འཇམ་མགོན་བླ་མའི་མཛད་ཆེན་གཉིས་པ་གཉལ་གྱི་ལུང་རྭ་ཆེན་མོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-05-27 07:45:41     རྩོམ་པ་པོ།   གནམ་ལྷ་བཀྲ་ཤིས།    ཀློག་ཐེངས།  

    ༄༅༎འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་མཛད་ཆེན་གཉིས་པར་གྲགས་པའི་གཉལ་གྱི་ལུང་རྭ་ཆེན་མོ་ནི།བོད་ལྗོངས་ལྷོ་ཁའི་གཉལ་ཕྱོགས་རྭ་གྲོང་དགོན་པ་ནས་བྱུང་བར་གྲགས་ཆེ། དེ་ལ་རྭ་གྲོང་དང་རབ་གྲོང་།ར་བ་གྲོང་སོགས་འབྲི་ཚུལ་མང་། 

    རྭ་གྲོང་དགོན་པ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལྷུན་རྩེ་རྫོང་ཐོག་ནས་བརྒྱུད་དེ་མཚོ་སྨད་རྫོང་གི་སྒོ་བསྡུས་གྲོང་ཚོར་སླེབས་ན་ད་བཟོད་དགོན་པ་དེར་མཇལ་ཐུབ། དགོན་གནས་དེ་ནི་སྔོན་གྱི་དུས་སུ་རྒྱབ་ཚབ་དར་མ་རིན་ཆེན་གྱིས་རྗེ་བླ་མའི་མཁས་སྙན་ཡུན་རིང་ཐོས་པས། མཇལ་འདོད་ཀྱིས་ཕེབས་ཏེ་མཉམ་འཛོམས་བྱུང་བའི་གནས་མཆོག་དེ་ཡིན་པ་མ་ཟད། གཉལ་གྱི་ལུང་རྭ་ཆེན་མོ་ཞེས་མཛད་ཆེན་བཞིའི་ཡ་གྱལ་དུ་གྲགས་པ་ཡང་གནས་འདི་ནས་བྱུང་བ་ཞིག་ཡིན་སྐད།

    སྐབས་ཐོག་དེར་རྒྱལ་ཚབ་དར་མ་རིན་ཆེན་ཁོང་དགོང་ལོ་སོ་གཉིས་ཙམ་ཡིན་ཞིང་མཁས་གྲགས་ཅུང་ཟད་རྒྱས་ཡོད་དེ།རྩེད་ཐང་ཆོས་གྲྭ་སོགས་ནས་བཀའ་བཅུའི་གྲྭ་སྐོར་དམ་བཅའ་རྫོགས་མ་ཉིད་ཀྱི་སྐབས་སུ།རྩོད་པའི་མཆོག་གྱུར་དམ་མ་རིན་ཆེན་ཞེས་མཁས་སྙན་ཕྱོགས་སུ་འཕེལ་བཞིན་པའི་སྒང་ཡིན་སྟབས། ཁོང་གདན་ས་འདིར་རྗེ་ཙོང་ཁ་པའི་མཁས་སྙན་ཚོར་བས་ཆོས་ཀྱི་བགྲོ་གླེང་དུ་ཕེབས་པར་རྗེ་བདག་ཉིད་ཆེན་པོ་གཙོ་མཛད་དེ་འདུས་སྡེ་ཡོངས་ཀྱིས་ཕེབས་བསུ་རྒྱ་ཆེན་ཞུས་པ་དེས་ཀྱང་ཁོང་གི་མཁས་སྙན་ག་འདྲ་ཞིག་ཡིན་པ་གསལ་བོ་ཤེས་ཐུབ། 

    སྔར་ཆོས་བརྒྱུད་གང་ཡིན་གྱི་སྡེ་སྣོད་འཛིན་པ་མང་པོ་འདུས་འཛོམ་ཡོད་པས།ཁོང་དཔོན་སློབ་ཐོག་མར་མཇལ་འཛོམས་བྱུང་རྗེས་རྒྱལ་ཚབ་རིན་པོ་ཆེ་ནས་རྗེ་ཙོང་ཁ་པ་ལ། གཞུང་ལུགས་ཀྱི་དཀའ་བའི་གནད་དུ་མའི་དོགས་འདྲི་ཞུས་པར་ཐོག་མར་བླ་མ་རྟོགས་ལྡན་པས་ལན་སྐྱོན་པ་དང་།དེ་ནས་རྗེ་བདག་ཉིད་ཆེན་མོས་དགྱེས་འཛུམ་ངང་རེ་རེར་ལུང་རིགས་དཔེ་གསུམ་གྱིས་བཤད་པ་གནང་བས། ཐུགས་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་དང་། ལྷག་པར་རྟོན་པ་བཞིའི་སྐོར་ནས་དོགས་གནད་ཀྱི་གསུང་མཆིད་གཞན་ལ་མེད་པ་དུ་མ་ཞིག་བསྩལ་པས། དད་པ་དུང་དུང་བ་ཞིག་སྐྱེས་པའི་རྐྱེན་བྱས་ཏེ།གུས་ཕྱག་དང་བཅས་ཏེ་མ་གུས་པ་ལ་འགྱོད་བཤགས་དང་།དུས་ད་ནས་བཟུང་སྟེ་རྗེ་ཙོང་ཁ་བ་ཆེན་པོ་སྐྱབས་སུ་འཛིན་རྒྱུར་དམ་བཅས་ཏེ།ཁོང་གི་ཕྱིར་བཞིན་འབྲང་བའི་འདུན་པ་ཤུགས་དྲག་ཅིག་ཐུགས་ལ་འཁྲུངས།

    སྐབས་ཐོག་དེར་རྗེ་ཙོང་ཁ་པས་དགེ་འདུན་པ་ཙམ་མ་ཡིན་པར་གཉལ་སྡེ་ཕྱོགས་ཀྱི་ཆོས་བརྒྱུད་མང་པོའི་ཡུལ་མི་རྣམས་ཀྱིས་གཙོས་དད་ལྡན་སེར་སྐྱ་ཡོངས་ལ་བཀའ་ཆོས་མང་དུ་བསྩལ་པ་མ་ཟད།བསྙེན་གནས་ཡན་ལག་བདུན་པའི་སྒོ་ནས་བསགས་སྦྱངས་གལ་ཆེར་ནན་ཏན་དུ་བསྟན་པ་ནས་ཁོང་སྐུ་དངོས་ཀྱིས་མཆོད་མེ་ཁྲི་སྟོང་མང་པོའི་ཐོགས་དྲངས་ཏེ། ཕྱག་དང་སྐོར་བ།སཱ་ཚྭ་དང་ཆུ་ཚྭ་འདེབས་པ།མནྡལ་འབུལ་བ། གསེར་ཕྱེ་འབུམ་པ་ཚུད་པའི་དགེ་སྦྱོར་གནད་སྨིན་མཛད་པར་བརྟེན།ཆོས་ཀྱི་སྣང་བས་ས་ཕྱོགས་དེའི་ཡུལ་ལུང་ཐམས་ཅད་ཁྱབ་པའི་ཆོས་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་སྤེལ་བ་ལ་གཉལ་གྱི་ལུང་རྭ་ཆེན་མོ་ཞེས་སུ་གྲགས་པའི་བཤད་པ་གཅིག་དང་།ཡང་གཉལ་སྡེ་དྲུག་གིས་གཙོས་གཉལ་སྟོད་སྨད་ཀྱི་དགེ་འདུན་པ་རྣམས་ཆོས་བརྒྱུད་མི་གཅིག་པའི་དབང་གིས་བཞུགས་གྲལ་ལ་ཁ་ཕྱོགས་ཏེ་ནང་ཁག་སོ་སོར་གྱེས་པ་ལྟ་བུས་ཡེ་མི་འཆམ་པ་འགའ་རེ་བྱུང་བ་ལ། དམ་པ་ཁོང་གིས་ཐབས་མཁས་པའི་སྒོ་ནས་ཆོས་མཐུན་གྱི་བསླབ་བྱ་མང་དུ་བསྩལ་ཏེ་དགེ་འདུན་པ་རྣམས་ཡོངས་སུ་འདུམས་པར་མཛད་པ་ལ་གཉལ་གྱི་ལུང་རྭ་ཆེན་མོར་གྲགས་ཞེས་གསུང་ཚུལ་མི་མཐུན་པ་གཉིས་སུ་སྣང་།

     དེ་བས་འགའ་ཤས་ཀྱིས་དང་ཐོག་གཉལ་གྱི་འདུམ་རྭ་ཆེན་མོ་ཞེས་ཐོགས་པ་ཡིན་པ་ལ།ཕྱིས་སུ་ལུང་རྭ་ཆེན་མོར་མིང་འགྱུར་བྱུང་ཞེས་པའི་ཟེར་སྲོལ་ཡང་འདུག

     རྣམ་ཐར་དད་པའི་འཇུག་ངོགས་སུ་ཕྱི་མ་ལྟར་གསུངས་ཡོད་དེ། དེ་ཉིད་ལས།དེ་ཡང་གཉལ་གྱི་སྡེ་བ་རྣམས་ཕན་ཚུན་གྲལ་སོགས་ལ་ཡེ་མི་འཆམ་པས་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་པ་ཙམ་ཡིན་པ་ལ། དེ་དུས་རྗེ་ཉིད་ཀྱི་ཐུགས་རྗེའི་སྟོབས་དང་ཐབས་མཁས་པའི་དབང་གིས་ཐམས་ཅད་རྩོད་པ་ མེད་ཅིང། དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་ལ།ཞེས་གསུངས་སོ།།

དེང་སྐབས་དགོན་འདི་དགེ་ལུགས་པའི་ཆོས་རྒྱུད་འཛིན་མཁན་ཤ་སྟག་ཡིན་ཡང་།གྲྭ་གྲངས་ཧ་ཅང་ཉུང་ལ་སློབ་གཉེར་གྱི་ཁོར་ཡུག་ཞན་པ་སོགས་ཀྱིས་གནས་འདིར་ཐོན་སྐབས་དགའ་སྐྱོ་འདྲེས་མའི་ཚོར་བ་མི་གནོན་པ་ལྟ་བུ་ཞིག་ཀྱང་སྐྱེས་ཡོང་།

ཞེས་གནས་མཇལ་རེག་ཟིན་འདི་ཡང་།  རྨོངས་རྒན་གནམ་བཀྲས་རབ་རྒྱན་ཆུ་ཡོས་༢༠༢༣ལོའི་བོད་ཟླ༤ཚེས༢༥ཉིན་མཆོད་མཇལ་གྱི་སྐབས་བསྟུན་ལྟར་ལྷ་སའི་གངས་རྒྱན་མགྲོན་ཁང་དུ་བྲིས་པའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།