རྗེའི་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-08-08 20:41:06     རྩོམ་པ་པོ།   ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས།    ཀློག་ཐེངས།  
    རྨད་བྱུང་ཐུགས་བསྐྱེད་བཟང་པོའི་མཁའ་དབྱིངས་ལ། །སྣ་ཚོགས་འཕྲིན་ལས་ཉི་མ་རྟག་འཆར་ཞིང་། །ཐུབ་བསྟན་པད་ཚལ་བཞད་པའི་གཉེན་གཅིག་པུ། །སྐྱབས་མཆོག་འཇམ་མགོན་བླ་མ་དེང་འདིར་དགོངས། །མཁྱེན་རབ་འཇམ་དབྱངས་བརྩེ་བ་སྤྱན་རས་གཟིགས། །ནུས་མཐུ་གསང་བའི་བདག་པོ་ཉིད་ལགས་ན། །ལས་ཉོན་དྲག་པོས་གཟིར་བའི་སྐལ་ངན་བདག ། འདི་ཕྱིའི་སྐྱབས་གནས་ཁྱོད་མིན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་བློ་བཟང་གྲགས་པ་མཁྱེན། །བློ་སྣ་ཆོས་ལ་བསྒྱུར་ཅིག་ཙོང་ཁ་པ། །ལམ་གོལ་དམན་པར་མ་གཏོང་འཇམ་པའི་དབྱངས། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་ལགས། །སྔོན་ཆད་སྟབས་ལེགས་དགེ་བའི་བག་ཆགས་ཀྱིས། །ངན་སོང་གསུམ་དང་ཀླ་ཀློ་ཚེ་རིང་ལྷ། །སངས་རྒྱས་མི་བྱོན་ཞིང་དང་ལོག་ལྟ་ཅན། །ལྐུགས་སོགས་མི་ཁོམ་བརྒྱད་ཐར་དལ་རྟེན་ཐོབ། །མི་རུ་གྱུར་ཞིང་དབང་ཚང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་དྲི་མེད་བསྟན་ལ་དད། །སངས་རྒྱས་བྱོན་ཅིང་ཆོས་གསུངས་བསྟན་པ་གནས། །དེར་ཞུགས་དམ་པ་རྗེས་བཟུང་འབྱོར་བཅུ་ཚང་། །ད་ལྟར་ང་ལ་རང་དབང་ཡོད་པའི་དུས། །སྙོམས་ལས་ངང་དུ་དལ་འབྱོར་ཆུད་གཟོན་ན། །ནམ་ཞིག་འཁོར་ཉེ་ལོངས་སྤྱོད་ཀུན་དོར་ནས། །བེམ་རོ་དུར་དུ་བསྲེགས་སམ་བྱ་ཁྱིས་འདྲད། །རྣམ་ཤེས་རྟེན་མེད་བྱ་སྤུ་རླུང་འཁྱེར་བཞིན། །བར་དོ་འགྲིམས་ཤིང་གཏུམ་དྲག་གཤིན་རྗེ་དང་། །འཇིགས་སྐྲག་འཁྲུལ་སྣང་སྡུག་བསྔལ་གྱིས་མནར་བར། །འགྱོད་ཀྱང་བྱ་ཐབས་ཟད་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་བློ་བཟང་གྲགས་པ་མཁྱེན། །བློ་སྣ་ཆོས་ལ་བསྒྱུར་ཅིག་ཙོང་ཁ་པ། །ལམ་གོལ་དམན་པར་མ་གཏོང་འཇམ་པའི་དབྱངས། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་ལགས། །སྒོ་མེད་ལྕགས་ཁྱིམ་འབར་བའི་ས་གཞི་རུ། །མཚོན་གྱིས་མགོ་ལུས་གཅོད་ཅིང་སོག་ལེས་གཤག ། རྣོ་བའི་གསལ་ཤིང་གིས་འཕུག་ཐོ་བས་འཚིར། །འོ་དོད་དྲག་འབོད་ཚ་བསྲེགས་དམྱལ་བ་བརྒྱད། །གངས་རིས་མཐའ་བསྐོར་ཁྱགས་པའི་གཅོང་རོང་ནང་། །བུ་ཡུག་གྲང་རེག་གིས་བཏབ་ཆུ་བུར་བརྡོལ། །ལུས་སྦྲེབས་ཤ་རུས་པགས་པ་ཚལ་པར་འགས། །སྨྲེ་ངག་ཤུགས་རིང་འདོན་པའི་གྲང་དམྱལ་བརྒྱད། །ལྟོ་བ་རིར་མཚུངས་མགྲིན་ཕྲ་ཉམས་ཐག་རིད། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་དང་། །བླུན་རྨོངས་བཀོལ་སྤྱོད་དབང་གྱུར་དུད་འགྲོ་སོགས། །གནས་ངན་གཡང་སར་ལྷུང་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་བློ་བཟང་གྲགས་པ་མཁྱེན། །བློ་སྣ་ཆོས་ལ་བསྒྱུར་ཅིག་ཙོང་ཁ་པ། །ལམ་གོལ་དམན་པར་མ་གཏོང་འཇམ་པའི་དབྱངས། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་ལགས། །དགེ་ལས་བདེ་བ་སྡིག་ལས་སྡུག་བསྔལ་སོགས། །དཀར་ནག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །སྔོན་ཆད་སྡུག་བསྔལ་ཁོ་ནའི་རྒྱུ་བསྒྲུབས་པས། །ཐར་མེད་ངན་འགྲོའི་གཡང་དུ་ལྟུང་བར་ངེས། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ཡོད་པ་སྐྱེད་དང་མེད་འཚོལ་དཔལ་ཉམས་དོགས། །གཞན་དབང་གྱུར་དང་རྨོངས་རྟུལ་ནད་གདོན་གཙོས། །དུག་ལྔས་རྒྱུད་འཁྲུགས་ལེ་ལོས་རྟག་པར་གཡེངས། །ལྷ་ལུས་ཐོབ་ཀྱང་འཆི་འཕོ་འོག་ལྟུང་དང་། །འདུ་བྱེད་ཕུང་པོའི་ཁུར་གྱིས་རྟག་ཏུ་ནོན། །ལྷ་མིན་ཕྲག་དོག་འཐབ་རྩོད་སྡུག་བསྔལ་སོགས། །རིགས་དྲུག་སྡུག་བསྔལ་མྱོང་དུས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་བློ་བཟང་གྲགས་པ་མཁྱེན། །བློ་སྣ་ཆོས་ལ་བསྒྱུར་ཅིག་ཙོང་ཁ་པ། །ལམ་གོལ་དམན་པར་མ་གཏོང་འཇམ་པའི་དབྱངས། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་ལགས། །ཡན་ལག་བཅུ་གཉིས་འཁྲུལ་འཁོར་གཞན་དབང་གིས། །ཟོ་ཆུན་འཕྱན་ལྟར་རྟག་ཏུ་འཁོར་བས་བྲེལ། །ནམ་ཡང་ཆོས་མེད་སྡིག་ལ་སྤྱོད་པ་ཡིས། །ཕྱི་ནས་ཐར་པ་བསྒྲུབ་རྟེན་ག་ལ་རྙེད། །འདུལ་དཀའ་དམུ་རྒོད་སེམས་ཀྱི་གླང་པོ་ནི། །དྲན་ཤེས་ལྕགས་ཀྱུ་རྣོན་པོས་ཉེར་དྲངས་ཏེ། །རྣམ་དག་བསླབ་གསུམ་རིན་ཆེན་རྒྱན་སྤྲས་ནས། །བདེ་ཆེན་ཐར་པའི་གླིང་དུ་བགྲོད་པར་མཛོད། །ལན་མང་དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོ། །དུ8ཁ་མྱ་ངམ་ཐང་དུ་རྟག་པར་འཁྱམས། །དེ་ཆེད་ཐར་པ་དོན་གཉེར་སེམས་མཆོག་གིས། །ཐེག་ཆེན་ལམ་སྣ་མྱུར་དུ་ཟིན་པར་ཤོག ། སྨོན་འཇུག་རྩལ་ལྡན་སེམས་ཀྱི་ནམ་མཁའ་ལྡིང་། །ཕྱིན་དྲུག་ཐབས་ཤེས་ཟུང་འཇུག་གཤོག་ཡངས་རྒྱས། །ས་ལམ་དགུང་གི་ཕ་མཐའ་རབ་བརྒལ་ཏེ། །གཏན་བདེའི་གོ་འཕང་མཆོག་དེ་ཐོབ་པར་ཤོག །བདེན་འཛིན་རྣམ་རྟོག་སྤྲིན་གྱིས་གཡོགས་པའི་རྒྱ། །ལུང་རིགས་རླུང་གིས་གཏོང་བའི་མཉམ་བཞག་ངོར། །སྤྲོས་བྲལ་དབུ་མའི་གནས་ལུགས་ཉེར་འཇལ་བའི། །ལྷག་མཐོང་ཉི་མའི་གཟི་བྱིན་ཆེས་འབར་ཤོག ། རྗེས་ཐོབ་ཡུལ་དུ་གང་ཤར་སྣང་བ་རྣམས། །རང་བཞིན་སྟོང་ཡང་སྒྱུ་མའི་ལྟད་མོ་བཞིན། །བསྡུ་དངོས་བཞི་སོགས་རྒྱལ་སྲས་སྤྱོད་པ་ཡིས། །འགྲོ་ཀུན་བདེ་བ་མཆོག་ལ་འགོད་ནུས་ཤོག ། ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་སོང་ནས། །ཐ་མལ་སྣང་ཞེན་སྦྱོང་བྱེད་བསྐྱེད་རྫོགས་ཀྱི། །རྣལ་འབྱོར་མཐར་སོན་ཁ་སྦྱོར་བདུན་དང་ལྡན། །ཁྱབ་བདག་རྡོར་སེམས་གོ་འཕང་མངོན་གྱུར་ཤོག ། ལྟ་བ་མ་རྟོགས་བློ་འཁྲུལ་ཁོ་ནས་ཞེན། །སྒོམ་པ་མི་བརྟན་བྱིང་རྒོད་གཡེངས་པས་འཕྲོག ། སྤྱོད་པ་མི་བརྟག་གཞན་སྐྱོན་ཁོ་ན་འཚོལ། །ཆོས་དྲེད་གྱོང་པོ་བདག་ལ་ཐུགས་རྗེས་གཟིགས། །ནངས་པར་འཆི་ཡང་ལོངས་སྤྱོད་སྒྲུབ་ལ་བྲེལ། །ཉིན་རེར་རྒས་ཀྱང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཤེས་ལོའི་ང་རྒྱལ་ཅན། །རྨོངས་རྟུལ་བློ་ངན་བདག་ལ་ཐུགས་རྗེ་གཟིགས། །གཡང་སར་ཉེ་ཡང་བག་མེད་སྤྱོད་པ་སེམས། །དགོན་པར་བསྡད་ཀྱང་ཞེ་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་གཡོ་སྒྱུ་ཅན། །ཆོས་བརྒྱད་མཁན་ལ་བླ་མས་ཐུགས་རྗེས་གཟིགས། །འགྲོ་རྣམས་སྡུག་བསྔལ་རྒྱ་མཚོ་བརྒལ་དཀའ་ན། །ཐུགས་རྗེའི་གྲུ་ཡིས་མི་སྒྲེལ་ཅི་ལ་བསྙེལ། །བཟོད་དཀའ་སྡུག་བསྔལ་དྲག་པོས་མནར་གྱུར་པ། །བརྩེ་བའི་སྤྱན་གྱིས་མི་གཟིགས་ཅི་ལ་གཡེལ། །ལྷང་ལྷང་འོ་དོད་འབོད་ཅིང་གསོལ་འདེབས་ན། །སྒྲིབ་མེད་སྙན་གྱིས་མི་གསན་ཅི་ལ་དགོངས། །ངན་འགྲོའི་གཡང་ལས་ཕྱག་གིས་མི་འདྲེན་ན། །འགྲོ་དོན་བྱེད་པའི་དམ་བཅའ་ཅི་ལ་མཛད། །ཉམ་ཐག་སྐབས་འདིར་རྗེས་སུ་མི་འཛིན་ན། །རང་གི་བཙན་ས་ཟིན་དུས་ཅི་ལ་དགོས། །དེ་ཕྱིར་ང་ཡི་སྐྱབས་གཅིག་བཀའ་དྲིན་ཅན། །ད་ལྟར་ཉིད་དུ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཀྱེ་མ་ཀྱི་ཧུད་བླ་མ་བློ་བཟང་གྲགས། །བདག་སོགས་སྙིང་ནས་སྐྱབས་ཞུ་གསོལ་འདེབས་ན། །སྐྱེ་དང་སྐྱེ་བར་འབྲལ་མེད་རྗེས་བཟུང་ནས། །བསམ་པའི་དོན་ཀུན་བགེགས་མེད་མྱུར་འགྲུབ་ཤོག །
རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 
བརྒྱུད་འགོད།