དགེ་རྒན་རིན་པོ་ཆེའི་མཚན་སྔགས་བྱིངས་སྒྲུབ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-08-21 10:01:32     རྩོམ་པ་པོ།   ཕྱིར་མིག    ཀློག་ཐེངས།  

འཇི༵གས་མེ༵ད་མཁྱེན་བརྩེའི་ཉི་ཟླ་འབར་བའི་གཟི།།

དཔ༵ལ་ལྡ༵ན་མཁས་དང་གྲུབ་པའི་གཙུག་ན་མཛེས།།

རྒྱ་༵མཚོ༵འི་གོས་ཅན་ཀུན་ཁྱབ་འཕྲིན་ལས་མཛོད།།

ལུས་ལྡན་གདུལ་བྱའི་ཁམས་དང་འབྲལ་མེད་ཤོག།

   ཅེས་ཤིས་པར་བརྗོད་པའི་བདེན་ཚིག་ལྷ་ཡི་རོལ་མོ་སྔོན་དུ་བདར་ནས། གང་གླེང་བར་བྱ་བ་ནི། ལྷོ་འཇམ་དཔལ་གཞོན་ནུ་༧ཁྲི་གུང་ཐང་བདུན་པ་ཆེན་པོའི་རིགས་ཀྱི་ཅོད་པཎ་གཅིག་བུ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ནི། རྒྱལ་སྲས་དཔའ་བོ་དག་གི་བརྗོད་པའི་ཡུལ་ལས་འདས་པ་དང་། ཐུན་མོང་སྐྱེ་བོ་རྣམས་ཀྱི་སྣང་ཚོད་ལྟར་ནའང་། མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ། བསླབ་གསུམ་ཉམས་བཞེས། རིམ་གཉིས་ཉམས་རྟོགས་སོགས་གང་གི་ཆ་ནས་ཀྱང་། ཀླུ་སྒྲུབ་ཡབ་སྲས་དང་དོ་མཉམ་པ། ཐོགས་མེད་སྐུ་མཆེད་དང་ཚད་མཚུངས་པ། རིགས་པའི་དབང་ཕྱུག་རྣམ་གཉིས་དང་འགྲན་བཟོད་པ། ཡོན་ཏན་མཐའ་དག་གི་གཏེར་དུ་གྱུར་པའི་གསེར་གྱི་མཆོད་སྡོང་ཆེན་མོ། ལྷམ་མེ། ལྷན་ནེ། ལྷང་ངེར་མཇལ་བའི་སྐལ་བ་མངོན་དུ་གྱུར་བ་འདི་ནི། རབ་དང་། ཕུལ་དང་། མཆོག་དང་། རྨད་དོ་སྙམ་པའི་དད་གུས་གཙང་མའི་གཞི་བསླངས་ཏེ། མགོན་པོ་གང་གི་མཚན་གྱི་གཟུངས་སྔགས་ཟབ་མོ་ལེགས་སྦྱར་ཡི་གེའི་བརྡ་ལ་ཕབ་ཅིང་། དེ་ཉིད་སྒྲ་བའི་ལུགས་ཀྱི་འགྲོས་བཞིན་བྱིངས་རྩ་ནས་བསྒྲུབ་པའི་ལས་ལ་གཞུག་པར་བྱ། དེ་ནི་ཚེ་རབས་འཕྲེང་བར་མགོན་གང་གི་རྗེས་སུ་འཛིན་པའི་རྒྱུ་རུ་དམིགས་པ་ཁོ་ནའོ།།

         ༀ་ཨཱཿ གུ་རུ་བཛྲ་དྷ་རཱ་བྷྱ་ཤྲཱི་མ་ཏཱི་ས་རཿ སརྦ་སིདྡྷི་ཧཱུཾ་ཧཱུཾ།             

༼ༀ།༽

      ཨབ྄་ཞིང་སྐྱོང་བ་ལའོ་ཞེས་པའི་བྱིངས་བཞག ཨུཎ྄་ལ་སོགས་པ་ནི་དཔག་ཏུ་མེད་པའོ་ཞེས་པས་རྐྱེན་མུཀ྄་བྱིན། ཀ྄་དེའི་དོན་དང་མུའི་ཨུ་བརྗོད་དོན་ཡིན་པས་ཕྱིས། ཀ྄་འགྲོ་བ་ལ་ཡཛ྄་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀ་རྣམས་སུ་སླར་ཡང་དག་པར་བསྒྱུར་བའོ་ཞེས་པས་བ་ཨུ་ཡིག་ཏུ་བསྒྱུར། ཨུ་ལ་ཨོའོ་ཞེས་པས་ཨ་དང་ཨུ་འདུས་པ་ཨོ་རུ་གྱུར། མ྄་ནི་རྗེས་སུ་ང་རོའོ་ཞེས་པས་མ྄་ཡིག་ང་རོ་བྱས་པས། "ༀ། སྐུ་རྡོ་རྗེའི་ས་བོན།"

 ༼   ཨཱཿ ༽

     ཨཱས྄་ཉེ་བར་སྡོད་པ་ལའོ་ཞེས་པའི་བྱིངས་བཞག ཀྭིཔ྄འོ་ཞེས་པས་རྐྱེན་ཀྭིཔ྄་བྱིན། ཀྭིཔ྄འོ་ཞེས་པས་རྐྱེན་ཀྭིཔ྄་ཕྱིས། དེ་ལ་རྣམ་དབྱེ་དང་བོའི་གཅིག་ཚིག་གི་སི་བྱིན། ཧ་ས་ཨཱིཔ྄་ལ་སི་དབྱིའོ་ཞེས་པས་སི་ཕྱིས། ས྄་ར྄་དག་གི་རྣམ་བཅད་དོ་ཞེས་པས་ས྄་རྣམ་བཅད་བྱས་པས། "ཨཱཿ  གསུང་རྡོ་རྗེའི་ས་བོན།"

༼   གུ་རུ།༽

     གྲཱྀ་གསལ་བར་བྱེད་པ་ལའོ་ཞེས་པའི་བྱིངས་བཞག ཨུཎ྄་ལ་སོགས་པ་ནི་དཔག་ཏུ་མེད་པའོ་ཞེས་པས་རྐྱེན་ཀུ་བྱིན། ཀ྄་དབྱངས་དོན་ཡིན་པས་ཕྱིས། ཀྲྀ་གྲཱྀ་དག་གི་ཨུར྄་ཡང་ནའོ་ཞེས་རཱྀ་ཨུར྄་དུ་སོང་། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་ཨུ་ལ་དྲངས་པས། "གུ་རུ། བླ་མ།"

༼   བཛྲ།༽

     བ་ཛི་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག པ་པི་བ་ཛི་པྲྀདྡྷི་ཨིནྡི་རྣམས་ལ་རན྄འོ་ཞེས་པས་རྐྱེན་རན྄་བྱིན། བྱིངས་མཐའི་ཨི་བརྗོད་དོན་ཡིན་པས་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཛ྄་སྲོག་མེད་ར་ཐོག་ཏུ་དྲངས། རྣམ་དབྱེ་དང་བོའི་གཅིག་ཚིག་གི་སི་བྱིན། ཧ་ས་ཨཱིཔ྄་ལ་སི་དབྱིའོ་ཞེས་པས་སི་ཕྱིས། ཡང་དག་པར་སྦྱོར་བའི་མཐའ་དབྱིའོ་ཞེས་པས་ན྄་ཕྱིས་པས། "བཛྲ། རྡོ་རྗེ།"

༼   དྷ་ར།༽

    ཌུ་དྷྲྀཉ྄་འཛིན་པ་ལའོ་ཞེས་པའི་བྱིངས་བཞག ཌུ་ཉ྄་གཉིས་དགོས་པ་དང་བཅས་པའི་རྗེས་འབྲེལ་ཡིན་པས་ཕྱིས། དབྱངས་ལ་ཨའོ་ཞེས་པས་རྐྱེན་ཨ་བྱིན། ཡོན་ཏན་ནོ་ཞེས་པས་དྷྲྀའི་རྀ་ཨར྄་དུ་སོང་། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་ཨ་ལ་དྲངས་པས། "དྷ་ར། འཛིན་པའམ་འཆང་བ།"

༼ཨ་བྷྱ།༽

     ཉེར་བསྒྱུར་དགག་སྒྲའི་ཨ་སྔོན་མའི་ཉི་བྷཱི་འཇིགས་པ་ལའོ་ཞེས་པའི་བྱིངས་བཞག ཉི་རྟགས་དོན་ཡིན་པས་ཕྱིས། ནཱ་མིའི་ཨུ་པ་དྷཱ་ཀའོ་ཞེས་པས་རྐྱེན་ཀ་བྱིན། ཀའི་སྲོག་གི་ཨ་ཕྲལ། ཀ྄་ཡོན་ཏན་འགོག་པའི་དོན་གྱིས་ཕྱིས། བྷཱིའི་སྲོག་གི་ཨཱི་ཕྲལ། ཡ་བ་དག་ཡང་ནའོ་ཞེས་པས་ཨཱི་ཡ྄་ཡིག་ཏུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ྄་དང་བྷ྄་སྲོག་མེད་ཨ་ལ་དྲངས་པས། "ཨ་བྷྱ། འཇིགས་མེད།"

༼   ཤྲཱི་མ་ཏཱི།༽

   ཤྲྀཉ྄་ངག་བཞིན་ཉན་པ་ལའོ་ཞེས་པའི་བྱིངས་བཞག ཉ྄་རྗེས་འབྲེལ་ཡིན་པས་ཕྱིས། ཀྭིཔ྄འོ་ཞེས་པས་རྐྱེན་ཀྭིཔ྄་བྱིན། རྀཏ྄་ཀྱི་རིའོ་ཞེས་པས་རྀ་ཡིག་རི་ཡིག་ཏུ་བསྒྱུར། པྲཚ྄་སོགས་ལ་རིང་བོ་ཡང་ངོ་ཞེས་པས་སྔོན་མ་རིང་བོ་བྱས། ཀྭིཔ྄འོ་ཞེས་པས་རྐྱེན་ཀྭིཔ྄་ཕྱིས་པས། ཤྲཱི། དཔལ། ༈ ཡོད་པའི་དོན་ལ་མ་ཏུཔ྄འོ་ཞེས་པས་རྐྱེན་མ་ཏུཔ྄་བྱིན། པ྄་རྗེས་འབྲེལ་ཡིན་པས་ཕྱིས། ཏུའི་སྲོག་གི་ཨུ་ཕྲལ། ཨཱིཔ྄་འདྲེན་པའི་དོན་གྱིས་ཕྱིས། ཥ་ཊ་ཨུ་རྀཏ྄་ལས་སོ་ཞེས་པས་ཨཱིཔ྄་བྱིན། པ྄་རྗེས་འབྲེལ་ཡིན་པས་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཏ྄་སྲོག་མེད་ཨཱི་ལ་དྲངས། དེ་ལ་རྣམ་དབྱེ་དང་བོའི་གཅིག་ཚིག་གི་སི་བྱིན། ཧ་ས་ཨཱིཔ྄་ལ་སི་དབྱིའོ་ཞེས་པས་སི་ཕྱིས་པས། "ཤྲཱི་མ་ཏཱི། དཔལ་ལྡན།"

༼   ས་རཿ  །༽

   སྲྀ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག ཨི་མན྄་ཏྲ་ཨ་སུཀ྄འོ་ཞེས་པས་རྐྱེན་ཨ་སུཀ྄་བྱིན། ཀ྄་རྗེས་འབྲེལ་དང་སུའི་ཨུ་བརྗོད་དོན་ཡིན་པས་ཕྱིས། ཡོན་ཏན་ནོ་ཞེས་པས་སྲྀའི་སྲོག་གི་རྀ་ཡིག་ཡོན་ཏན་བྱས་པས་ཨར྄་དུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་ཨ་ལ་དྲངས། ས་ར་དག་གི་རྣམ་བཅད་དོ་ཞེས་པས་ས྄་རྣམ་བཅད་བྱས་པས། "ས་རཿ  ། རྒྱ་མཚོ།"

༼སརྦ།༽

   སྲྀ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག བརྟིའི་བའོ་ཞེས་པས་རྐྱེན་བ་བྱིན། ཡོན་ཏན་ནོ་ཞེས་པས་སྲྀའི་སྲོག་གི་རྀ་ཡིག་ཡོན་ཏན་བྱས་པས་ཨར྄་དུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་བ་ཐོག་ཏུ་དྲངས་པས། "སརྦ། ཐམས་ཅད།"

༼   སིདྡྷི།༽

    ཥི་དྷི་གྲུབ་པ་ལའོ་ཞེས་པའི་བྱིངས་བཞག ཀྟིའོ་ཞེས་པས་རྐྱེན་ཀྟི་བྱིན། ཀ྄་ཡོན་ཏན་འགོག་པའི་དོན་གྱིས་ཕྱིས། དང་བོའི་ཥ་ཎ་ནི་ས་ནའོ་ཞེས་ཥི་ཡིག་སི་ཡིག་ཏུ་བསྒྱུར། བྱིངས་མཐའི་ཨི་བརྗོད་དོན་ཡིན་པས་ཕྱིས། ཏ་དང་ཐའི་དྷའོ་ཞེས་པས་རྐྱེན་གྱི་ཏི་ཡིག་དྷི་ཡིག་ཏུ་བསྒྱུར། ཛྷ་བྷ་ལ་ཛ་བ་རྣམས་སོ་ཞེས་པས་དྷ྄་གོང་མ་ད྄་ཡིག་ཏུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ད྄་སྲོག་མེད་དྷི་ཐོག་ཏུ་དྲངས་པས། "སིདྡྷི། དངོས་གྲུབ།"

༼   ཧཱུཾ།༽

    ཨོ་ཧཱཀ྄་གཏོང་བ་ལའོ་ཞེས་པའི་བྱིངས་བཞག ཨོ་དང་ཀ྄་གཉིས་དགོས་པ་དང་བཅས་པའི་རྗེས་འབྲེལ་ཡིན་པས་ཕྱིས། ཨུཎ྄་ལ་སོགས་པ་ནི་དཔག་ཏུ་མེད་པའོ་ཞེས་པས་རྐྱེན་ཌཱུམ྄་བྱིན། ཌ྄་ཊི་དབྱི་བའི་དོན་གྱིས་ཕྱིས། དེ་ཡང་ཌིཏ྄འོ།། ཌིཏ྄་ལ་ཊིའོ་ཞེས་པས་བྱིངས་ཧཱའི་སྲོག་གི་ཨཱ་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཧ྄་སྲོག་མེད་ཨཱུ་ལ་དྲངས། མ྄་ནི་རྗེས་སུ་ང་རོའོ་ཞེས་པས་མ྄་རྗེས་སུ་ང་རོར་བསྒྱུར་པས། "ཧཱུཾ། སྦྱིན་ནམ་སྩོལ"

༼  ཧཱུཾ།༽

    ཨོ་ཧཱཀ྄་གཏོང་བ་ལའོ་ཞེས་པའི་བྱིངས་བཞག ཨོ་དང་ཀ྄་གཉིས་དགོས་པ་དང་བཅས་པའི་རྗེས་འབྲེལ་ཡིན་པས་ཕྱིས། ཨུཎ྄་ལ་སོགས་པ་ནི་དཔག་ཏུ་མེད་པའོ་ཞེས་པས་རྐྱེན་ཌཱུམ྄་བྱིན། ཌ྄་ཊི་དབྱི་བའི་དོན་གྱིས་ཕྱིས། དེ་ཡང་ཌིཏ྄འོ།། ཌིཏ྄་ལ་ཊིའོ་ཞེས་པས་བྱིངས་ཧཱའི་སྲོག་གི་ཨཱ་ཕྱིས། བྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཧ྄་སྲོག་མེད་ཨཱུ་ལ་དྲངས། མ྄་ནི་རྗེས་སུ་ང་རོའོ་ཞེས་པས་མ྄་རྗེས་སུ་ང་རོར་བསྒྱུར་པས། "ཧཱུཾ། ཐུགས་རྡོ་རྗེའི་ས་བོན།"

   གོང་གི་རའི་སྲོག་གི་ཨ་ཕྲལ། འདྲ་བའི་ཡི་གེ་འདུས་པ་ལ་རིང་བོའོ་ཞེས་པས་ཨ་དང་ཨ་འདུས་པའི་ཨཱ་རིང་བོར་གྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ར྄་སྲོག་མེད་ཨཱ་ལ་དྲངས་པས། "ༀ་ཨཱཿ གུ་རུ་བཛྲ་དྷ་རཱ་བྷྱ་ཤྲཱི་མ་ཏཱི་ས་རཿ སརྦ་སིདྡྷི་ཧཱུཾ་ཧཱུཾ།" ཞེས་པའི་དོན་བོད་ཀྱི་སྐད་ལ་ཕབ་ན། བླ་མ་རྡོ་རྗེ་འཆང་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་ཅེས་པའོ།།

             གསང་གསུམ་བྱུ་རུའི་འོད་སྟོང་འཛུམ་པའི་རྡུལ།།

             གྲངས་མེད་གདུལ་བྱའི་ཁམས་དང་མཐུན་པའི་འགྲོས།།

             ཇི་བཞིན་འབྱུང་ལ་འགལ་བའི་རྐྱེན་ཞི་ཞིང་།།

             ལེགས་བྱས་སྨོན་པ་ཚོགས་པའི་རྒྱུ་རུ་བསྔོ།།

    ༢༠༢༡.༧.༩ཉིན་རང་ཤག་ནས། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།