རྗེ་སྐུ་པར་བྱིན་ཅན་མིང་ཆེན་བཅྭོ་བརྒྱད།

རྗེ་སྐུ་པར་བྱིན་ཅན་མིང་ཆེན་བཅྭོ་བརྒྱད་ནི། བློ་གྲོས་ཁང་བཟང་སླབ་གསུམ་ནོར་གྱིས་ཕྱུག །བཟང་བོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །
༡ རྗེ་ང་འདྲ་མ་ནི་སྐུ་དངོས་ལ་རྩེ་ཁྲུ་གང་དང་། རྒྱུ་སྨན་འདམ་ལས་གྲུབ་པ། དབུ་ལ་པཎ་ཞྭ་དང་། པད་སྡོང་མེད། གོང་བ་མཐུ་བཟློག ཕྱག་གཉིས་ཐུགས་ཀར་ཆོས་འཁོར་མཛད་ཅིང་། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། རྗེ་ཞལ་ནས་འདི་ང་དང་འདྲ་ཞེས་གསུངས་ཏེ་རྗེ་རང་ནས་རབ་གནས་མེ་ཏོག་འཐོར་བའི་བྱིན་ཅན་བདུན་བཞུགས་ཞེས་གྲགས་ཀྱང་དེ་ལས་མང་བ་ཡོད་པར་གསུངས།
༢ རྗེ་བཀྲ་ཤིས་དོ་ཁ་མ་ནི་པཎ་ཆེན་བྱམས་པ་གླིང་བའི་ཕྱག་བཟོ་རྗེའི་དབུ་སྐྲ་བུབས་གཅིག་གཟུངས་སུ་བཞུགས་པ་ལ་རྗེ་རང་གི་ཕྱག་གིས་མེ་ཏོག་འཐོར་བའི་སྐུ་བྱིན་ཅན་བརྒྱད་བཞུགས་ཞེས་གྲགས་ཀྱང་དེ་ལས་མང་བ་ཡོད་པར་མཐོང་གསུངས།
༣ རྗེ་གཙང་བ་དགེ་ལེགས་མ་ནི། དཔལ་འཁོར་ཆོས་སྡེའི་རྫོང་དཔོན་ཞིག་གིས་བཞེངས་པ་རྗེ་ལ་རབ་གནས་ཞུས་པས་རྗེ་ཞལ་ནས་འདི་དགེ་ཞིང་ལེགས་གསུངས་པས་མཚན་དེ་ལྟར་ཐོག ཡང་ན་ཚོང་དཔོན་དགེ་ལེགས་མ་ཞེས་ཀྱང་གྲགས།

༤ རྗེ་མཐུ་བཟློག་མ་ནི་སྐུ་འགག་གི་གོང་བ་གཡས་ནས་གཡོན་དུ་གོ་བཟློག་སྟེ་ཡོད་པ་ལ་ཟེར། རྗེ་ས་སྐྱ་མ་དང་། ཛམ་སྐུ་མ་གཉིས་ཀྱང་སྐུ་འགག་དེ་ལྟ་ཡོད་གསུངས། གཞན་གྱི་བྱད་ཕུར་སོགས་བཟློག་པའི་ཆེད་དུ་ཡིན་པར་གསུངས།
༥ རྗེ་གླིང་འཕུར་མ་ནི་པད་སྡོང་གླེགས་རལ་གྱི་འོག་ངོས་སྐུ་ཆུང་ངུ་གཉིས་ཡོད་གཞན་འདྲ། སྐུ་འདི་བཞེངས་མ་ཐག་འགྲོ་བའི་དོན་ལ་གནས་གཞན་ལ་འཕུར་བས་མཚན་དེ་ལྟར་གསོལ།
༦ རྗེ་མཆོད་འཛིན་མ་ནི་མཁས་གྲུབ་རིན་པོ་ཆེ་རྗེ་སྐུ་པར་བཞེངས་པ་ལ། མདུན་པར་ལས་སྐུ་རྒྱབ་ལེབ་མོར་ཡོད་པ་ཡིན། མཆོད་མེ་ཡུན་རིང་འཛིན།
༧ རྗེ་ཞབས་སྙུང་མ་ནི་ཕྱག་གཡས་ས་གནོན། གཡོན་མཉམ་བཞག ཞབས་གཡས་སྟེང་མ་བྱས་པའི་ཕྱེད་སྐྱིལ་དུ་བཞུགས་པ། གནས་ཙ་རིར་ཕེབས་སྐབས་ཞབས་སྙུང་བས་དུས་དེར་བཞེངས་པས་དེ་ལྟར་ཐོག
༨ རྗེ་གཞན་ཕན་མ་ནི་རྗེ་ཞལ་ནས་འདི་ང་དང་མི་འདྲ་ཡང་གཞན་ལ་ཕན་གསུངས།
༩ རྗེ་བཞད་འཕར་མ་ནི་སྐུ་བརྙན་དེ་བཞད་ཅིང་ནམ་མཁར་འཕར་བ་ཡིན་ཟེར་བ་དང་།
༡༠ རྗེ་བཞད་འཕེལ་མ་ནི་པད་སྡོང་སྟེང་དུ་ནོར་བུ་གསུམ་ཚུགས་ཡོད་པ་དེ་གཉིས་ཀ་ལ་འདྲ་བར་གསུངས།
༡༡ རྗེ་བཞད་དཔལ་མ་ཆེ་བ་ནི་པད་གདན་ལ་རྡོ་རྗེ་འབུར་དོད་དུ་ཡོད་མཐར་པད་འཁོར་ཡོད།
༡༢ རྗེ་བཞད་དཔལ་མ་ཆུང་བ་ནི་རྡོར་གདན་མེད་པད་འཁོར་གོང་འདྲ་ཡོད།
༡༣ རྗེ་རིགས་གསུམ་མ་ནི་པད་སྡོང་གཉིས་ཀྱི་སྟེང་དུ་སྐུ་ཡོད་པ་ཞིག་ཡིན། ཡང་རྗེ་སྐུ་བོད་ལི་རྙིང་བ་ང་འདྲ་མ་དང་འདྲ་བ་ཡོད་པར་གསུངས་སོ།
༡༤ རྗེ་སླེའུ་ཆུང་མ་ནི་རྒྱུ་གསེར་ཟངས་ལས་གྲུབ་པ་ཡིན་ཆེ་ཆུང་སྣ་ཚོགས་ཡོད་པ་དང་། སླེའུ་ཆུང་ཞེས་པའི་གྲོང་ནས་བཞེངས་པས་དེ་ལྟར་གྲགས།
༡༥ རྗེ་པདྨ་མཁར་མ་ཟེར་བ་ནི་གོང་འདྲ་ཕྱག་ནས་མ་ཟེར་བ་ཡིན་འདུག དེ་ཡང་བཟོ་བོ་ལས་མིང་བཏགས་པ་ཡིན་གསུངས། རྗེ་འོད་ཟེར་མ་ནི་གོང་བ་མཐུ་བཟློག་ཅན་འོལ་ཁ་ཆོས་ལུང་རྗེ་གཟིམས་ཆུང་གྱང་ཐང་ལ་རྗེ་འོད་ཟེར་མ་བཞུགས་པར་གསུངས། ཁ་ཏྭའི་ཁ་དགོན་པ་ན་རྗེ་རྩ་ཐང་གཞན་ཕན་ཆེན་མོ་བཞུགས་པར་གསུངས།
༡༦ རྗེ་ས་སྐྱ་མ་ནི་ཕྱག་གཡས་ས་གནོན། གཡོན་མཉམ་བཞག། པད་སྡོང་གླེགས་རལ་མེད། དབུ་ཞྭ་ཡོད། སྐུ་བེར་གྱི་རྒྱབ་རྡོེ་རྗེ་གོང་ཁྱོན་ལྟ་བུའི་པ་ཏྲ་རིས་ཡོད་པ། ཞབས་སྐུ་བེར་གྱིས་སྒྲིབ་པས་མི་མངོན་པ། རྗེ་ས་སྐྱ་ན་བཞུགས་སྐབས་ཞིག་ལ་བཞེངས་པ་འདྲ་དཔྱད་གསུངས།
༡༧ རྗེ་ཛམ་གདན་མ་ནི་སེང་ཁྲི་གློ་འབུར་ཅན། མདུན་གྱི་གློ་འབུར་གྱི་ངོས་གཡས་སུ་ཛམ་སེར་དང་། གཡོན་དུ་འཛམ་ནག་སྐུ་ཡོད་པའི་ཤིན་དུ་རྟགས་ཅན་ཞིག་བཞུགས། རྗེ་མཛེ་གྲོལ་མ་ཞེས་པ་ནི། སེམས་ཅན་མཛེ་ནད་ལས་སྐྱོབས་པས་དེ་ལྟར་གྲགས། རྗེ་དབུ་ཡོན་མ་ནི་བྲིས་ཐང་ཞིག་ཡིན་པར་གསུངས།
༡༨ རྗེ་ནམ་གཟིགས་མ་ནི་འབྲས་སྤུངས་དགེ་འཕེལ་འདུ་ཁང་གྲལ་མགོར་སྐུ་ཁྲུ་གང་བ་ཞིག་བཞུགས། རྗེ་བཙུན་བྱམས་མགོན་གྱིས་ཞལ་གཟིགས་པའི་དུས་བཞེངས་པས་དེ་ལྟར་མཚན་གསོལ། གཞན་ཡང་རྗེ་གསུང་བྱོན་མ་དང་། རྗེ་ནས་སྤུངས་མ། རྗེ་ནམ་ཕུར་མ། རྗེ་རྣམ་དག་ཞིང་མཆོག་མ། རྗེ་འབུམ་ཐེར་མ་དང་། རྗེ་ཕྱག་ནས་བརྒྱ་རྩ་མ་ཞེས་པའང་ཡོད། ཆུ་བོ་གངྒ་ལས་རྗེ་སྐུ་རྒྱ་གར་ལི་རིགས་འདྲ་བའི་རང་བྱུང་མང་བོ་རྙེད་པའང་ཡོད་པར་གསུངས་སོ། །རྗེ་སྐུ་པར་བྱིན་ཅན་རིགས་བགྲང་ན་པར་ཆེན་བཅྭོ་བརྒྱད་དམ་མིང་ཆེན་བཅྭོ་བརྒྱད་ཟེར་མཁན་འདུག །
རྗེ་མིང་ཆེན་བཅྭོ་བརྒྱད་ཅེས་གྲགས་པའི་སྐུ་བརྙན་བྱིན་ཅན་འདི་རྣམས་ནི་གསུང་བརྒྱུན་ལ་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་བཞེངས་པ་ཤ་སྟག་ཡིན་པ་དང་རྗེ་རང་གིས་རབ་གནས་མེ་ཏོག་འཐོར་བའང་དངོས་མ་ཡིན་པར་གསུངས། ཙོང་ཁ་བརྒྱད་ཅུའི་ཞལ་ཐང་གི་གཙོ་སྐུ་ལ་རྗེ་སྐུ་འདིའི་རིགས་ཕལ་ཆེར་བཞུགས་པར་ཡང་གསུངས་སོ། །སརྦ་མངྒ་ལཾ།
གཟའ་སྐར་ཚེས་སྦྱོར་ལེགས་པའི་ཉིན་༢༠༢༥/༨/༩ ལ་བཀྲ་བོ་སྤྲུལ་སྐུའི་སྐྱེས་མིང་བ་མཛོད་པ་དགེ་འདུན་རྒྱ་མཚོས་མཛོད་དགེ་རང་སྤྱིལ་ནས་དམ་པ་གོང་མའི་གསུང་ལས་མདོར་བསྡུས་ཏེ་བྲིས་སོ། །དགེ་ལེགས་འཕེལ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
