རྗེ་ཙོང་ཁ་བའི་སྐུ་སྤུན་གྱི་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-03-20 17:12:40     རྩོམ་པ་པོ།   བྱ་མདོ་སྐལ་རྒྱམ།    ཀློག་ཐེངས།  

རྗེ་ཙོང་ཁ་བའི་སྐུ་སྤུན་གྱི་སྐོར་ཅུང་ཟད་གླེང་བ།

                                  བྱ་མདོ་སྐལ་རྒྱམ།

མཁས་གྲུབ་སྨྲ་བའི་ཉི་མས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ནི་ཚིག་ཉུང་ལ་དོན་གྱི་འདུས་ཚད་ཧ་ཅང་ཆེ་བས་ཕྱིས་འབྱུང་གིས་མཁས་པས་མཛད་པའི་རྗེ་བླ་མའི་རྣམ་ཐར་ཐམས་ཅད་ཀྱི་ཁུངས་གཏུགས་ས་ལྟ་བུ་ཞིག་ཡིན་ལ། རྣམ་ཐར་དེར་ཡབ་ཡུམ་འདི་གཉིས་ལ་སྲས་དྲུག་མངའ་བ་ལས་རྗེ་བླ་མ་མཆོག་ནི་བཞི་བ་ཡིན་པར་གསུངས་འདུག་ཙམ་མ་གཏོགས་སྲས་རྣམས་ཀྱི་མཚན་དང་ལོ་རྒྱུས་སོགས་མི་གསལ།    དེ་མཚུངས་རྣམ་ཐར་ཕལ་མོ་ཆེེར་དེ་ཁོ་ན་ལྟར་འབྱུང་བ་ལས་གསལ་ཁ་ཅི་ཡང་བཏོན་མི་འདུག འོན་ཀྱང་ཀུན་མཁྱེན་འཇིགས་མེད་དབང་བོའི་དགེ་ལྡན་ཆོས་འབྱུང་ལས། ཡབ་ཡུམ་དེ་གཉིས་ལ་སྲས་གཙུག་ཏོར་བྱམས། ཚེ་ལོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་ལྡན་དང་ལྔ་འཁྲུངས་པ་ལས་རྗེ་འདི་ནི་བཞི་བ་ཡིན་ནོ།།   ཞེས་སྲས་ལྔ་ལས་མ་འཁྲུངས་པར་གསུངས་ལ།   དེ་དང་ཕྱོགས་འདྲ་བར་ཐོ་ཡོན་བླ་མས་མཛད་པའི་དད་པའི་འཇུག་ངོགས་ཀྱི་འགྲེལ་བར་བཀའ་གདམས་ཆོས་འབྱུང་གི་ལུང་དྲངས་པ་ལས། སྲས་ལྔའམ་དྲུག་མངའ་བ་ལས།  ཆེ་བ་གཙུག་ཏོར་བྱམས། དེ་འོག་ཚེ་སོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་བརྟན་ནོ།  ཞེས་འདེམས་ཀ་ཅན་གྱི་གྲངས་འདྲེན་མཛད་ཅིང་མིང་གི་ཟུར་རེ་གཉིས་ལ་མི་འདྲ་བ་ཡང་འབྱུང་ངོ།།

ཞྭ་དམར་བཞི་བ་ཆོས་གྲགས་ཡེ་ཤེས་ཀྱིས་མཛད་པའི་ཁྲུས་ཁང་ལོ་ཙྰ་བའི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལས། སྐབས་ཤིག་ཏུ་རྗེ་རིན་པོ་ཆེ་(རྩོང་)ཁ་བའི་གཅུང་བོ་ངག་དབང་གྲགས་པ་དང་མཇལ། རྗེ་རིན་པོ་ཆེ་དེ་འཇམ་དབྱངས་དངོས་ཡིན་པར་འདུག  དེའི་མན་ངག་དང་བྱིན་རླབས་ཀྱི་རྒྱུན་འདི་ལ་ངེས་པར་ཡོད་དགོངས་ནས། འཇམ་དབྱངས་ཀྱི་རྗེས་གནང་ཅིག་གནང་དགོས་ཞུས་པས། ཁྱེད་བློ་གསལ་རང་ཅིག་འདུག བསྟན་པ་ལ་ཕན་པའི་བཤེས་གཉེན་ཆེན་པོ་ཞིག་ཨེ་(འོད་)གཟིགས་དགོས་ཞེས་གསུང་ཞིང་། དགྱེས་པ་དང་བཅས་ཏེ་རྗེས་གནང་གཟབས་ནས་གནང་། དེའི་རྗེས་སུ་འཇམ་དབྱངས་ཀྱི་སྒྲུབ་ཐབས་ཤིག་ཀྱང་ཁོང་རང་གིས་ཕྱག་བྲིས་མཛད་དེ་གནང་བ་ཡིན་གསུངས།   ཞེས་རྗེ་ཙོང་ཁ་བའི་གཅུང་བོ་ངག་དབང་གྲགས་པ་ཞུ་བ་ཞིག་མཚན་དངོས་སུ་བྱུང་ལ།  རྣམ་ཐར་འདི་ནི་རྗེ་ཙོང་ཁ་མཆོག་དགོངས་པ་རྫོགས་ནས་མི་ལོ་དྲུག་ཅུ་ལྷག་ཙམ་གྱི་རྗེས་ནས་བརྩམས་པར་མངོན་པས་ཁུངས་བཙུན་དུ་བྱེད་ཆོག་པ་ཞིག་ཏུ་སྣང་ལ།   རྒྱུ་མཚན་འདི་ལ་བརྟེན་ནས་ཁ་ཅིག་གིས་དད་པའི་འཇུག་ངོགས་སོགས་སུ་སྲས་དྲུག་ཡོད་པར་དངོས་སུ་གསུངས་ཀྱང་རྣམ་ཐར་གཞན་དུ་ལྔ་མ་གཏོགས་པའི་མཚན་མ་བྱུང་བས་ངག་དབང་གྲགས་པ་ཞུ་བ་འདི་གཅིག་ལ་འདྲེན་དགོས་པར་འདོད་ཀྱང་། འདི་གོང་དུ་མཚན་དངོས་སུ་དྲངས་པའི་ལྔ་བོ་དེ་ལས་གཞན་ཞིག་ཡིན་མིན་བརྟག་དགོས་ཏེ། གནས་རྙིང་ཀུན་དགའ་བདེ་ལེགས་ཀྱིས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས།  དེ་དག་ལས་སྔ་ཕྱིར་རབ་བྱུང་མཛད་པ་མང་པོ་ཞིག་བྱོན་པ་ཐམས་ཅད་ཀྱང་བརྟུལ་ཞུགས་མ་རྨད་ཅིང་། རྣམ་དཔྱོད་ཡངས་པའི་མིག་ཅན་ཤ་སྟག་གོ།ཅེས་རྗེ་བླ་མའི་སྐུ་སྤུན་གྱི་ཁྲོད་དུ་རབ་ཏུ་བྱུང་མཁན་ཡང་ཡོད་པར་གསུངས་པས་དེ་ལྟ་ན་གོང་དུ་དྲངས་པ་རྣམས་ནི་རབ་ཏུ་མ་བྱུང་གོང་གི་མཚན་དང་འདིའི་ངག་དབང་གྲགས་པ་ཞེས་འབྱུང་བ་ནི་རིམ་པ་ལྟར་ན་བློ་ལྡན་ནམ་བློ་བརྟན་གྱི་རབ་བྱུང་གི་མཚན་དུ་ངེས་པས་དེ་དང་ཐ་དད་དུ་མི་སེམས་སོ།།

འོ་ན་སྲས་དྲུག་ཅེས་འབྱུང་བ་ཅི་ཡིན་ཞེ་ན།  རྗེ་ཙོང་ཁ་བ་ཆེན་པོར་ད་དུང་རང་དང་ཡབ་ཡུམ་གཅིག་པའི་གཅེན་མོ་ཞིག་ཡོད་པར་གསུངས་ཏེ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྣམ་ཐར་བདེ་ལེགས་ཀུན་འབྱུང་ལས། རྗེས་ཡུམ་དང་ཨ་ཅེ་གཉིས་ལ་རང་གི་ཤངས་མཚལ་གྱིས་ཕྱག་བྲིས་མཛད་པའི་རྗེ་རང་གི་སྐུ་བརྙན་རེ་རེ་དང་།  རྒྱལ་བ་སེང་གེ་ང་རོའི་སྐུ་པར་བཅས་གནང་སྟེ།   ཞེས་དང་། ཡང་དེ་ཉིད་ལས། རྗེ་བླ་མས་ཨ་ཅེ་ལ་གནང་བའི་ཞལ་ཐང་ནི་འཇམ་དབྱངས་ཀུན་གཟིགས་ཀྱི་ནང་དུ་བཞུགས།  ཡུམ་ལ་གནང་བའི་ཞལ་ཐང་ནི་འདུ་ཁང་ཆེན་མོའི་རབ་གསལ་དུ་བཞུགས།    ཞེས་ཨ་ཅེ་དང་ཡུམ་གཉིས་ལ་ཞལ་ཐང་རེ་གནང་བའི་ཨ་ཅེ་ལ་གནང་བ་དེ་སྐུ་འབུམ་ཆོས་རའི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་དུ་ཡོད་པ་གསུངས་པ་ལྟར། གསེར་ཏོག་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་སྐུ་འབུམ་གདན་རབས་ལས་ཀྱང་། རྗེ་བླ་མས་ཨ་ཅེ་ལ་གནང་བའི་རྗེའི་འདྲ་ཐང་གསུང་འབྱོན་མ་སོགས་རིང་བསྲེལ་འཁྲུལ་མེད་རྣམ་བཞིས་འཕྱུར་བུར་གཏམས་པ་བྱིན་རླབས་ཀྱི་གཟི་འོད་འཕར་བ།   ཞེས་གསུངས་པ་ལྟར་རྗེ་བླ་མ་ལ་ཨ་ཅེ་ཞིག་ཡོད་པ་ནི་གོང་གི་ལོ་རྒྱུས་འདི་དག་གིས་འགྲུབ་ལ།  དེས་ན་དད་པའི་འཇུག་ངོགས་རྗེས་འབྲངས་དང་བཅས་པའི་རྗེའི་རྣམ་ཐར་ཕལ་མོ་ཆེ་ལས་སྲས་དྲུག་ཅེས་འབྱུང་བ་ནི་བུ་དང་བུ་མོ་བསྡོམས་པའི་སྲས་དྲུག་ཅེས་གསུངས་པ་ཡིན་ལ།  དགེ་ལྡན་ཆོས་འབྱུང་ལས་སྲས་ལྔ་ཞེས་འབྱུང་བ་ནི་བུ་མོ་མ་བརྩི་བའི་བུ་སྤུན་ལྔ་ཞེས་པའི་དོན་ཡིན་ཞེ་ན་ཕལ་མོ་ཆེ་དང་འགྲིག་པ་ལྟ་བུ་ཞིག་འོང་ཡང་། དད་པའི་འཇུག་ངོགས་ལས། སྲས་དྲུག་མངའ་བ་ལས་བདག་ཉིད་ཆེན་པོ་འདི་ནི་བཞི་བ་ཡིན་ནོ།། ཞེས་འབྱུང་བའི་གྲངས་ཀྱིས་མཚམས་འབྱེད་ཚུལ་ལ་ད་དུང་ཞིབ་ཆ་ཕྲན་བུ་ཞིག་མི་ཐོན་པ་ལྟར་སྣང་བས་མཁྱེན་སྤྱན་ཡངས་པའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཞིབ་ཏུ་དཔྱོད་པར་མཛོད་ཅིག

རྗེ་ཙོང་ཁ་བའི་རྣམ་ཐར་ཕྱོགས་བསྒྲིགས་རྣམས་ལ་མཇལ་བའི་རང་གི་བརྗེད་བྱང་ཙམ་དུ་སྤྱི་ལོ༢༠༢༠ཟླ༣ཚེས༡༢ཉིན་བྲིས།

                                                                                                           རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།