགས་པ་མཚོན་པར། རྟེན་འདི་དང་འདི་ཞེས་བྱ་བ་དང་བཅས། ཟླ་བ་ཆེ་གེ་མོ་དང༌། ཚེས་གྲངས་ཆེ་གེ་མོ་ལ་གནས་ཆེ་གེ་མོ་ནས་ཕུལ་བའི་ཞེས་དང༌། ཞུ་ཡིག་ཅེས་པ་ཅུང་དེ་ལས་དམའ་བར་བྱས་ལ་འབྲི་ཞིང༌། དེ་ལ་ཡང་ལོ་སྐོར་གྱིས་འགྲོ་དགོས་པའི་ཡུལ་ཡིན་ན་ལོའི་མིང་ཡང་བྲིས་ན་ལེགས་ལ། ལོ་མིང་འབྲི་ན་རབ་བྱུང་རྣམ་འབྱུང་དཀར་པོ་དང༌། །ཞེས་སོགས་སམ་མེ་སྟག་གི་ལོ་ལ་སོགས་པ་གང་རུང་དང༌། ཟླ་བའི་མིང་འབྲི་ན། ཧོར་ཟླ་གྲགས་ཆེ་བས་དེ་དང་སྦྱར་ན། ཧོར་ཟླ་དང་པོ། ཆོ་འཕྲུལ་ཟླ་བ། མཆུ་ཟླ་བ། རྟ་ཟླ་བ། དཀའ་ཐུབ་ཀྱི་ཟླ་བ་སོགས་དང༌། ཧོར་ཟླ་གཉིས་པ། དབོ་ཟླ་བ། ཁྲ་ཟླ་བ། འབྲས་ལྡན་ཟླ་བ་སོགས་དང༌། ཧོར་ཟླ་གསུམ་པ། ནག་པ་ཟླ་བ། འདོད་ཟླ། ནག་པ་ཅན་གྱི་ཟླ་བ་སོགས། ཧོར་ཟླ་བཞི་པ། ས་ག་ཟླ་བ། སྦྲང་ལྡན་ཟླ་བ། ནམ་མཐོང་ཟླ་བ་སོགས་དང༌། ཧོར་ཟླ་ལྔ་པ། སྣྲོན་ཟླ་བ། ལྡེ་གུའི་ཟླ་བ་སོགས་དང༌། ཧོར་ཟླ་དྲུག་པ། ཆུ་སྟོད་ཟླ་བ། བྲེའི་ཟླ་བ་སོགས་དང༌། ཧོར་ཟླ་བདུན་པ། གྲོ་བཞིན་ཟླ་བ། སྤྲིན་ཅན་ཟླ་བ་སོགས་དང༌། ཧོར་ཟླ་བརྒྱད་པ། ཁྲུམས་ཟླ་བ། སྤྲིན་བཟང་ཟླ་བ། བ་གླང་རྐང་སོགས་དང༌། ཧོར་ཟླ་དགུ་པ། ཐ་སྐར་ཟླ་བ། དབྱུག་གུ་ཟླ་བ། ལྟས་མོའི་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་པ། སྨིན་དྲུག་ཟླ་བ། ཀརྟི་ཀའི་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་གཅིག་པ། རི་དྭགས་མགོ་ཅན། སྨལ་པོ་ཟླ་བ། མགོ་ཟླ་བ་སོགས་དང༌། ཧོར་ཟླ་བཅུ་གཉིས་པ། རྒྱལ་ཟླ་བ། ཚིམ་བྱེད་ཟླ་བ། ནུས་ཟླ་སོགས་སྦྱར་ལ། དེ་ཡང་སྐར་མ་དེས་ཟླ་བ་དེ་ཉ་བའི་དུས་ཀྱི་ཉ་སྐར་གྱི་སྒོ་ནས་མིང་བཏགས་ལ། རྒྱལ་ཟླ་བ་ཞེས་པའི་ཚིག་ཟུར་གྱི་ཟླ་བ་དང༌། ལོ་ཟླའི་ཟླ་བ་རྣམས་ཀྱང་གཙོ་བོར་རི་བོང་ཅན་ཉ་བའི་སྒོ་ནས་དེའི་མིང་གིས་བཏགས་པ་ཡིན་ཏེ། ལོ་ཟླའི་ཟླ་བའི་སྐད་དོད་མཱ་ས་ཞེས་པའང་རི་བོང་ཅན་གྱི་མིང་ཡིན་ཞིང༌། དེ་ལ་ཉ་གང་བར་བཤད་པ་གང་ཞིག །དཀར་ཕྱོགས་ནག་ཕྱོགས་དང༌། ཉ་སྐར་བཤད་པས་ཀྱང་ཤེས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། འཆི་མེད་མཛོད་ལས། འཇལ་བྱེད་གང་བ་ཟླ་བ་ཉ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་འཇལ་བྱེད་དང༌། འདིའི་ཟླ་བ་གཉིས་ཀའི་དོད་ལ་མཱ་ས་བཞག་འདུག་ཅིང་གང་བ་དང་ཉ་ཚུལ་གྱི་དོན་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། འཆི་མེད་མཛོད་ལས། ཟླ་བ་དཀར་དང་ནག་པོ་དག །སྔ་མ་ཕྱི་མའི་ཕྱོགས་ཡིན་ནོ། །ཞེས་སོགས་དང༌། རྒྱལ་དང་ལྡན་པའི་ཟླ་བ་ཉ། །རྒྱལ་གྱི་ཟླ་བ་གང་ཡིན་དེ། །མིང་ནི་རྒྱལ་ཡིན་མཆུ་ལ་སོགས། །དེ་བཞིན་གཞན་ནི་བཅུ་གཅིག་གོ །ཞེས་གསུངས་ལ། ཟླ་བ་ཉ་ཞེས་པའི་སྐད་དོད་དུ་སཽརྣ་མཱ་སཱིའི་སཽ་རྣ་ནི་ཉ་བའམ་གང་བའི་སྐད་དོད་དང༌། དེ་བཞིན་དུ་པཱུརྞ་མཱ་སཱི་ཞེས་པ་འཇལ་བྱེད་གང་བ་ཞེས་བསྒྱུར་བའི་གང་བའི་སྐད་དོད་པཱུརྞ་དང༌། སཽརྞ་གཉིས་ཀའང་ཡིག་གཟུགས་མི་གཅིག་ཀྱང་ཁྲིགས་པར་གང་བའི་དོན་ཡིན་ལ། མིག་འཛུམ་སོགས་ནས་ཕྱོགས་གཉིས་ཀའི་ཟླ་བར་བཤད་ཀྱང་མི་གནོད་པ་ནི་ཟླ་བའི་འཕེལ་འགྲིབ་ཀྱི་དུས་དེ་ལ་བཞག་པས་སྐྱོན་མི་ཡོང་ཞིང༌། འོ་ན། འཆི་མེད་མཛོད་ལས། མི་ཡི་ཟླ་བས་ཡི་དྭགས་ཀྱི། །ཉིན་ཞག་ལོ་ཡིས་ལྷ་ཡི་ཞག །ཅེས་སོགས་ཀྱིས་མིའི་ཟླ་བས་ཡི་དྭགས་ཀྱི་ཞག་སོགས་བཤད་ན། དེ་དག་ལའང་ཟླ་བའི་འཕེལ་འགྲིབ་དགོས་སམ་ཞེ་ན། འདི་དོགས་པ་གནད་ཅན་ཞིག་ཡིན་ཀྱང༌། དེ་ལའང་མིའི་ཟླ་བ་ལ་ཞག་སུམ་ཅུ་བཞག་པ་ལྟ་བུའི་རིགས་འདྲ་ཡིན་གྱི། གཞན་དུ་ན་ཚངས་པའི་ཉིན་ཞག་སོགས་ཀྱང་ཇི་ལྟར་བརྩི། མདོ་བསྟན་བཅོས་ན་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཞག་ཏུ་བྱས་པའི་རྩི་ཚུལ་ཡང་ཡོད་པས་སྦུག་འཐུམ་མི་དགོས་ལ། ལོ་ཆེན་ཐུགས་རྗེ་དཔལ་ཞབས་སོགས་ཀྱི་སྒྲ་ཊཱིཀ་ཏུ་རྒྱལ་ཟླ་བའི་སྐད་དོད་ལ་ཙནྟྲ་བྲིས་པའང་ཡོད་ཅིང༌། རིགས་པས་ཀྱང་ཤིན་ཏུ་སྒྲུབ་བྱེད་མཐའ་ཡས་སྤྲོ་ཐུབ་པས། ས་ཟླ་དང་གནམ་ཟླ་ཞེས་སོ་སོར་འབྱེད་པ་དང༌། རྒྱལ་ཟླ་ལྟ་བུའི་ཚིག་ཟུར་གྱི་ཟླ་བ་རི་བོང་ཅན་གྱི་སྒོ་ནས་མིང་མ་བཏགས་སྙམ་པ་སོགས་དོར་བར་བྱ་ལ། ཡང་ཁྱིམ་བཅུ་གཉིས་དང་སྦྱར་ན། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་དང་སྡིག །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པ་ལྟར་ཧོར་ཟླ་གསུམ་པར་ཉིན་མོར་བྱེད་པ། ལུག་ཁྱིམ་དུ་རྒྱུ་སྐར་ཆེ་གེ་རྣམ་པར་རྩེན་པའམ། རྣམ་པར་འགྲོགས་པའི་ཞེས་པ་ལྟ་བུ་ལ་བྱ་ལ། རགས་རྩིས་ཙམ་ལ། ཧོར་ཟླ་གཉིས་པ་ལུག་ཁྱིམ་དང༌། དེ་ནས་རིམ་བཞིན་གླང་གི་དང༌། འཁྲིག་པའི་དང༌། ཀརྐ་ཊའི་དང༌། སེང་གེའི་དང༌། བུ་མོའི་དང༌། སྲང་གི་དང༌། སྡིག་པའི་དང༌། གཞུའི་དང༌། ཆུ་སྲིན་གྱི་དང༌། བུམ་པའི་དང༌། ཉའི་ཁྱིམ་རྣམས་དང་སྦྱར་ལ། ཟླ་བ་དང་སྟག་སོགས་སྦྱོར་ན། དཔྱིད་ར་སྟག་གི་དང༌། དཔྱིད་འབྲིང་ཡོས་ཀྱི་དང༌། ཐ་ཆུང་འབྲུག་གི་དང༌། དབྱར་ར་སྦྲུལ་གྱི་དང༌། འབྲིང་པོ་རྟའི་དང༌། ཐ་ཆུང་ལུག་གི་དང༌། སྟོན་ར་སྤྲེའུའི་དང༌། འབྲིང་པོ་བྱའི་དང༌། ཐ་ཆུང་ཁྱིའི་དང༌། དགུན་ར་ཕག་གི་དང༌། འབྲིང་པོ་བྱི་བའི་དང༌། ཐ་ཆུང་གླང་གི་ཟླ་བར་སྦྱར་ལ། འོན་ཀྱང་བོད་འདིར་ངོས་འཛིན་མི་མཐུན་པ་གསུམ་བྱུང་བ་ནི། འདི་དག་ནག་རྩིས་ལུགས་ཡིན་པས། ཁྱུང་ནག་གི་རྗེས་འབྲང་ཕུག་ལུགས་པ་དག །ཧོར་ཟླ་བཅུ་གཅིག་པ་དཔྱིད་ར་སྟག་ཟླ་ཟེར། འཁྲུལ་སེལ་བ་དང་གཙང་རྩིས་ལུགས་སོགས་མང་ཞིག །ཧོར་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་ཟེར། རྒྱ་ནག་རྙིང་མ་དང་གསོ་དཔྱད་པ་རྣམས་ཧོར་ཟླ་དང་པོ་དཔྱིད་ར་སྟག་ཟླ་བྱེད་པས། གང་གི་རྗེས་སུ་འབྲང་གི་སྐབས་དེ་གཞིར་བཞག་ལ། མཁས་པ་སྟག་ཚང་བས་ནག་རྩིས་འདི་མཁོ་ཡང་བོད་ཀྱི་ཕ་ཇོ་བླུན་པོས་ཤིན་ཏུ་དཀྲུགས་འདུག་གསུངས་པ་བཞིན་དུ་སྣང་ལ། དཔྱད་པ་བྱེད་འདོད་ན་འཁྲུལ་བྲལ་རྩིས་དཀར་ནག་གི་དྲིས་ལན་སྐྱབས་མགོན་མཆོག་གིས་བཀོད་པ་དེར་ལྟོས། ཡང་ཚེས་དང་སྦྱར་ན་དུས་འཁོར་དབྱངས་འཆར་གྱི་ཐ་སྙད་ལྟར་བྱེད་ན་ཟླ་བ་རེ་རེ་ལ་དཀར་ནག་གི་ཆ་གཉིས་འོང་ལ་ཡར་ངོ་ལ་དཀར་ཕྱོགས་དང༌། མར་ངོ་ལ་ནག་ཕྱོགས་སམ་དམར་ཕྱོགས་སུ་དུས་འཁོར་དང་མངོན་བརྗོད་སོགས་ལས་བཤད་ལ་དབྱངས་འཆར་བས་བཟློག་སྟེའང་བཤད་ཅིང༌། དེ་ཡང་ཕྱོགས་རེ་རེ་ལའང་དགའ་བ་དང་བཟང་པོ་དང༌། རྒྱལ་བ་དང༌། སྟོང་པ་དང༌། རྫོགས་པ་ལྔ་ལན་གསུམ་རེ་འཁོར་ཏེ། དཀར་ཕྱོགས་ཀྱི་ཚེས་གཅིག་ལ་དཀར་ཕྱོགས་ཀྱི་དགའ་བ་དང་པོ། གཉིས་པ་བཟང་པོ་དང་པོ། གསུམ་པ་རྒྱལ་བ་དང་པོ། བཞི་པ་སྟོང་པ་དང་པོ། ལྔ་པ་རྫོགས་པ་དང་པོ། ཞེས་སྦྱར་ལ། དེ་བཞིན་དུ་ཆོས་དྲུག་ནས་དགའ་བ་གཉིས་པ་སོགས་དང༌། ཚེས་བཅུ་གཅིག་ནས་དགའ་བ་གསུམ་པ་སོགས་དང༌། བཅུ་དྲུག་པ་ནས་དམར་ཕྱོགས་ཀྱི་དགའ་བ་དང་པོ་སོགས་དང༌། ཉེར་གཅིག་པ་ནས་དམར་ཕྱོགས་ཀྱི་དགའ་བ་གཉིས་པ་སོགས་དང༌། ཉེར་དྲུག་པ་ནས་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་སོགས་སྦྱར་བའི་རིགས་འདྲ་བྱ་ཞིང༌། གནས་ཀྱི་མིང་འབྲི་ན་སྔར་གྱི་མཁས་པ་ཤོང་དཔང་སོགས་ཀྱིས་བསྟན་བཅོས་བསྒྱུར་བ་དང་མཛད་པའི་ཁ་བྱང་དུ་དཔལ་ས་སྐྱའི་དགོན་པར་བསྒྱུར་ཞེས་པ་དང་དེར་མཛད་ཅེས་པ་སྣང་ལ། དེ་བཞིན་དུ་མཁས་པའི་དབང་པོ་རྗེ་རེད་མདའ་བ་དང༌། བསྟན་པའི་བདག་པོ་རྗེ་ཡབ་སྲས་སོགས་ཀྱིས་ཀྱང་ས་སྐྱ་སོགས་དེ་དང་དེར་མཛད་ཅེས་སྣང་བས། དེ་ལྟར་ན་དགོན་གནས་དང༌། ལྷ་ས་ལྟ་བུའི་གནས་དང༌། མང་ཡུལ་ལྟ་བུའི་ཡུལ་དང༌། བླ་བྲང་སོགས་རང་གི་དབང་བྱ་མིན་ཡང་དེ་ན་ཡོད་པའི་ཚེ་དཔེར་ན་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་ཞེས་པ་ལྟ་བུ་ཆོག་འདུག་མོད་ཀྱང༌། ཕྱིས་སུ་ནི་མཁས་པའི་ལུགས་ཅི་འདྲ་ཡོད་མ་ཤེས་པར་མཁས་བླུན་ཀུན་གྱིས་དེ་ལྟར་སྨྲས་ན་ངོ་མཚར་བྱེད་པའི་ཅལ་རྒྱུག་གཅིག་འདུག་པ་ནི་ངོ་མཚར་ཆེ་རྒྱུ་མི་འདུག་རུང༌། འདུལ་བ་ཡུལ་དུས་ཀྱི་དཔེ་ལྟར་བྱས་ན། དཔལ་ལྡན་འབྲས་སྤུངས་ཀྱི་སྤྱིལ་བུ་གཅིག་ནས་ཕུལ་བ་ལྟ་བུ་བྱ་ཞིང༌། དེས་གཞན་ལའང་རིགས་པ་བསྒྲེ་ལ། ལྷག་པར་བྱེ་བྲག་ལག་ལེན་ལ་ཉེ་བར་མཁོ་བ། ༸སྐུ་ཞབས་ཡས་ཕྱིན་སོགས་ལ་འབུལ་བ་ལ། འདུལ་བ་ལུང་ལས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་ཏེ་ཕེབས་པ་ལྔ་སྡེས་མཐོང་ནས་དེ་བཞིན་གཤེགས་པ་ལ་ཞེས་སོགས་མེད་པར་མཚན་ནས་བརྗོད། རུས་སོགས་ནས་འབོད་པའི་ཚེ་དེ་བཞིན་གཤེགས་པ་ལ། དེ་ལྟར་བོས་ན་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་བས་ཞེས་དང་འབྲེལ་བར་རྗོད་ཅེས་སླབས་པ་ལྟར་སྤྱིར་སྐྱེས་བུ་དམ་པ་ལ་ཞེ་ས་མེད་པར་འབོད་མི་རུང༌། ཁྱད་པར་དུ། སྤྱོད་འཇུག་ལས། བདག་ལ་དམིགས་ནས་གཞན་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་གསུངས་པ་ལྟར་རྒྱལ་བ་གོང་མ་དག་གིས། ཁྱེད་ཅག་གིས་ད་ལྟ་ང་ལ་འབྲེལ་བ་འཇོག་དུས་ཡིན། རང་གར་སྡོད་དུས་མིན་གསུངས་པ་དང༌། རྒྱལ་བ་དང་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ལུང་བསྟན་པས་མཚོན་རྨོངས་ཞེན་ལུག་ཆུར་འབབ་པ་ཙམ་མིན་པར་དད་པ་ཆེན་པོས་དྲངས་པའི་ཡོན་ཏན་བརྗོད་ན་བསོད་ནམས་མཐའ་ཡས་པ་ཐོབ་པར་གདོན་མི་ཟ་ལ། རྒྱ་ཆེར་རོལ་པ་ལས། ཁྱོད་ལ་བསྟོད་པ་བསྐལ་བར་བརྗོད་ཀྱང་ནི། །ཁྱོད་ཀྱི་བ་སྤུའི་ཁུང་བུའི་མཐའ་དག་པར། །ཡོན་ཏན་རྒྱ་མཚོ་འཇིག་རྟེན་རྣམ་པར་གྲགས། །དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ། །ཞེས་དང༌། དབུ་མ་འཇུག་པ་སོགས་སུ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་བསྐལ་བ་དུ་མར་བརྗོད་ཀྱང་མཐའ་དག་པར་བརྗོད་མི་ནུས་པར་གསུངས་པ་བཞིན་དུ། རྒྱལ་བ་འདུས་པའི་བདག་ཉིད་རིགས་བརྒྱའི་ཁྱབ་བདག་ཆེན་པོ་འདི་ནི་སྤྲུལ་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་མགོན་པོ་བསྐལ་བཟང་གི་རྣམ་འདྲེན་སྟོང་གི་སྒྱུ་འཕྲུལ་སྤྲོ་མཛད་ཕྱག་ན་པདྨར་ངེས་པས་བ་སྤུ་གཅིག་གི་ཡོན་ཏན་མཐའ་དག་བརྗོད་མི་ནུས་ཀྱང༌། སྐུའི་དབང་ཕྱུག་སོགས་དབང་ཕྱུག་བརྒྱད་དང༌། སྤྱོད་བསྡུས་ལས། སྐུ་ཕྲ་བ་དང་རགས་པ་ཡང༌། །ཞེས་སོགས་ལྟར་དབང་ཕྱུག་གི་ཡོན་ཏན་བརྒྱད་དང༌། འདིར་དབང་ཕྱུག་བརྒྱད་དང༌། དབང་ཕྱུག་གི་ཡོན་ཏན་བརྒྱད་ལ་ཁྱད་ཆེན་པོ་ཡོད་པས་མ་ནོར་བ་གཅེས་ཤིང༌། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་ཡན་ལག་སོགས་ཁ་སྦྱོར་ཡན་ལག་བདུན་ལྡན་དང༌། གྲུབ་པ་བརྒྱད་སོགས་སྔགས་ཀྱི་བསྟོད་པ་དང༌། མདོ་སྔགས་ཐུན་མོང་དུ། རྣམ་ཐར་བརྒྱད། སྙོམས་འཇུག་དགུ། དབང་བཅུ། སྟོབས་བཅུ། མ་འདྲེས་པ་བཅོ་བརྒྱད་སོགས་ལས་བརྩམས་ཏེ། གང་ཆེ་བར་བསྔགས་ནས་བྱ་ལ། དེ་ལྟར་མི་ཤེས་ན། ལྷ་མིའི་གཙུག་རྒྱན་རྣམ་འདྲེན་ཕྱག་ན་པདྨའི་ཞབས་སྟེགས་དབང་གི་རྒྱལ་པོའི་དྲུང་དུའམ། ཡང་ན། རྒྱལ་བ་ཐམས་ཅད་ཀྱི་ཅོད་པན་ཟླ་མེད་སྐྱབས་མཆོག་པད་དཀར་འཛིན་པའི་ཞབས་སེན་ནོར་བུའི་འཕྲེང་མཛེས་འདེགས་པའི་འདབ་བརྒྱ་དམ་པའི་དྲུང་དུའམ། ཡང་ན། རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་མིའི་ཟློས་གར་གྱི་རོལ་པ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འབྱུང་གནས། འཕགས་ཚོགས་དགེ་འདུན་ཀུན་གྱི་མངའ་བདག་དབང་ཕྱུག་བརྒྱད་ལྡན་རྒྱལ་བའི་དབང་པོ་ཕྱག་ན་པདྨོའི་ཞབས་པད་དབང་གི་རྒྱལ་པོའི་དྲུང་དུ། ཞེས་སོགས་གང་འོས་བྱ། དེས་མཉམ་མེད་པཎ་ཆེན་སྤྲུལ་སྐུ་སོགས་ལ་འབུལ་ནའང་རིགས་འདྲ་ཤེས་པར་བྱ་ལ། དེ་བཞིན་དུ་བླ་མ་སངས་རྒྱས་སུ་ལྟ་བ་མདོ་སྔགས་གཉིས་ཀའི་ཐུན་མོང་ཡིན་པས་རང་རང་གིས་ཆོས་ཀྱི་བཀའ་དྲིན་ཞུས་པའི་བླ་མ་དེ་ལ་སངས་རྒྱས་ལྟར་བསྟོད་འོས་ལ། དེའི་ནང་ནས་རང་གི་ཡོན་ཏན་གྱི་གཞིའི་རྩ་བ་ཚུགས་པར་མཛད་པའི་བླ་མ་ནི་རྩ་བའི་བླ་མ་སྟེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཇི་ལྟ་ཇི་སྙེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་པ་སོགས་ལ་ཤིན་ཏུ་བཀུར་བཟོས་བླ་ན་མེད་པ་དགོས། དེ་དག་ནི་ཐག་རིང་པོ་སོགས་ནས་ཡི་གེ་འབུལ་ཚུལ་ཡིན་ལ། སྐུའི་ཉེ་འཁོར་དུ་ཡོད་ཚེ་ཞུ་དོན་དག་ལ་ཐོ་ཙམ་ཕུལ་ཡང་རུང་བས། དེ་ནི་ལགས། ཞེས་བྲིས་ནས་འགྱངས་དང་འབེབས་མ་བྱས་ཀྱང་ཆོག །དེ་ནས་འོག་ཏུ་བསྙུན་འདྲི་སོགས་ཀྱང་མི་དགོས་པར་ཆེད་དུ་ཞུ་འབྲས་དངོས་སྨྲས་ནས། མཇུག་ཏུ་ཡིག་རྟེན་ཡོད་ན་རྟེན་ཆེ་གེ་དང་བཅས་ཟླ་ཚེས་ལ་འཕྲལ་ཕུལ་ཐོའམ། ཟླ་ཚེས་ལ་ཕུལ་བའི་ཐོ་སོགས་བློས་དཔྱད་པས་ཆོག །ལྷ་སྲས་ཀྱི་སྐུའི་སྐྱེ་བར་ལུང་བསྟན་ཞིང༌། ྋསྐུ་ཞབས་གོང་དང༌། སྤྲུལ་པའི་ཆོས་རྒྱལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་པས་ན། གནམ་སའི་དབང་ཕྱུག་སའི་ཚངས་པ་འདི་ནི། སྤྱན་རས་གཟིགས་དབང་ཕྱུག་རང་གི་རྣམ་འཕྲུལ་དུ་སྣང་བས་ཆོས་ཀྱི་དབང་དུ་བྱས་ནའང་བཀུར་བའི་ཡུལ་དུ་སེམས་ལ། བསོད་ནམས་ཀྱི་སྟོབས་ཀྱིས་རིན་པོ་ཆེ་སྣ་བདུན་དང༌། ཉེ་བའི་རིན་ཆེན་སྣ་བདུན་གྱི་གཟི་བྱིན་གྱིས་སྲིད་ན་མངོན་པར་མཐོ་བ། སྔོན་གྱི་རྒྱལ་པོ་སྡེ་ལྔ་ལྟར་སྐྱེ་དགུ་རྫོགས་ལྡན་ལ་འགོད་ཅིང་བློ་གྲོས་ཀྱིས་འཇིག་རྟེན་མེས་པོའི་མཆེད་ཟླ། སྲེད་མེད་ཀྱི་བུ་དང་བདེ་འབྱུང་གཅིག་ཏུ་བྱས་པའི་སྟོབས་དང་ལྡན་པའི་གནམ་སའི་དབང་ཕྱུག་ཆེན་པོའི་ཞབས་དྲུང་དུ་ཞེས་འབེབས་གང་ཆེ་སོགས་འདྲ། ཡང་ན། སའི་ཚངས་པ་གནམ་སའི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་དུ། སོགས་བྱ་ལ་མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་ཡ་གྱལ་བསྟན་འཛིན་ཆོས་རྒྱལ་ཆེན་པོ་རྒྱལ་པོའི་ཁྲིར་རིམ་ཕེབས་ལའང༌། དེ་ལྟར་དུ་རུང་ངོ༌། །འདིར་འཁོར་ལོས་བསྒྱུར་རྒྱལ་གྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནི་ཀུན་ལ་སྒྱུར་བྱེད་ཀྱི་འཁོར་ལོ་རིན་པོ་ཆེ། ཅི་བསམ་འགྲུབ་པའི་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་དམ་ཆ་དགུ་པ། ཡོན་ཏན་བརྒྱད་དང་ལྡན་པའི་བཙུན་མོ་རིན་པོ་ཆེ། བློ་གྲོས་ཀྱིས་ཕ་རོལ་གྱི་སྡེ་ལས་བསྲུང་བ་སོགས་ཀྱི་ཡོན་ཏན་ཅི་རིགས་དང་ལྡན་པའི་ཕུར་བུའི་མཆེད་ཟླ་བློན་པོ་རིན་པོ་ཆེ། རང་བཞིན་གྱི་གླང་པོ་སྟོང་གི་སྟོབས་དང་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་བའི་མྱུར་མགྱོགས་སོགས་དང་ལྡན་པའི་གླང་པོ་རིན་པོ་ཆེ། མདོག་དབྱིབས་བོང་ཚོད་ཕུན་སུམ་ཚོགས་ཤིང་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའི་རྟ་རིན་པོ་ཆེ། རིན་པོ་ཆེའི་མཛོད་དང་ལྡན་ཞིང་གཡོ་སྒྱུ་མེད་ལ་སྐྱེ་བོ་ཀུན་མགུ་བར་བྱེད་པའི་ཁྱིམ་བདག་རིན་པོ་ཆེ་སྟེ། རིན་ཆེན་བདུན་དེ་ལྟར་འདྲེན་ཏེ། ང་ལས་ནུའི་རྟོགས་བརྗོད་ལས། དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་བྱུང་གྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང༌། །ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ཞེས་དང༌། ཛཱ་ལན་དྷ་རི་བའི་སློབ་དཔོན་ཀ་མ་དྷེ་ནུས། སྡོང་པོ་བཀོད་པའི་མདོ་དྲངས་པ་ལས་ཀྱང༌། ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མེད་འགྲོ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། །ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་འཁོར་ལོས་བསྒྱུར། །ཞེས་དང༌། མངོན་པར་བྱང་ཆུབ་པའི་མདོ་དང༌། དབུ་མ་རིན་ཆེན་ཕྲེང་བ་སོགས་མང་ལ། མདོ་དྲན་པ་ཉེར་བཞག་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། འོ་ན་མདོ་དང་རྟོགས་བརྗོད་མི་མཐུན་སྙམ་ན་རྟོགས་བརྗོད་ཀྱི་དམག་དཔོན་ནི་བློན་པོར་བསྡུས་ཀྱང་ཆོག་ལ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས་ཀྱང༌། དེ་གཉིས་གོ་དོན་འདྲ་བར་གསུངས་ཤིང་རིགས་པས་ཀྱང་སྒྲུབ་སླ་ཞིང༌། རིན་ཆེན་བདུན་ལ་འདྲེན་ཚུལ་སྤྱིར་མང་ཡང༌། ཁྱིམ་བདག་མི་འདྲེན་པར་དམག་དཔོན་དང་བློན་པོ་གྲངས་རེ་རེར་འདྲེན་པ་ལ་རིན་ཆེན་གཅིག་ཆད་པའི་སྐྱོན་ཡོད་དེ། ཁྱིམ་བདག་ལ་ནི་སྲིད་མཐའ་ཙམ་མ་གཏོགས་བློན་པོ་དང་དམག་དཔོན་མིན་པ་ཤ་སྟག་ཏུ་སྣང་བའི་ཕྱིར། འདི་ལ་གཡོ་སྒྱུ་དང་གཞན་ལ་གནོད་འཚེའི་སྦྱོར་བ་མི་ལྡན་ཞིང་རིན་པོ་ཆེའི་མཛོད་མི་ཟད་པས་སྐྱེ་བོ་རྣམས་ཀྱི་རེ་བ་སྐོང་བ་ཙམ་དུ་བཤད་པས་སོ། །བློན་པོ་དང་མདུན་ན་འདོན་གཅིག་གམ་མི་གཅིག་སྙམ་ན། འཆི་མེད་མཛོད་ལས། བཀའ་དབང་གྲོས་པ་བློན་པོ་དང༌། །བློན་པོ་ཆེན་པོ་གཙོ་བོ་དང༌། །བློན་པོ་དང་ནི་མདུན་ན་འདོན། །ཞེས་གསུངས་པ་ལྟར་བློན་པོ་ལའང་འདུན་ན་འདོན། །གཅིག་བྱས་ཀྱང་མི་འགལ་ལ། འོན་ཀྱང་འདི་གཉིས་དོན་མི་གཅིག་སྟེ། མདོ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བགྲོ་མི་དང་ནི་དེད་དཔོན་དང༌། །མདུན་ན་འདོན་དང་བློན་པོ་དང༌། །བློན་པོ་ཆེན་པོ་རྟག་ཏུ་འགྱུར། །ཞེས་དེ་གཉིས་སོ་སོར་བཤད་ཅིང༌། དེ་བཞིན་དུ་བློན་པོ་དང་བློན་པོ་ཆེན་པོ་གཉིས་ལའང་ཆེ་ཆུང་སོགས་ཡོད་པས་སོ་སོར་བཤད་ལ། མདོ་དཀོན་མཆོག་ཏ་ལའི་གཟུངས་ལས་ཀྱང༌། གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །དེ་ནི་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིགས་མེད་བསྟན་བཅོས་ཆོ་ག་མཁས། །ཞེས་གསུངས་པ་འདིས་ཀྱང་བློན་པོ་དང་འདུན་ན་འདོན་སོ་སོར་བཤད་ལ། དེར་མ་ཟད་ཁྱིམ་བདག་དང་བློན་པོ་ཡང་དོན་མི་གཅིག་པར་འདིས་ཤེས་པར་བྱ་ཞིང༌། འདི་གཉིས་སོ་སོར་བཤད་པའི་མདོ་གཞན་ཡང་ཡོད་ཅིང༌། ཙ་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ཀྱང༌། མཛངས་ཤིང་བྱ་བ་ཀུན་ལ་མཁས། །གྲུབ་མཐའ་བསྟན་བཅོས་ལ་རབ་སྦྱངས། །རྟག་པར་རྒྱལ་པོའི་བྱ་བ་བསྒྲུབ། །འདི་ནི་བློན་པོ་ཡིན་པར་བཤད། །ཅེས་དང༌། རིག་བྱེད་ཀྱི་ནི་ཡན་ལག་ཤེས། །བཟླས་དང་སྦྱིན་སྲེག་དག་ལ་བརྩོན། །རྟག་ཏུ་ཤིས་པ་བརྗོད་ལ་འགྲུས། །འདི་ནི་རྒྱལ་པོའི་མདུན་ན་འདོན། །ཞེས་བློན་པོ་དང་མདུན་ན་འདོན་སོ་སོར་བཤད་ཅིང་འདི་དག་མཚན་གཞིར་འཛིན་པར་རུང་ཙམ་སྣང༌། འཁོར་བསྒྱུར་ཆེན་པོའི་བློན་པོ་སོགས་ལ་ཡོན་ཏན་ཤིན་ཏུ་ཆེ་ལ། དེས་ན་སངས་རྒྱས་གཉིས་པ་དབྱིག་གཉེན་ཆེན་པོས། བསྟན་བཅོས་དང་འགལ་བ་སླ་ཡི་མདོ་དང་འགལ་བ་དེ་ལྟར་མིན་པར་བཤད་པ་དང༌། རྗེ་བདག་ཉིད་ཆེན་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ལས་ཀྱང༌། ངེད་ཀྱིས་བསྟན་པ་རྣམས་ལ་གསུང་རབ་དང་བསྟན་བཅོས་ཆེན་པོ་རྣམས་ལ་དཔྱོད་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང༌། བརྒྱ་ལ་གལ་ཏེ་གཞུང་ཆེན་མོ་རྣམས་དང་མི་མཐུན་པ་རེ་ཙམ་བྱུང་ན་འདོར་བའི་སྤུས་མན་ངག་ཏུ་འདོད་པ་རྣམས་ལ་འབབས་ཀྱི། གསུང་རབ་ཆེན་པོ་རྣམས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་བར་རྩིས་པོ་ཆེར་བཟུང་དགོས། ཞེས་གསུངས་པ་དང༌། དེའི་རྒྱུ་མཚན་ཡང་རྒྱལ་བ་བྱམས་པས་ཀྱང་རྒྱུད་བླ་མ་ལས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱིས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་པ་གཞན་སུ་ཡོད། །ཅེས་གསུངས་པ་ལྟར་ཡིན་པས། གསུང་རབ་ལ་བག་ཡོད་དགོས་ཀྱི་དྲི་མ་ཅན་བྱེད་ག་ལ་རིགས་སོ། །ཞེས་ཀྱང་འདོམས་པར་བྱེད་ལ། གསུང་རབ་ལ་དྲང་ངེས་རིགས་པ་རྣམ་དག་གིས་ཕྱེ་ནས་སྨྲ་དགོས་པས། བཤད་ཚད་ལ་ཚད་མར་འཛིན་དཀའ་བས། དཔྱད་པ་རྣམ་པར་དག་པས་མཁས་པའི་གསུང་ལ་སྦྱངས་པ་ཞིག་དགོས་སོ། །དེས་ཆེན་པོ་རྣམས་ལ་འབུལ་ཚུལ་འཕྲོས་དང་བཅས་པ་ལེགས་པར་བཤད་ཟིན་ཏོ། །

༈ ཡང་འབྲོམ་སོགས་ཀྱི་ཡིག་བསྐུར་ལས། རང་ལས་ཆེ་ངེས་ཤེས་པ་དང༌། གཉེན་ཚན་རྒན་ལ་དྲུང་ཞུ་ཐོབ །ཅེས་བཤད་པ་ལྟར་ན། ཡིག་མགོ་དང་ཡི་གེ་རན་ཙམ་ལ་ཐོག་མར་བསྐུར་ཡུལ་གྱི་མིང་མཐར་དྲུང་དུ་བྲིས་ནས། འགྱངས་སམ། འབེབས་སོར་དྲུག་ཙམ་བྱས་ནས་འོག་ཏུ་ཞུ་བ། ཞེས་སོགས་ཁམས་འདྲི་དང༌། རང་གི་གནས་ཚུལ་བརྗོད། ཞུ་ཞེས་སྨྲས་ནས་དངོས་དོན་བརྗོད་རྗེས་སུ་ཡི་གེ་རྟེན་མཚོན་དང་བཅས་ཟླ་ཚེས་ལ་ཞུས་ལྟ་བུ་དང༌། ཡིག་བསྐུར་རྣམ་བཞག་ལས། རང་ལས་ཅུང་ཞིག་ཆེ་བ་ལ། །སྤྱན་སྔར་ཞུ་ཞེས་བྱ་བ་ཡིན། །གོང་འོག་སོར་བཞི་ཙམ་ཞིག་བྱ། །ཞེས་པ་ལྟར་ན། མགོར་བསྐུར་ཡུལ་ཆེ་གེ་མོའི་སྤྱན་སྔར་བྲིས། འགྱངས་སོར་བཞི་ཙམ་དང༌། ཞུ་བ་འོག་ཅེས་པའི་ཡི་གེ་སྐྱེས་དང་བཅས་པ་སོགས་ལྟ་བུ། ལྷག་མ་འདྲ་ལ། དེ་བཞིན་དུ། ཡིག་བསྐུར་རྣམ་བཞག་ལས། རང་དང་མཉམ་པ་དག་ལ་ནི། །དྲུང་གི་སྙན་དུ་ཞུ་བ་ཐོབ། །གོང་འོག་སོར་གཉིས་ཙམ་ཞིག་བྱ། །རང་ལས་ཅུང་ཞིག་དམའ་བ་ལ། །སྙན་དུ་ཞུ་བ་ཞེས་བྱ་ཐོབ། །གོང་འོག་སོར་གཉིས་ཙམ་ཞིག་བྱ། །དེ་འོག་ཕྱག་ཏུ་འབུལ་བ་ལ། །འགྱངས་ཡོང་འགྱངས་མེད་གང་བྱས་ཀྱང༌། །གོང་འོག་མེད་པར་ཐད་ཀར་བྲིས། །གཉེན་རིགས་གཞོན་དང་གཡོག་རིགས་རྒན། །བསྐུར་ཡིག་མི་ཐོབ་ཐམས་ཅད་ལ། །མིང་ནས་བཏོན་ལ་ཐད་ཀར་བྲིས། །ཞེས་པ་ལྟར་ན། རང་དང་མཉམ་པ་ལ་ཆེ་གེ་མོའི་དྲུང་དུ་བྲིས། འབེབས་སོར་གཉིས་དང༌། ཞུ་བ་ཞེས་འོག་ཏུ་མི་ཚུད་པར་བྱས་ལ། གཞན་འདྲ། རང་ལས་ཅུང་ཞིག་དམའ་བ་ལ་ཆེ་གེ་མོའི་སྙན་དུ་བྲིས། འབེབས་སོར་གཅིག་བྱས་གཞན་འདྲ། རང་ལས་ཆེས་དམའ་བ་ལ་ཆེ་གེ་མོའི་ཕྱག་ཏུ་བྲིས་ནས་འགྱངས་ཡོད་མེད་གང་བྱས་ཀྱང་ཐད་བྲིས་རུང༌། གཉེན་ཤིན་ཏུ་གཞོན་པ་སོགས་ལ་ཆེ་གེ་མོས་ངེས་རྒྱུར། ལྟ་བུ་བྱས་ཀྱང་རུང་ཙམ་སྣང༌། འདི་དག་ལ་མཇུག་ཏུ་འབྲི་ཚུལ་རིགས་པས་དཔྱད་ཆོག་སྟེ། ལག་ལེན་གང་བདེ་རུང་བར་སེམས་སོ། །ཡི་གེ་ཕར་བསྐུར་ཚུལ་ཡིག་རྙིང་ལྟར་མདོར་བསྡུས་བརྗོད་ཟིན་ཏོ། །

༈ གཉིས་པ་ཚུར་བྱུང་བའི་ཡིག་ལན་བྱེད་ཚུལ་ནི། ཡིག་བསྐུར་རྣམ་བཞག་སྔ་མ་དག་ལས། བླ་མ་སློབ་དཔོན་ཕ་མ་ལ། །བཀའ་ཤོག་གནང་བ་ཕེབས་ཞེས་ཟེར། །ཁྲི་སྐོར་སྐྱོང་བའི་བདག་པོ་ལ། །ཅ་ཧོ་གནང་བ་ཕེབས་ཞེས་ཟེར། །ཡང་ན་ཕྱག་རྟགས་གནང་བ་ཕེབས། །རང་ལས་ཆེ་ངེས་ཤེས་པ་ལའང༌། །ཕྱག་རྟགས་གནང་བ་ཕེབས་ཞེས་ཟེར། །རང་དང་མཉམ་པ་རྣམས་ལ་ནི། །གསུང་ཤོག་གནང་བ་སྨིན་ཞེས་སམ། །ཡང་ན་གསུང་རིས་གནང་བ་སྨིན། །ཕྱག་ཏུ་ཕུལ་བར་གསུང་ཤོག་འཕྲོད། །སྤྲིང་ཡིག་བསྐུར་ཡིག་བདག་པོ་ཡི། །ཡི་གེ་འཕྲོད་དང་རི་མོ་འཕྲོད། །ཅེས་བཤད་པ་ལ། མདོ་ཙམ་སྨྲས་ན། བླ་མ་ཆེན་པོ་དང༌། སློབ་དཔོན་དང༌། ཕ་མ། རྒྱལ་པོ་ཆེན་པོ་དག་ལ་ཡིག་ལན་འབུལ་ན་ཡིག་མགོ་ཡི་གེ་འབེབས་སོགས་ཡིག་བསྐུར་འདྲ་བ། ཞུ་བ། དེང་སྐུ་གཟི་མདངས་རྒྱས་པ་སོགས་ཀྱི་སྙུན་གསོལ་ཆེ་བརྗོད་གང་འོས་ཀྱི་མཇུག་ཏུ་རྣམ་དཀར་གྱི་མཛད་འཕྲིན་གོང་དུ་འཕེལ་བཞིན་པའི་དབྱིངས་ནས། ཕྲན་བུ་ལའང་བཀའ་ཤོག་གམ། ཆབ་ཤོག་གོས་ཡུག་དང་ཇ་ཀོ་ཁྲའི་སྐྱེས་སུ་གནང་བའི་ཕྱག་རྒྱའི་རི་མོ་མ་ཉམས་པ་སྤྱི་བོར་ཕེབས། ཞེས་དང༌། དགའ་སྤྲོ་བྱུང་ཚུལ་དང༌། དངོས་དོན་སོགས་འདྲ་ལ། དེ་ཡང༌། སྐུ་ཞབས་གོང་ལྟ་བུ་ལ་ཞུ་ན། དེང་ཚོགས་གཉིས་བྱེ་བས་བསྐལ་བ་དུ་མར་བསྐྲུན་པའི་སྐུའི་ལྷུན་པོ་ཉེར་འཚེའི་དྲི་བཞོན་གྱིས་གཡོ་བ་མི་མངའ་བར་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དམ་པར་བསྐལ་བརྒྱར་ཞབས་པད་རྡོ་རྗེའི་རང་བཞིན་དུ་བཞུགས་པའི་དབྱིངས་ནས། ཕྲན་བུ་ལའང༌། བཀའ་ཤོག་ལྗགས་ཆབ་རྟེན་འདུས་སམ། ཆེ་གེ་མོའི་སྐྱེས་བཅས་གནང་བ་ཕྱག་རྒྱའི་རི་མོ་མ་ཉམས་པར་སྤྱི་བོར་ཕེབས་པས། ཞལ་གྱི་དཀྱིལ་འཁོར་མཇལ་བ་ལྟ་བུའི་དགའ་སྤྲོ་རབ་ཏུ་དགའ་བའི་ས་ལ་འགྲན་པ་ཐོབ་ལགས་ཞུ་ལྟ་བུ་དང༌། དེས་བླ་ཆེན་དང་སློབ་དཔོན་དག་ལ་རིགས་པ་བསྒྲེ། ཕ་མ་ཡོན་ཏན་མེད་པའི་རིགས་ཅན་ལ། །སྐུ་གཟི་མདངས་རྒྱས་ཞེས་སོགས། ཡོན་ཏན་ཅན་ལ་གང་ལྡན་གྱི་ཡོན་ཏན་དེའི་ངོས་ནས་བྱས་ལ། ཁྲི་སྐོར་སྐྱོང་བའི་དཔོན་པོ་རྒྱལ་པོ་མིན་པའི་རིགས་ལ། ཡིག་མགོ་སོགས་འདྲ་ལ། ཞུ་བ། སྐུ་ལ་སྙུན་གྱི་དྲི་མ་མེད་ཅིང་མངའ་འོག་ལུགས་གཉིས་ཀྱིས་སྐྱོང་བར་མཛད་བཞིན་པའི་ངོས་ནས། ཕྲན་ལ་ཆབ་ཤོག་རྟེན་བཅས་གནང་བ་རི་མོ་མ་ཉམས་པར་ཕེབས་སོགས་དང༌། ཡང་ན། ཕྱག་རྟགས་གནང་བ་ཉམས་མེད་དུ་ཕེབས་སོགས་དང༌། རང་ལས་ཆེ་བ་ལའང་འདི་ལྟར་རོ། །རང་དང་མཉམ་པ་ལ་ཆོས་ཀྱི་ཡོན་ཏན་ཅན་ལ་ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་ལ་གནས་པ་ཉམས་པ་མེད་པའི་ཐད་ནས་གསུང་ཤོག་གནང་བ་འདིར་སྨིན་སོགས་ལྟ་བུ། འཇིག་རྟེན་ཅན་ལ་སྒོ་གསུམ་མཐུན་འཇུག་གི་བྱ་བས་སྐྱེ་བོ་ཀུན་གྱི་སྙིང་གི་ཐིག་ལེ་འགྱེད་པའི་ཐད་ནས་གསུང་ཤོག་གནང་བ་སྨིན་སོགས་ལྟ་བུ་དང༌། རང་གིས་ཕར་ཕྱག་ཏུ་ཕུལ་ཞེས་པ་དང༌། མིང་བཏོན་ཐད་བྲིས་བྱེད་ཡུལ་ལ་གསུང་ཤོག་བསྐུར་བ་འབྱོར་རམ། འཕྲོད་དམ། བྱུང་སོགས་བྱ་ལ། བླ་མ་ཆེན་པོ་དང་རྒྱལ་པོ་ཆེན་པོའི་རིགས་ཀྱིས་ཡིག་ལན་གནང་ན་ཡིག་མགོ་སོགས་འདྲ་ལ། འདིར་ཡི་གེ་རྟེན་བཅས་འཕྲོད་དམ་ཡི་གེ་རྟེན་བཅས་ཀྱི་རི་མོ་མ་ཉམས་པར་འཕྲོད་ལྟ་བུ་སོགས་བྱ་ཞིང༌། འདི་དག་གི་ཡིག་མགོ་ཡིག་རྒྱ་སོགས་བསྐུར་ཡིག་དང་འདྲའོ། །ཡིག་ལན་བྱེད་ཚུལ་ཉུང་གསལ་བཤད་ཟིན་ཏོ། །

༈ གསུམ་པ་ཡིག་རྒྱ་སོགས་ཀྱི་རྣམ་བཞག་ནི། ཡིག་བསྐུར་རྣམ་བཞག་སྔ་མ་དག་ལས། མི་ཆེན་རྣམས་ལ་ཡིག་རྒྱ་ནི། །ཞེང་ཆུང་ཁ་ཡིག་དབུ་ཆུང་དང༌། །འདི་ཞེས་བྱ་བའི་ཞབས་དྲུང་ཕུལ། །གོང་འོག་ཡོངས་ངེས་ཤེས་པར་བྱེད། །དེ་འོག་ཡིག་ཞེང་རན་པར་བྱ། །སྤྱན་སྔར་ཕུལ་དང་སྙན་ཕུལ་ཞེས། །གོང་འོག་ཡོད་ཙམ་བྱེད་པ་ཡིན། །ཕྱག་ཏུ་ཕུལ་དང་འདི་ལ་ཕུལ། །སྤྲིང་ཡིག་བསྐུར་ཡིག་གཉིས་པོ་ལ། །ཡིག་རྒྱ་བྱེད་པ་ཤས་ཆུང་མོད། །གལ་ཏེ་བྱེད་ན་ཞེང་ཆེ་ཞིང༌། །འདི་ཞེས་བྱ་ལ་སྤྲོད་ཅེས་བྱ། །ཞེས་བཤད་པས། བླ་མ་ཆེན་པོ་དང༌། རྒྱལ་པོ་ཆེན་པོ་དང༌། ཁྲི་དཔོན་ལྟ་བུའི་དཔོན་ཆེན་རྣམས་ལ་འབུལ་ཚེ་ཕྱི་ནང་གི་ཡིག་མགོ་དག་ཕྲ་ལ་ཆུང་བའི་འབེབས་མ་གཏོགས་པའི་ཡིག་འཕྲེང་གོང་འོག་གི་བར་ཡང་མི་ཡངས་པར་བྱས་ནས། །ལྟེབ་ལུགས་གཤམ་ནས་ལྟེབ་གཉིས་ཀྱི་ཚད་ཙམ་བཀུག་ལ། བཀུག་མཚམས་དེ་ནས་ལྟེབ་གང་ཆུང་ཆུང་བྱས་ནས་ལེགས་པར་ལྟེབ་ཅིང༌། དགའ་བ་ཀུན་འདུས་ཀྱི་ཡིག་བསྐུར་ལེའུ་ལས། སུམ་ལྟེབ་བྱས་ནས་གཡས་ནས་གཅོག །མཆུ་བཅིངས་སྣེ་མོ་མཆུ་ལ་འདོན། །གསལ་བྱེད་ཡི་གེ་འབྲི་བར་བྱ། །ཞེས་བཤད་པ་ལྟར་གཡས་བཅག་པའི་ཕྱེད་དང་བཞི་ལྟེབ་བམ། སུམ་ལྟེབ་བྱས་པའི་སྟེང་དུ་ཁ་ཡིག་གམ་གསལ་བྱེད་ཀྱི་ཡི་གེ་ལྟེབ་དང་པོའི་སྣེ་ངོས་ལ་བསྐུར་མཁན་རང་མིང་ནས་སྨོས་ཏེ་ཕྲན་བུ་འདི་ཞེས་བྱ་བའི་ཞུ་ཡིག །ལྟེབ་གཉིས་པ་དེའི་རྗེས་མའི་ངོས་ལ་ཡིག་མགོ་དང་བཅས་ཆེ་གེ་མོའི་ཞབས་དྲུང་དུ་ཕུལ་ཞེས་པ་བྲིས་ལ། ཡི་གེ་ལྟེབ་སྣེ་འཆིང་ཐག་གམ་ཧུང་ཐག་ཏུ་གྲགས་པའི་འཆིང་ཐག་ཕྲ་མོའི་སྣེ་ཁ་ཡིག་གི་གཤམ་ནས་ཡར་སྲུབ་ལ་བཅུག་པས་གཡས་སུ་དཀྲིས་ནས་སྣེ་ཡི་གེའི་མཆུ་ངོས་སུ་འོང་བར་དཀྲི་བར་བྱ་ལ། མྱ་ངན་གྱི་ཡིག་རྒྱ་མ་ཡིན་པའི་མཐོ་དམན་གྱི་ཡིག་རྒྱ་ཐམས་ཅད་ལ། དང་པོར་གཤམ་ནས་ཆེ་བར་བཀུག་ནས་ལྟེབ་ལ། མྱ་ངན་སོགས་ལ་གཤམ་ནས་གཅིག་ལྟེབ་རང་བྱེད་པ་ཡིན་སྣང་ཞིང༌། ཧུང་ཐག་ནི་ཆེན་པོས་ཆུང་ངུ་ལ་བསྐུར་ན་ལྷག་ནས་འཛུད། ཆུང་བས་ཆེན་པོ་སོགས་ལ་བསྐུར་ན་གཤམ་ནས་འཛུད་ཀྱིན་འདུག་ལ། དེ་བཞིན་དུ་རང་ལས་ཆེ་ངེས་དང༌། ཅུང་ཟད་ཆེ་བ་དང༌། རང་དང་མཉམ་པ་སོགས་ལ་ཡིག་མགོ་ཡི་གེ་ཧུང་ལ་ཡིག་སྒྲོམ་ཧུང་ཐག་རྣམས་རན་པ་དང་ཅུང་ཆེ་བ་སོགས། ཁ་ཡིག་འབྲི་བ་སྔར་ལྟར་ལ། མཐོ་དམན་ཅུང་ཟད་ཡོད་པ་སོགས་བྱ་ཞིང༌། སུམ་ལྟེབ་དང་ཕྱེད་དང་སུམ་ལྟེབ་དང༌། སྣེ་གཅིག་བཀུག་ཙམ་གྱི་སུམ་ལྟེབ་རྣམས་བྱ་ལ། ཕྱག་ཏུ་ཕུལ་དང་ཐད་བྲིས་དག་ལ་ཉིས་ལྟེབ་སོགས་བྱ་ཞིང༌། བླ་མ་ཆེན་པོ་དང༌། རྒྱལ་པོའི་སྤྲིང་ཡིག་ལྟ་བུའི་བཀའ་ཤོག་ཆེ་བ་དག་ལ་ཡིག་རྒྱ་མི་བྱེད་པའམ། བྱེད་ཀྱང་ལྟེབ་ཞིང་ཡིག་མགོ་སོགས་ཆེ་བ་བྱེད་སྲོལ་གཅིག་སྣང༌། མདོར་ན་ཕལ་ཆེར་ཚད་ལྡན་གྱི་ཡི་གེ་བསྐུར་བ་ལ་བལྟས་པས་ཀྱང་ཤེས་པར་འགྱུར་རོ། །ཡིག་རྒྱ་སོགས་ཀྱི་རྣམ་བཞག་ཉུང་གསལ་བརྗོད་ཟིན་ཏོ། །

༈ བཞི་པ་ཐེའུ་ཚེའི་རྣམ་བཞག་བཤད་པ་ལ། ཡིག་བསྐུར་རྣམ་བཞག་ལས། བླ་མ་སློབ་དཔོན་ཕ་མ་སོགས། །རང་ཉིད་ཕྱག་འབུལ་བྱེད་པ་ལ། །ཚེས་གྲངས་འདི་ལ་ཕུལ་ཞེས་བྱ། །ཞུ་ཡིག་ཕྱེད་ཐད་ཐེའུ་ཚེ་རྒྱག །ཐེའུ་ཚེ་ཡི་གེ་མ་ནོན་འདེབས། །ཐེལ་སྟན་མེད་པར་བྱེད་པ་ཡིན། །དྲུང་དུ་ཞུ་བ་རྣམས་ལ་ནི། །ཚེས་གྲངས་འདི་ལ་ཕུལ་ཞེས་ཟེར། །ཐེལ་ཚེ་ཡིག་སྣ་ནོན་ངེས་རྒྱ། །ཕྱག་ཏུ་ཕུལ་དང་འདི་ལ་ཕུལ། །ཐེའུ་ཚེ་ཡིག་འཕྲེང་གཉིས་ཙམ་ནོན། །སྤྲིང་ཡིག་བསྐུར་ཡིག་གཉིས་པོ་ལ། །ཚེས་གྲངས་འདི་ལ་བྲིས་ཞེས་ཟེར། །ཐེའུ་ཚེ་ཡིག་འཕྲེང་གསུམ་བཞི་ནོན། །ཐེལ་སྟན་གོང་འོག་མཉམ་པར་བྱེད། །ཅེས་བཤད་པ་ལ། འདིར་ཕལ་ཆེ་བ་ནང་གཤམ་གྱི་ཐམ་རྟགས་སུ་སྣང་ཡང་ཕྱི་ནང་གཉིས་ཀ་ལ་རྟགས་ཐམ་བྱེད་ཚུལ་འདྲ་ཙམ་ཡིན་པས། བླ་མ་རྒྱལ་པོ་སོགས་ལ་ཟླ་ཚེས་ལ་ཕུལ་བའི་ཞུ་ཡིག །ཅེས་བྲིས་པའི་ཞུ་ཡིག་ཕྱིའི་རྗེས་སུ་ཐེའུ་ཚེ་ཡི་གེ་མ་ནོན་འདེབས། ཞེས་བཤད་ཀྱང༌། དེང་སང་ནང་དུ་ཐེའུ་ཚེ་བྱེད་པ་ཆེ་ཁྱད་ཡིན་ཟེར་ནས་ཆེན་པོ་ལ་བསྐུར་བ་ལ་ཕལ་ཆེར་མི་བྱེད་པར་སྣང་ལ་རང་ལས་ཆེ་བ་སོགས་དྲུང་དུ་ཞུས་ཐོབ་པ་རྣམས་ལ་ཟླ་ཚེས་ལ་ཞུས་ཞེས་པའི་རྗེས་སུ་ཐེའུ་ཚེ་ཡིག་སྣ་ནོན་ཙམ་བྱེད་པ་དང༌། ཕྱག་ཏུ་ཕུལ་བསྐུར་ཡུལ་དང༌། གང་ཟག་ཆེ་གེ་མོ་ལ་བསྐུར་བ་ལྟ་བུ་གཉིས་ལ་ཐེའུ་ཚེས་ཡི་གེ་ནོན་པར་མ་ཟད་ཡིག་འཕྲེང་གཉིས་ཙམ་ནོན་པ་བྱས་ཆོག་པའི་དོན་དང༌། བླ་མ་དང་རྒྱལ་པོ་ཆེན་པོའི་སྤྲིང་ཡིག་བཀའ་ཤོག་ལ། ཐམ་ཀས་ཡིག་འཕྲེང་གསུམ་མམ་བཞི་ནོན་ཞིང༌། འདི་ལ་ཐེའུ་སྟན་ནམ་ཡི་གེའི་གཤམ་གྱི་ཤོག་བུ་སོར་བརྒྱད་གོང་དང་མཉམ་པ་བྱ་ལ། ཡིག་གཤམ་ཆེ་བ་འབུལ་མཁན་རང་ཉིད་ཀྱི་ཆེ་བ་ཡིན་པས། བླ་མ་དང་ཕ་མ་ལྟ་བུ་ལ་འབུལ་ན། དེ་ལྟར་མི་རུང་བས་ཡིག་གཤམ་ཆུང་བ་བྱ་ལ། གཞན་ཅུང་ཟད་བཞག་པ་སོགས་རིགས་པས་དཔྱད་ཅིང༌། བླ་མ་དང་རྒྱལ་པོ་ཆེན་པོའི་རིགས་ཀྱི་ཧུང་ཐག་སྟེང་དུ་ཐམ་ཀ་གྲུ་བཞི་པ་མགོ་ཧུང་ལའི་སྣེ་མོར་འཕྲེད་བསྟན་དང༌། བསྐུར་ཡུལའང་ཆེ་ན་ཐམ་ཀའི་མགོ་བསྐུར་ཡུལ་གྱི་མིང་ངོས་འཁྱོག་ཙམ་དང༌། ཆེ་གེ་མོའི་བཀའ་ཤོག་ཅེས་པའི་མཐར་རྟགས་ཐེའུ་འདེབས་ལ། དམའ་བས་བླ་མ་སོགས་མཐོན་པོ་ལ་འབུལ་ན་ཧུང་ཐག་སྟེང་དུ་ཐམ་ཀ་ཧུང་ལའི་དཀྱུས་སུ་བཏབ་པ་ལྟ་བུ་ཐམ་ཀའི་མགོ་བསྐུར་ཡུལ་ངོས་དང༌། ཞུ་ཡིག་གི་རྗེས་སུ་ཡི་གེ་མ་ནོན་པར་རྟགས་ཐེའུ་བྱེད་ལ། དྲུང་དུ་ཕུལ་ལ་ཧུང་ཐེའུ་མགོ་དཀྱུས་སུ་རྩེར་བསྟན་ཙམ། ཞུ་ཡིག་གི་རྗེས་སུ་རྟགས་ཐེའུ་ཡང་ཡི་གེ་ནོན་ངེས་སོགས་རིགས་པས་དཔྱད་སླའོ། །ཡིག་རྙིང་འདི་དག་ཕལ་ཆེར་གཞིར་བཞག་སྟེ་བྲིས་སོ། །ཡིག་རྙིང་འདི་དག་གི་ཚིག་སྦྱོར་ལེགས་རྒྱུ་རང་མི་འདུག་ཀྱང་དོན་སྣ་ཚང་ཙམ་སྟོན་པར་སྣང་བས། བྱང་ས་ལས། ཕལ་བའི་ཚིག་གིས་སྟོན་ན་ཡང༌། ཚིག་ལ་མི་སྟོན་དོན་ལ་སྟོན་པས་ལེན་པར་བཤད་པ་ལྟར་བྱས་སོ། །དེས་ཕྱི་ནང་གི་ཐམ་ཐེའུ་བྱེད་ཚུལ་ཡང་ཉུང་གསལ་བརྗོད་ཟིན་ཏོ། །

༈ ལྔ་པ་ཞར་བྱུང་ཐོག་མཐའ་བར་དུ་དགེ་བའི་རྒྱུ་ཆོས་ལ་གནས་པར་གདམས་པ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དང༌། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་པ་ལྟར་ཤེས་རབ་མེད་པར་ཉོན་མོངས་པ་སོགས་སྤོང་ཐབས་མེད་ལ། རྒྱུད་བླ་མ་ལས། ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང༌། དཔལ་ལྡན་དཔའ་བོས་ཀྱང༌། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཞེས་སོགས་དང༌། འཛམ་གླིང་གི་རྒྱན་མཆོག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སྐྲ་དཀར་གཉེར་མ་ལྷགས་དུས་སུ། །ཐོས་པ་བསགས་པར་བྱ་བ་སྟེ། །གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་ཐོས་པ་ནི། འདི་ཕྱི་གཉིས་ཀའི་ནོར་དུ་རུང་ལ་སྐྲ་དཀར་དང་གཉེར་མ་སོགས་རྒ་བའི་སྡུག་བསྔལ་གྱིས་ནང་པར་འཆི་ཡང་སློབ་རིགས་པར་བཤད་པ་མདོ་བསྟན་བཅོས་མཐའ་ཡས་པ་ཞིག་ཡོད་ན། ཐོས་པ་བྱེད་ཚུལ་ཡང༌། ཁེངས་པ་དང་རྟག་འཛིན་སོགས་དགེ་བའི་བཤེས་གཉེན་མི་མཉེས་པའི་ལས་རྣམས་སྤངས་ཏེ་ཡུལ་མཐོ་དམན་གང་ཡིན་ཀྱང་ཚད་ལྡན་ལས་ཡོན་ཏན་སྣ་ཚོགས་ལེན་པ་ཞིག་སྟེ། དཔལ་མགོན་ཀླུས། ཡོན་ཏན་དག་ལ་འབད་བྱ་ཡིས། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །བ་ནི་འོ་མ་མེད་པ་ལ། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། །ཞེས་དང༌། རྗེ་རྒྱལ་བ་གཉིས་པའི་སྤྱན་སྔ་གྲགས་བྱང་བའི་རྟོགས་པ་བརྗོད་པའི་སྙན་ངག་བྱིན་རླབས་ཀྱི་ལྷུན་པོ་ལས། ལེགས་བཤད་དགའ་སྟོན་མྱོང་བའི་གེགས། །ཁེངས་པ་དོར་ནས་མཁས་པ་བསྟེན། །རབ་འབྱམས་གསུང་རབ་དོན་ལ་སྦྱངས། །ཚིག་རྒྱན་གཞུང་ལ་འདྲིས་པར་བྱས། །ཞེས་དང༌། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར། །ལང་ཚོ་མི་སྡོད་རི་གཟར་རྒྱུག་པའི་ཆུ། །དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས། །བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན། །ཞེས་གསུངས་པ་ལྟར་མི་རྟག་པ་དང་ངེས་འབྱུང་སྐྱེས་ན་གསུང་རབ་ཚོལ་དགོས་ཀྱི་འཆི་བར་འདུག་གོ་སྙམ་ནས་ཆོས་བོར་ན་སྐྱིད་པ་སོགས་འོང་ཐབས་བྲལ་བས་སྲིད་འབྱོར་ལ་སྙིང་པོ་མེད་པར་བསམ་ནས་ཆོས་ཁོ་ན་ལ་ནན་ཏན་བྱ་རིགས་ལ། དེ་ཡང༌། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འཐོབ་སྟེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་རྩ་འགྲེལ་དང༌། ཤིང་རྟ་ཆེན་པོ་ཐོགས་མེད་ཞབས་ཀྱིས། བྱང་སའི་ཆོས་ཚོལ་གྱི་ལེའུ་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བས། ཅི་ཞིག་ཚོལ། ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། ཞེས་དང༌། རིག་པའི་གནས་ཀྱིས་བསྡུས་པ་དེ་དག་ཐམས་ཅད་རིག་པའི་གནས་ལྔ་པོ་དག་ཡིན་ཏེ་ནང་རིག་པ་དང༌། གཏན་ཚིགས་རིག་པ་དང༌། སྒྲའི་རིག་པ་དང༌། ནད་གསོ་བའི་རིག་པ་དང༌། བཟོ་དང་ལས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔའ་ཚོལ་བ་གང་ཡིན་པ་རིག་པའི་གནས་ལྔ་པོ་འདི་དག་ཡིན་ཏེ། དེ་ལྟར་ན་དེས་རིག་པའི་གནས་ཐམས་ཅད་བཙལ་བ་ཡིན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་རིག་པའི་གནས་ལྔ་པོ་འདི་དག་ཚོལ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཆོས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཐམས་ཅད་ལ་དེ་ལྟར་མ་བསླབ་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ། །ཞེས་དང༌། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབ་ན་ནི། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། མདོ་བསྟན་བཅོས་མང་པོ་ནས་བཤད་པའི་རིག་གནས་ཆེ་བ་ལྔ་དང་འདིར་མ་འདུས་པ་མེད་པར་བྱང་སའི་ལུང་དྲངས་ཟིན་པ་ལྟར་ཡིན་པས། བཅུ་སོགས་ངེས་ཅན་དུ་དབྱེ་མི་དགོས་ཀྱང༌། བཅུར་དབྱེ་ན་འཇམ་བསྟོད་ཏམྦུ་རའི་རྒྱུད་མང་ལས། སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང༌། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གཞུང༌། །སྐར་རྩིས་བཅུ་ཕྲག་རིག་པའི་གནས་རྣམས་ལ། །ཞེས་གསུངས་པ་ལྟར་སྒྲ་ལས་ཚིག་ཉམས་སོགས་ཀྱི་སྙན་ངག་དང༌། བྱིངས་སོགས་སྒྲུབ་ཚུལ་གྱིས་མིང་གཅིག་དོན་དུ་མ་སོགས་ལ་འཇུག་པས་མངོན་བརྗོད་དང༌། ཡི་གེ་ལྕི་ཡང་ལྡེབ་སྦྱོར་དང་ལེགས་སྦྱར་དང༌། རང་བཞིན་སོགས་སྐད་སྣ་ཚོགས་འདུས་པ་ལ་ཟློས་གར་བཞིར་དབྱེ་ལ། བཟོ་ལས་སྐར་རྩིས་ཕྱེ་བས་བཅུར་འགྱུར་རོ། །གང་ཡང་སྔ་ཕྱི་མང་པོས་སྒྲ་རེས་རིག་གནས་ཆེ་བ་དང༌། རེས་ཆུང་བར་འཆད་པ་ནི་རིག་གནས་ཆེ་ཆུང་གཉིས་ཀར་ཁས་བླངས་ན་རང་ཚིག་ཤིན་ཏུ་འགལ་ཞིང་དོན་ལའང་ཆེ་ཆུང་མི་འགལ་བར་འདོད་ན་བཟང་ངན་དང་ཤར་ནུབ་དང་རིང་ཐུང་དང་རང་གཞན་དང༌། དགྲ་གཉེན་སོགས་ལྟོས་བཅས་མཐའ་ཡས་པ་དོན་གཅིག་པར་འགྱུར་བའི་གནོད་པ་འབབ་ལ། མདོ་བསྟན་བཅོས་དག་ནས་སྒྲ་ཆེ་བ་ལྔ་པོ་དེའི་གྲྭར་བཤད་པས། ཆུང་གྲྭར་འབེབས་པའི་ཉེས་མེད་ཀྱི་ཆད་གཅོད་སྨྱོན་ཧམ་མི་གནང་བ་གཅིག་མཁྱེན་ཞུས་ན་ག་འདྲ་འོངས་ཞེས་བཞད་གད་སྦྲག་པ་འབུལ། དེ་ལྟར་རིག་གནས་ལྔའམ་བཅུ་སོགས་ལ་སྦྱངས་པའི་སྙིང་པོའང༌། རྗེ་རྒྱལ་བ་གཉིས་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཞེས་གསུངས་པ་ལྟར། ཀུན་ཉོན་དང་རྣམ་བྱང་གི་ཆོས་ཕྲ་ཞིང་ཕྲ་བ་དག་ཀྱང་མ་འདྲེས་པར་སོ་སོར་ཕྱེད་པའི་རྣམ་དཔྱོད་དང༌། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་བཀའ་དགོངས་འགྲེལ་དང་བཅས་པ་གདམས་པར་ཤར་བའི་ཉམས་ལེན་དང༌། སྒྲ་དོན་རྒྱན་གྱི་སྤུད་པའི་བཅད་ལྷུག་གི་ངག་སྦྱོར་ལ་མཁས་པ་གསུམ་ནི་འཇིག་རྟེན་ན་དཀོན་པ་དང་འདོད་པ་འཇོ་བའམ་དགོས་དགུ་འབྱུང་བ་དང༌། རང་གཞན་ལ་རྨད་དུ་བྱུང་བའི་དགའ་བ་སྐྱེད་པས་ལྷའི་དབང་པོའི་གཙུག་རྒྱན་དང་འདྲ་ཞིང་མཁས་པའི་ཡིད་འཕྲོག་པའི་རིན་ཆེན་འདི་ཁོ་ན་ལེགས་པས་འདི་གསུམ་མ་རྙེད་ཀྱི་བར་དུ་བཙལ་རིགས་ཏེ། རྗེའི་གསུང་དེ་ལས། འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ། །རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས། །རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས། །མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན། །ཞེས་གསུངས་པའི་ཕྱིར་ན་དེ་གསུམ་རྙེད་དགོས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་འོང་བ་ལའང་འཕགས་པ་ཡབ་སྲས་དང༌། རིགས་སྨྲ་ཀུན་གྱི་གཙུག་རྒྱན་ཕྱོགས་གླང་ཆོས་གྲགས་ཀྱི་གཞུང་སྟེ་དབུ་ཚད་རིགས་ལམ་ལ་སྦྱངས་པ་ངོམས་མི་སླ་བ་གཅིག་བྱས་ནས་བློ་གྲོས་ཀུ་ཤའི་རྩེ་སོགས་འདྲ་བ་གཅིག་དགོས་ཏེ། དེ་ཉིད་ལས། དེ་ཕྱིར་བློ་གྲོས་ཕྲ་ཞིང་མཛངས་པ་དང༌། །ཀུ་ཤའི་རྩེ་ལྟར་མ་གྱུར་དེ་སྲིད་དུ། །ངོམས་མི་སླ་བར་རིགས་པའི་གཞུང་ལུགས་ལ། །མཁས་པའི་བཤེས་ལ་བརྟེན་ཏེ་ལེགས་པར་སྦྱངས། །ཞེས་གསུངས་ལ། གཞུང་ལུགས་གདམས་པར་ཤར་ཚུལ་དང་དེའི་བསྔགས་པའང༌། དེ་ཉིད་ལས། ད་ལྟ་ཉིད་ནས་སངས་རྒྱས་ས་ཡི་བར། །ལེགས་པར་འཁྲིད་པའི་ཟབ་མོའི་གདམས་པ་ལ། །ནང་བྱན་ཆུད་པས་བཀའ་དང་དགོངས་འགྲེལ་ཀུན། །གདམས་པའི་མཆོག་ཏུ་ཤར་ལ་མཁས་པ་ཟེར། །ལྷག་མ་ནེ་ཙོའི་འདོན་པ་ལྟ་བུ་དང༌། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་གསུངས་ལ། དེ་བཞིན་དུ་ཆོས་རྗེ་ས་པཎ་གྱིས་ཀྱང༌། མཁས་གང་ཤེས་བྱའི་དེ་ཁོ་ན། །དེ་ཉིད་རྟོགས་དེ་མཁས་པ་ཡིན། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་ཞེས་གྲགས། །ཞེས་གསུངས་པ་ལྟར་མཁས་པར་བྱས་ནས། དེའི་རྗེས་སུ་ཉམས་སུ་ལེན་དགོས་པ་ནི། རིན་པོ་ཆེ་གསུམ་གྱི་གཏམ་ལས། དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །བཟླས་པར་བྱས་ན་དེ་ལས་བསླུས་པ་གང༌། །ཆུས་ཁྱེར་འགའ་ཞིག་སྐོམ་ནས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱིས་འཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །དེ་ཕྱིར་གང་བསླབ་གདམས་པར་ཤར་བ་གཅེས། །ཞེས་དང༌། ཞི་བ་ལྷས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བཀླག་པས་ཅི་ཞིག་ཕན། །སྨན་དཔྱད་བཀླག་པ་ཙམ་ཞིག་གིས། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་དང༌། ཕལ་ཆེན་དང༌། ལྷག་བསམ་དག་པ། ཏིང་འཛིན་རྒྱལ་པོ་སོགས་ལས་ཀྱང་བཤད་པས། གསུང་རབ་གདམས་པར་ཤར་ནས་ཉམས་སུ་ལེན་པ་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་གཅིག་པའི་ལམ་ཡིན་ཞིང༌། ཚིག་སྦྱོར་བྱེད་ཚུལ་ཡང༌། དེ་ཉིད་ལས། དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན། །ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང༌། །རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། །དོན་བཟང་པ་དང་ཚིག་འབྲུ་བཟང་བ་ཞེས། །གསུངས་ཤིང་ཤིན་ཏུ་དཀར་པའི་ཁང་བཟང་ལའང༌། །བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན། །དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །ཞེས་གསུངས་པ་ལྟར། དོན་བཟང་ལ་ཚིག་སྦྱོར་ཡང་ཤིན་ཏུ་ལེགས་པར་བྱས་ན་ཚིག་དོན་གཉིས་ཕན་ཚུན་གཅིག་གིས་གཅིག་མཛེས་པས་ཡིད་འཕྲོག་པའི་དཔེ། དཀར་བའི་རིའམ་ཁང་བཟང་ལ་ཟླ་འོད་ཕོག་པས་ཕན་ཚུན་ཆེས་ཆེར་དཀར་བ་ལྟ་བུར་མཛེས་ཏེ། དཔེར་ན་དཔལ་སྡེའི་རྟོགས་བརྗོད་ལས། ཀྱེ་མ་བདག་ཉིད་ཆེ་སྤྱོད་ཚུལ། །རྒྱ་མཚོ་བས་ཀྱང་ཤིན་ཏུ་ཟབ། །རི་རབ་བས་ཀྱང་ཡང་དག་མཐོ། །མཐོ་རིས་པས་ཀྱང་ངོ་མཚར་བཅས། །ཀྱེ་མ་སྲོག་ནི་འགྲོ་ན་ཡང༌། །སྙིང་སྟོབས་རྒྱ་མཚོ་སྙིང་སྟོབས་ལྡན། །དམ་པ་ཡ་ངར་ལྷུང་ན་ཡང༌། །ཆེན་པོ་ཉིད་ནི་མི་ཉམས་བཞིན། །ཞེས་དང༌། གཙུག་ནོར་གྱི་རྟོགས་པ་བརྗོད་པ་ལས། ལོངས་སྤྱོད་སྐད་ཅིག་ཁོ་ནས་འབྲལ་བའི་ངང༌། །འབྱོར་བ་རྨི་ལམ་བག་མ་ལེན་དང་མཚུངས། །བདེ་བའི་དཔལ་ནི་རླུང་བསྣུན་མར་མེའི་རྩེ། །སྲིད་པའི་སྤྱོད་ཚུལ་འདི་དག་སྨྱོན་པའི་གར། །སྙིང་རྗེ་ཀུན་གྱིས་བསྟེན་བྱ་དཔལ་འབྱོར་མིན། །དམ་ཆོས་རྟག་ཏུ་གསལ་བྱེད་མར་མེ་མིན། །གྲགས་སྙན་རྣམས་ཀྱིས་དགའ་ལྡན་ན་ཆུང་མིན། །བསོད་ནམས་དག་ནི་བརྟན་ལྡན་འཚོ་བ་མིན། །ཞེས་ཚིག་དོན་གང་ལ་བསམ་ཀྱང་ཡིད་འཕྲོག་པ་ལྟ་བུ་གཅིག་འབྱུང་ལ། སྦྱོར་ཚུལ་རིན་པོ་ཆེ་གསུམ་གྱི་གཏམ་ལས། དམར་སེར་ཅན་དང་རྒྱལ་བའི་ལྷས་བཀོད་པ། །བྲྀཏྟ་དང་ནི་ཛཱ་ཏི་ཞེས་བྱ་བའི། །སྡེབ་སྦྱོར་ཇི་བཞིན་བོད་སྐད་ལ་མེད་ཀྱང༌། །ཚིགས་བཅད་ལྷུག་པ་གཉིས་ཀ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡིས། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིགས་བཅད་ཚུལ། །སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར། བོད་སྐད་ལ་སྡེབ་སྦྱོར་མི་འོང་ཡང༌། མེ་ལོང་མའི་ལེའུ་དང་པོར་བཤད་པ་བཞིན་ཚིགས་བཅད་འབའ་ཞིག་པ་དང༌། ལྷུག་རྐྱང་དང༌། དེ་གཉིས་སྤེལ་བའི་ཙམྦུ་གང་འབྱོར་ཡང༌། དཎྡྲིས། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་འགལ། །ལུང་རིག་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་མཁན་གྱིས་སྤང་བར་བྱ། །ཞེས་གསུངས་པའི་སྐྱོན་བཅུ་དང་གྲོང་ཚིག་ཡང་ཤིན་ཏུ་སྤང་དགོས་ལ། འདིའི་གྲོང་ཚིག་ལ་ནི་མེ་ལོང་ལས། བ་ལང་རྫི་ལ་སོགས་པའི་ཚིག །སྙན་ངག་ལ་ཟུར་ཆག་ཅེས་གནས། །ཞེས་དང༌། སྨྲ་བ་རྣམ་ངེས་རབ་དགའི་འཇུག་པ་ལས། རྒྱ་ཆེན་གཞུང་ལུགས་དགོངས་དོན་འགྲེལ་བ་ཡིས། །ཡི་གེའི་རྩོམ་པ་མང་དུ་སྦྱར་ན་ཡང༌། །གྲོང་ཚིག་བླུན་པོའི་ཐ་སྙད་ཁྱུ་འཁྲིགས་པས། །འཇིག་རྟེན་ལོང་གཏམ་བྲིས་པའི་རྣམ་པ་མཚོན། །སྡེབ་ལེགས་ཚིག་སྦྱོར་སྙན་ངག་ལུས་མཛེས་ལ། །རྒྱན་མང་མདངས་ཀྱིས་རྣམ་པར་བཀྲ་ན་ཡང༌། །གྲོང་ཚིག་གཅིག་གིས་སྙན་ངག་སྐལ་ངན་བྱེད། །རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་བོད་འདིར་སྔར་གྱི་བཀས་བཅད་དང་མི་མཐུན་པའི་ཡུལ་སྐད་བྲིས་ནས་ཚིག་སྡུད་སོགས་བྱེད་ཁུལ་བྱས་ཀྱང་ཡ་སོ་ཅན་གྱི་བ་ལང་གི་མཚོན་བྱེད་ཡང་དག་ཏུ་འགྲོ་བས་མཁས་འདོད་རྣམས་ཀྱིས་སྤང་བར་རིགས་ལ། ལྷུག་པར་ཚིག་སྦྱོར་བྱེད་ཚུལ་གྱི་དཔེ་ནི། རྒྱལ་བའི་གསུང་རབ་པདྨོའི་འཕྲེང་བ་མགུལ་བར་བཅིང་པའི་སྙན་ངག་མཁན་གྱི་དབང་པོ་མཁས་གྲུབ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་རྟོགས་བརྗོད་ལས། ནགས་ཀྱི་སྨན་ལྗོངས་མེ་ཏོག་རབ་ཏུ་རྒྱས་པའི་ཀུན་དགའ་སྐྱེད་པའི་འཇོ་སྒེག་ཅན། སྦྲང་རྩིའི་དོག་པ་ལག་པ་དག་ལ་རྣམ་པར་འགོད་ཅིང་དྲི་ཟའི་རྒྱུད་མང་ཧ་ཅང་སྒྲ་གྲག་པ་མ་ཡིན་པར་སྦྲེངས་པ་དང་མཚུངས་པའི་གླུ་དབྱངས་སྙན་པས་རྣ་བའི་བཅུད་ལེན་སྤྲོ་བར་བྱེད་པའི་བུང་བའི་ཚོགས་ཀྱི་རོལ་རྩེད་དང་འགྲོགས་པས་རབ་ཏུ་བརྒྱན་པ། རབ་ཏུ་ལྗང་ཞིང་ཅུང་ཟད་སེར་བའི་ཡལ་འདབ་ཅན་གྱི་ལྗོན་པ་དག་ནི་མགོ་བོ་དུད་དེ། འབྲས་བུ་སྨིན་པའི་དགའ་སྟོན་ནགས་ཀྱི་དཀའ་ཐུབ་པ་དག་ལ་སྟེར་བར་བརྩོན་ཞིང༌། མཇུག་སྒྲོ་རབ་ཏུ་རྒྱས་པའི་རྨ་བྱ་གར་གྱིས་རོལ་ཞིང་རྩེད་འཇོ་ལ་མཆོག་ཏུ་གཞོལ་བ། མུ་ཏིག་གི་དོག་པས་ནོར་བུ་ཆུ་ཤེལ་བཞུས་པའི་ཁུ་བ་འབབ་པ་དང་འགྲན་པར་ནུས་པའི་ཆུ་རབ་ཏུ་དྭངས་པ་དལ་བུས་འབབ་པ། ནགས་ཚལ་མཆོག་ཏུ་སྟུག་པོས་འདུ་འཛིའི་ཆོམ་རྐུན་ལ་སྒྲིབ་པའི་དཀའ་ཐུབ་བླངས་པ་ལྟ་བུའི་བས་མཐའ་དག་ཏུ་འཁྲི་ཤིང་རྒྱས་པའི་གྲིབ་བསིལ་ལ་འཇམ་ཞིང་སྲེད་པ་འགོག་པ་དང་རྗེས་སུ་མཐུན་པའི་རྩྭའི་གདན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དྲན་པ་ཉེ་བར་བཞག་ནས་ཚུལ་བཞིན་ཡིད་ལ་བྱས་པས། བསམ་གཏན་གྱིས་རབ་ཏུ་མྱོས་པའི་མིག་གི་ཕྱེད་ཡེངས་སུ་ཟུམ་ཞིང༌། འཕགས་པའི་མི་སྨྲ་བ་ལ་གནས་པའི་མཆུ་སྒྲོས་དག་ནི་གཡོ་བ་མེད་པས་རི་མོར་བྲིས་པ་དག་ཏུ་དོགས་པ་སྐྱེད་པར་བྱེད་ལ། ཡིད་ནི་ཏིང་ངེ་འཛིན་གྱི་ལང་ཚོ་ཡོངས་སུ་རྒྱས་པས། ཞེས་སོགས་ལྟ་བུ་གཅིག་དགོས་ཤིང༌། དེ་ལ་ཡང་འཆི་མེད་མཛོད་ལས། སྒེག་པ་དཔའ་བོ་སྙིང་རྗེ་དང༌། །རྔམ་དང་རྒོད་དང་འཇིགས་སུ་རུང༌། །མི་སྡུག་དྲག་ཤུལ་ཉམས་རྣམས་སོ། །ཞེས་གསུངས་པ་ལྟར་ཉམས་བརྒྱད་དམ། བླ་མེད་སོགས་ནས་བཤད་པའི་ཉམས་དགུ་སོགས་གང་རུང་ལས་བརྩམས་པ་ན། སྒེག་པའི་ཉམས་ཀྱི་སྐབས་མི་སྡུག་པ་ལྟ་བུའི་ཉམས་ཐོན་བྱུང་ན་སྐྱོན་དུ་འགྱུར་བས་ཉམས་གང་ལའང་སྐབས་དེར་ཚིག་དོན་གང་ཡིན་གྱི་ཉམས་དེ་དང་མཐུན་པ་གཅིག་སྦྱར་དགོས་ཤིང༌། ཁྲོ་ཉམས་ཀྱི་སྐབས་ཚིག་ཡང་བརྗོད་དཀའ་ལ་དོན་ཡང་ཁྲོ་བའི་རོ་ལྡན་སྦྱར་ལ་ཞི་ཚིག་གམ་ཞི་ཉམས་བྱུང་ན་སྐྱོན་དང༌། ཞི་བའི་སྐབས་ཚིག་འཇམ་དོན་ཞི་དང་སྦྱར་ལ་ཚིག་རྩུབ་དང་ཁྲོ་ཉམས་སྐྱོན་ཡིན་ཚུལ་སོགས་ཤེས་པར་བྱ་ལ། ཡུལ་མཐོ་དམན་གང་ལ་འབུལ་ཀྱང་ཁེངས་པ་དང་ང་རྒྱལ་དང་དྲེགས་པ་བྱེད་པ་མི་རུང་སྟེ། རྟོགས་བརྗོད་རིན་པོ་ཆེ་ལས། བག་མེད་རྒུད་པའི་ཕོ་ཉ་ནི། །ཆེ་རྣམས་ཀྱིས་ཀྱང་བཟོད་པར་དཀའ། །རིགས་ནི་ཉམས་པ་ཉིད་ཀྱི་སླད། །སྡིགས་པས་འཁྲུག་པའི་བློ་གྲོས་སོ། །ཞེས་དང༌། མ་གོམས་པ་ཡིས་རིག་པ་འཇོམས། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས། །རྣམ་སྡང་གིས་ནི་ལེགས་ཉིད་འཇོམས། །ཆགས་པས་ཡང་དག་མཐོང་བ་འཇོམས། །ཀྱེ་མ་ཀ་ཡེ་དར་རྒྱས་ཆེ། །ཆེ་ཞིང་མཐོ་བའི་རྩེར་འཛེག་པ། །འབྱོར་བས་རྒྱགས་པ་སྐྱེས་པ་རྣམས། །འཕྲལ་ཉིད་དུ་ནི་འོག་ཏུ་ལྟུང༌། །ཞེས་དང༌། གྲོ་བཞིན་བྱེ་བ་ཉི་ཤུའི་རྟོགས་བརྗོད་ལས། འཕྱར་བ་སུ་ཡི་སྡང་བྱ་མིན། །རབ་རྒྱུད་སུ་ཡི་སྙིང་སྡུག་མིན། །ལྗོན་པ་རེངས་པ་རླུང་གིས་སྒྱེལ། །རབ་ཏུ་དུད་པ་སྲུང་བར་བྱེད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང༌། །ཁེངས་པ་ཉིད་དུ་མི་བགྱི་ཞིང༌། །ཡི་དྭགས་བཞིན་དུ་དབུལ་བ་ཡིས། །རྒུད་པས་ཀྱང་ནི་ཞུམ་མི་བགྱི། །ཞེས་དང༌། རང་གི་ཡོན་ཏན་མི་བསྔགས་ཤིང༌། །དགྲ་ལ་ཡོན་ཏན་བརྗོད་པར་མཛོད། །ཅེས་དང༌། ལམ་རིམ་སོགས་ལས་གཞན་ལ་གུས་པ་རིགས་མཐོའི་རྒྱུར་བཤད་པ་སོགས་ཤིན་ཏུ་མང་ཞིང༌། ཁྱད་པར་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་ཞུས་པ་ལས། འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་ཏུ་རབ་བྱུང་ནས། །ལྟ་བ་ཐ་དད་གྱུར་པ་ཡིས། །སེམས་ཅན་རྣམས་ནི་ཡོངས་སུ་གྲོལ། །ཟླ་བའམ་ཉི་མར་དེར་འགྱུར་ཏེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང༌། །ཆུ་དང་གསེར་ཡང་རབ་འགྱུར་ཏེ། །ས་དང་རླུང་ཡང་དེ་བཞིན་ནོ། །ཞེས་དང༌། གཞན་ཡང༌། དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་བྱེད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་ཟླ་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །ཞེས་སོགས་གསུངས་པ་ལྟར། ཡུལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་སེམས་ཡོད་མེད་སྐྱེ་དགུ་སྣ་ཚོགས་སུ་སྐྱེ་བ་འཛིན་པས། དེ་དག་ལ་ཕན་གནོད་ཕྲ་མོ་རེ་བྱས་པས་ཀྱང་སྐྱེ་བ་དུ་མར་རྣམ་སྨིན་མྱོང་བར་ལུང་དང་དེའི་དགོངས་འགྲེལ་རྣམས་ནས་འབྱུང་བ་ལྟར་ཡིན་པས། འདི་དག་ལ་བག་ཡོད་ཤིན་ཏུ་དགོས། དེ་ཡང་ཆོས་བྱེད་མཁན་ཁོ་ན་ལ་མིན། ཆོས་མི་བྱེད་པ་དག་གིས་ཀྱང་དགོས་པ་ནི་སྐྱེ་བ་རྗེས་མ་ལེན་ངེས་ཤིང་བདེ་བ་འདོད་པས་སོ། །འོན་ཀྱང་ཚེ་ཕྱི་མ་ཡལ་བར་འདོར་རོ་སྙམ་ན་ལོ་དང་ཟླ་བ་རྗེས་མའི་བཟའ་བཏུང་སོགས་ཀྱིས་ཅི་བྱ། དེ་དུས་བདེ་བར་འདོད་དོ་སྙམ་ན་སྐྱེ་བ་རྗེས་མར་ཡང༌ཅིའི་ཕྱིར་མི་འདོད། མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཚིག་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར་མཐའ་གཅིག་ཏུ་ཚེ་ཕྱི་མ་དང་བར་དུ་རིང་པོས་ཆོད་པའི་ངེས་པ་མི་སྣང་ལ། དེ་ཡང་དཔལ་ལྡན་ཀླུས། ཕན་པར་སྨྲ་བ་དཀོན་པ་སྟེ། །ཉན་པར་བྱེད་པ་ཤིན་ཏུ་དཀོན། །དེ་དག་བས་ཀྱང་མི་སྙན་ཡང༌། །ཕན་པའི་རྗེས་སུ་བྱེད་པ་དཀོན། །ཞེས་གསུངས་པ་ལྟར་འཇིག་རྟེན་པས་ཕན་པར་བསམ་ནས་སྨྲས་ཚད་ཕན་པར་མི་འགྲོ་ཞིང་ཆོས་མཐུན་གྱི་ཕན་ངེས་སྨྲ་བ་ཤིན་ཏུ་དཀོན་ལ་སྨྲས་ཀྱང་སྙིང་ལ་འགྲོ་བར་དཀའ་ཡང༌། སྙིང་ལ་འགྲོ་མི་འགྲོ་ལ་མ་ལྟོས་ཀྱི་ཆོས་བཞིན་བྱེད་དགོས་པ་ནི་ནད་ཀྱི་གཉེན་པོ་སྨན་དེ་ཅི་འདྲ་ཡིན་ཀྱང༌། སྤྱད་དགོས་པ་ལྟར་ཐ་ནའང་དེ་ལྟར་བྱེད་རྒྱུ་བྱུང་ནའང་སྙམ་པའི་དད་པ་དང་སྨོན་ལམ་ཙམ་བྱས་ཀྱང་དོན་ཆེན་པོར་འགྱུར་རོ། །འདི་མཚོན་ཙམ་སྟེ་རྒྱས་པར་གཞན་དུ་གསལ། །རྟོགས་བརྗོད་ཀྱི་ལུང་མང་དུ་དྲངས་པ་ནི། རྟོགས་བརྗོད་འདིའི་ཚིག་སྦྱོར་གྱི་གནད་གཅིག་རྟོགས་ན་སྙན་ངག་མཁན་གྱི་དབང་པོར་འགྱུར་ངེས་པས། བློ་གསལ་བ་དག་གིས་ཐུགས་ལ་འཆང་རྒྱུར་ཤེས་པའི་ཆེད་དང༌། ཚིག་སྦྱོར་གྱི་ཉམས་ལ་སྐྱོན་ཡོན་འབྱུང་ཚུལ་མ་ཤེས་པར། དཔེར་བརྗོད་མང་བ་ནི་བྱིས་པ་འབྲིད་པའི་ངང་ཚུལ་དུ་སྣང་ལ། འདིར་དཔྱོད་ལྡན་དག་ལ་དཀའ་གནས་འགའ་ཞིག་འཕྲོས་དོན་དུ་མདོར་བསྡུས་ནས་བཤད་པ་ཙམ་བྱས་ཤིང་ཧ་ཅང་མ་སྤྲོས་ལ། དེ་ཡང་རིན་ཆེན་འཕྲེང་བ་ལས། དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ། ཞེས་གསུངས་པ་ལྟར་མངོན་མཐོ་ཐོབ་ན་ངེས་ལེགས་འགྲུབ་པར་འགྱུར་བས། རིན་ཆེན་ཕྲེང་བ་ལས། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་གསུངས་ཤིང་དེ་གཉིས་ཀྱི་རྒྱུ་ཡང༌། རིན་ཆེན་འཕྲེང་བ་ལས། དེ་ཡི་བསྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་པོ། །ཞེས་མངོན་མཐོའི་རྒྱུ་དད་པ་དང༌། ངེས་ལེགས་ཀྱི་རྒྱུ་ཤེས་རབ་དགོས་ཤིང༌། བླུན་པོ་མཁས་རློམ་པས་ཁོ་བོ་ཆོས་ཀྱི་རྗེས་འབྲང་ཡིན་པས་ལྷ་བླ་མ་སོགས་ལ་དད་པ་མི་བྱེད་པར་ཤེས་རབ་ཁོ་ནས་འགྲོ་སྙམ་ན། དེ་ཉིད་ལས། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་ཤེས་རབ་གཙོ་བོ་ཡིན་ཀྱང༌། དད་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་ནི། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །ཞེས་སོགས་དང༌། ཡང་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ཞེས་གསུངས་པ་སོགས་ཀྱི་དགོངས་པ་ཡིན་ལ། དེར་མ་ཟད་མཛོད་ལས། དད་པ་བག་ཡོད་ཤིན་ཏུ་སྦྱངས། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། །ཞེས་དད་པ་དགེ་སེམས་མཐའ་དག་གི་འཁོར་དུ་འགྲོ་ཚུལ་དང༌། དད་པའི་སྟོབས་མཐར་ཐུག་པ་སངས་རྒྱས་ཀྱི་ས་ན་ཡོད་པས་དང་པོར་དང་པའི་དད་པ། མངོན་པར་འདོད་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་ཅི་རིགས་སྔོན་དུ་བཏང་སྟེ། དེ་དག་ལ་གནས་ནས་ཀུན་རྫོབ་ཤེས་པའི་ཤེས་རབ། དོན་དམ་ཤེས་པའི་ཤེས་རབ། གནས་ལྔ་ཤེས་པའི་ཤེས་རབ་སོགས་ཡེ་ཤེས་ཀྱི་ཚོགས། བྱམས་སྙིང་རྗེ་སོགས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་གནས་སྐབས་ལྷ་མའི་མངོན་མཐོ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་སོགས་གང་བསམ་པ་རྣམས་འགྲུབ་པར་འགྱུར་ཏེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །

སྨྲས་པ།

མཁས་རློམ་དྲེགས་པའི་སོ་ལྡན་སྟོང་གི་སྙིང༌། །དཔྱད་པའི་ང་རོ་གཅིག་གིས་ལྐོག་མའི་བར། །འབྲོས་བྱེད་གསུང་རབ་ནགས་ཀྱི་བདག་པོ་གང༌། །མཁས་རྣམས་ཡང་རྩེ་གངས་རིར་འགྱིང་དེར་འདུད། །ཟླ་བའི་མ་མར་གྱེན་འཐོན་རི་བོ་དང༌། །དབང་ཕྱོགས་ས་འཛིན་ཕྲག་ལས་འོད་ནོར་བཞིན། །དབྱངས་ཅན་བྱེ་བའི་རོལ་མཚོ་འདིའི་མགུར་ལས། །གསར་བཤད་མེ་ཏོག་འཕྲེང་བའི་གྲངས་འཛིན་སུ། །ལ་ལས་གྲོང་ཚིག་སོལ་བའི་ཕུང་པོ་སྤུངས། །ངེས་མེད་གཞན་ལ་ཆུ་ཤིང་ཁ་ཅིག་པའོ། །འགའ་ཞིག་གསར་བཤད་ཟླ་བས་ར་རི་འཛིན། །བློ་ཆུང་མོས་མནོ་རྐང་ཊས་སྐུའང་གཞན། །གང་སྨྲས་བཅད་བརྡར་བསྲེགས་པའི་བུམ་བརྒྱར་སྐྱེས། །མཁས་གཞན་ཉི་ཟླས་ཕྱེད་མིན་སིནྔྷུ་ཝར། །ཕྲ་མཛངས་བློ་གྲོས་རྐེད་མེད་འགྲམ་ཆང་གིས། །རེག་པས་འདབ་བརྒྱ་རྣམ་སད་འགའ་རྣ་རྒྱན། །ཚིག་སྦྱོར་སྒྱུ་མའི་ན་ཆུང་འཇོ་སྒེག་བཞིན། །ཁེངས་དང་ཆགས་སེམས་དྲི་མ་ལྡན་པའི་སྙིང༌། །རྨོངས་པའི་བྲང་འགྲོ་མཁྱེན་རབ་མཁའ་ལྡིང་གིས། །ཟོས་པའི་མེས་སྦྱངས་ཙིནྟ་མ་ཎིར་སེམས། །ཕྱོགས་འཛིན་འཁྱོག་པོར་གཏི་མུག་ཁུང་བུ་རུ། །གདུག་པའི་རི་མོ་གྱ་གྱུ་མི་བཀྲ་བར། །སྔོན་བསགས་རྭ་བས་མཐོ་བའི་བསླབ་གསུམ་གྱིས། །སུམ་རྩེན་ས་གཞིར་ཐུབ་བསྟན་ཚོན་རྒྱས་བཀྲ། །ལྷག་བསམ་ཟླ་བ་གྲགས་པའི་བདུད་རྩིའི་ཚོགས། །དུས་གསུམ་ཚོགས་གཉིས་མཁས་དང་མཉམ་འདྲེས་དགོས། །དོན་གཉིས་རྫོགས་པའི་སྣང་བ་རྒྱས་དང་ལྡན། །ཐུབ་བསྟན་རྒྱ་མཚོ་བཤད་སྒྲུབ་རླབས་རྒྱས་ཤོག །ལེགས་སྨོན་མངའ་ཐང་སྲིད་ཞིའི་རྩེ་ལས་བརྒལ། །སྣ་ཚོགས་ཐབས་རྒྱན་འཕྲིན་ལས་གོས་ཀྱིས་སྤུད། །ཕན་བདེའི་གྲིབ་མར་འགྲོ་རྣམས་ངལ་གསོ་བའི། །བློ་བཟང་ལུགས་མཆོག་ཡོངས་སུ་དར་དྲག་ཤོག །དགའ་བའི་མཆོག་གྱུར་རྫོགས་ལྡན་དཔལ་འབྱོར་ཀུན། །ལེགས་འབྱུང་སྒོ་བརྒྱ་གདེངས་པའི་ཕོ་བྲང་ཆེར། །ཆོས་དང་སྲིད་ཀྱི་བ་གམ་ཆེས་མཐོ་བ། །དུས་ཀུན་འོག་མིན་ལྟར་བརྟན་གཡོ་མེད་ཤོག །ཅེས་འཕྲིན་ཡིག་གི་རྣམ་པར་བཞག་པ་བློ་གསལ་རྣ་རྒྱན་སིནྔྷིུ་ཝ་རའི་འཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། གནམ་གྱི་ལྷ་དཀར་པོའི་རིགས་ལས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ། ཆ་གར་ཨལ་ཐན་རྒྱལ་པོ་སོགས་ཀྱི་རིགས་སུ་སོན་པ། མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་སྤྲས་ཤིང༌། དཀོན་མཆོག་གསུམ་པོ་གཙུག་གི་ཅོད་པན་དུ་འཛིན་པའི་ལྷ་བཙུན་པ་རྒྱལ་མཚན་ཅན་གྱིས་འདི་ལྟ་བུ་ཞིག་གྱིས་ཞེས་བཀའ་སྩལ་པ་དང་དུ་བླངས་ཏེ། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་དང༌། སྲེ་རྒྱུད་ཆེན་རྡོ་རྗེ་འཆང་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ནོད་པའི་བཀའ་དྲིན་གྱིས་རྒྱལ་བའི་གསུང་རབ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེ་བྲིས་པ་འདིས་ཀྱང་སྐྱེ་དགུ་ཐམས་ཅད་དགེ་ལེགས་མཆོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག།། །།

མངྒ་ལཾ། དགེའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།