འཇམ་མགོན་བླ་མའི་བཀའ་དྲིན་དྲན་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ     སྤེལ་དུས།  2019-12-22 18:51:02     རྩོམ་པ་པོ།   ཇོ་ཁོལ།    ཀློག་ཐེངས།  

࿑ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།

ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།

མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར།།

བློ་བཟང་རྒྱལ་བ་དེ་ལ་གསོལ་བ་འདེབས།།

གལ་ཏེ་རྗེ་རིན་པོ་ཆེ་བྱོན་མེད་ན་སངས་རྒྱས་པའི་བསྟན་པ་འདི་ལ་མདོ་སྔགས་གཉིས་ཚ་གྲང་ལྟར་གྱུར་ཏེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་མཁས་པ་དང་གྲུབ་པའི་དེད་དཔོན་མེད་པར་འགྱུར།བཤད་སྒྲུབ་གཉིས་ཀྱང་ཡ་བྲལ་དུ་གྱུར་ཏེ་ཐོས་བསམ་སྒོམ་གསུམ་མཛད་སའི་ཆོས་སྡེའང་མེད་པར་འགྱུར།ལྟ་བ་མཐོ་པོར་རློམ་སྐད་ཀུན་རྫོབ་པའི་ཆོས་ལ་སྐུར་བ་བཏབ་པར་གྱུར་ཏེ་ཐར་བ་མ་ཟད་བདེ་འགྲོའི་ཆོས་ཙམ་ཡང་མི་ཤེས་པར་འགྱུར།འཁོར་རྩ་དང་འཛིན་སྟངས་འགལ་བའི་བདག་མེད་མི་སྒོམ་པར་གྱུར་ཏེ་ངལ་བ་དོན་མེད་པར་འགྱུར།དེའི་ཕྱིར་མཁས་གྲུབ་ཐམས་ཅད་མཁྱེན་པས།དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་བུ།།ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན།།རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།།ཟླ་མེད་བླ་མ་མཆོག།ཅེས་གསུངས་པའི་དོན་ཞིབ་པར་སྦྱར་དུ་ཡོད་པའི་ཕྱིར་དང་གཞན་ཡང་འབྲུག་པ་པད་མ་དཀར་བོས།དགེ་ལེགས་ཆུ་གཏེར་ཆེན་པོས་འཇིག་རྟེན་ལ།།བློ་བཟང་ཉིན་མོར་བྱེད་པ་ཁྱོད་བྱོན་ཚུན།།ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞིང་།།གྲགས་པའི་གཞིར་གྱུར་དེ་ལ་ཕྱག་འཚལ་ལོ།།འགྲན་ཟླ་ཀུན་བྲལ་ཀུན་མཁྱེན་ཙོང་ཁ་བར།།འགྲན་ཟླར་བགྱི་བའི་མཁས་རློམ་མང་ན་ཡང་།།འགྲན་ཟླ་མི་བྱེད་པདྨ་དཀར་པོས་བསྟོད།།ཅེས་པ་ལྟ་བུའི་ལུང་མང་དུ་མཐོང་ཡང་མ་སྤྲས།དེའི་ཕྱིར་རྗེ་རིན་པོ་ཆེ་ནི་གངས་ཅན་ཤིང་རྟའི་སྲོལ་འབྱེད་དང་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར།

གལ་ཏེ་རྗེ་རིན་པོ་ཆེ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་མཇལ་ཏེ་གཞོན་དུས་ནས་དབུས་སུ་བརྫངས་མེད་ན་གངས་ཅན་ཤིང་རྟའི་སྲོལ་འབྱེད་དང་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་ཞིག་ཏུ་འགྱུར་དཀའ།དེ་ཕྱིར་རྗེས་འཇུག་གདུལ་བྱ་དག་ལ་མདོ་སྔགས་རབ་འབྱམས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་ཞིག་བྱེད་པ་ལ་ངེས་པར་དུ་ཕ་ཡུལ་སྤངས་ནས་དམ་པ་ཞིག་གི་ཐུགས་བཀོད་ལ་བརྟེན་ཏེ་སློབ་གཉེར་གྱི་ཁོར་ཡུག་ཤིན་ཏུ་ལེགས་པ་ཞིག་གཞོན་དུས་ནས་གདམ་རྒྱུ་དེ་རྣམ་པར་ཐར་བ་དེས་བསྟན་འདུག དེས་ན་སློབ་གཉེར་བ་ཞིག་ལ་མཚོན་ན་སློབ་གཉེར་གྱི་དོན་དུ་ཕ་མ་དང་བླ་མ་སོགས་ཀྱིས་འགལ་རྐྱེན་མི་བྱེད་པར་མ་ཟད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་པ་དེའང་ཉེ་བར་མཚོན་ཡོད།དེས་ན་ཐུབ་བསྟན་ཡོངས་རྫོགས་ཤིག་ལ་སློབ་གཉེར་རྩེར་ཕྱིན་ཡོང་ངེས་དེ་ནི་ཕ་ཡུལ་དང་ཁ་བྲལ་ཅིང་སློབ་གཉེར་གྱི་མཐུན་རྐྱེན་ཡོངས་སུ་འཛོམས་ཤིང་འགལ་རྐྱེན་ཆེས་ཉུང་བའི་ཁོར་ཡུག་ཅིག་གི་རྒྱུ་སྔོན་དུ་ཚོགས་དགོས་པ་དེ་རེད།ཇི་སྐད་དུ།རིག་པ་གཞོན་པའི་དུས་ན་སློབ།།བ་མོ་དགུན་གྱི་དུས་ན་གསོ།།ཞེས་པ་ལྟར་གཞོན་དུས་ནས་སློབ་རྒྱུ་དེ་གལ་ཤིན་ཏུ་ཆེའོ།།

ལེགས་ཚོགས་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་ལམ་གྱི་གཞི་ཚུགས་ཅིང་དེ་དགོས་པ་ནི།རྗེ་ཉིད་ཀྱི་ཞལ་ནས།སྐྱེ་བ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག རྗེས་སུ་བཟུང་བའི་ཚེ་ན་ཡང་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་བྱེད་པར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ་པར་གྱུར་ཅིག དགེ་བའི་བཤེས་གཉེན་གྱིས་གདམས་པ་དང་།རྗེས་སུ་བསྟན་པ་ཐམས་ཅད་མ་ཚང་བ་མེད་པར་འདོམས་པར་གྱུར་ཅིག དེའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་བསྒྲུབ་པས་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ཅིད་ཙམ་ཡང་མི་འགྲོ་བར་གྱུར་ཅིག ཅེས་དང་།བདག་ནི་རབ་ཏུ་འབྱུང་བར་བྱེད་པ་ལ།།འཁོར་དང་ཉེ་དུ་ལོངས་སྤྱོད་གང་གིས་ཀྱང་།།གེགས་བྱེད་མེད་པར་མཐུན་པའི་རྐྱེན་རྣམས་ཀུན།།ཇི་ལྟར་བསམ་པ་ཇི་བཞིན་འགྲུབ་པར་ཤོག།ཅེས་དང་།རྒྱལ་སྲས་ཐོགས་མེད་བཟང་བོས།གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།།བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།།ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།ཞེས་དང་།ཡང་རྗེ་ཉིད་ཀྱིས།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཉེས་པར་བྱས་ནས་ཐེག་པ་ཆེན་པོའི་བཀའ་ལུང་ཡང་དག་པར་ནོད་པར་གྱུར་ཅིག ཅེས་དང་།སྐྱེ་བ་ཐམས་ཅད་དུའང་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་བསྒྲུབ་པའི་རྟེན་ཤ་སྟག་ཐོབ་པར་གྱུར་ཅིག ཅེས་གསུངས་སོ།།

གལ་ཏེ་རྗེ་རིན་པོ་ཆེ་དབུས་གཙང་དུ་སློབ་གཉེར་ལ་ཕེབས་པའི་དུས་དེ་ཕག་གྲུའི་སྲིད་རབས་ཀྱི་དུས་དེ་མིན་ན་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དུ་འགྱུར་རྒྱུ་དཀའ།དེ་དུས་ནི་བོད་ཀྱི་ཆོས་རིག་རབ་ཏུ་དར་བའི་སྲིད་རབས་དང་ཆེས་གུ་ཡངས་བག་ཕབ་ཀྱི་དུས་རབས་ཤིག་ཡིན་པ་ང་ཚོར་རྒན་མོ་གསེར་ཁུར་གྱི་དུས་ཞེས་ཡོངས་སུ་གྲགས་པ་དེ་རེད།དུས་རབས་དེར་ནི་བཤད་སྒྲུབ་ཀྱི་རྒྱ་མཚོ་དཀྱིལ་བའི་དགོན་ཆེན་ཆེས་མང་བོ་བཏབ་པའི་དུས་དང་བསྟན་པའི་མཛེས་རྒྱན་གྱི་མཁས་ཆེན་ཆེས་མང་བོ་བྱོན་དུས་ཡིན་པ་ཆོས་འབྱུང་དེབ་ཐེར་དུ་གསལ་བ་ལྟར་དང་།རྗེ་ལའང་སློབ་གཉེར་དང་ལྷ་ལྡན་སྨོན་ལམ།དགོན་པ་ཕྱག་འདེབས་སོགས་ལ་མཐུན་སྒྱུར་བླ་ན་མེད་པ་མཛད་ཡོད་པ་རྣམ་ཐར་དུ་གསལ།རྗེ་བསྟན་པའི་སྒྲོན་མེས།དམ་ཆོས་འདུལ་བའི་དགོངས་དོན་འདུས་པའི་ཁྲིམས༎ལས་འབྲས་དྲང་ཐིག་འདེབས་པའི་ལས་བྱེད་པ༎ཚར་གཅོད་རྗེས་འཛིན་རྟིང་གནོན་མི་ཡོལ་བའི༎བཅའ་ཁྲིམས་རྨང་གཞི་བརྟན་པོའི་ཕྱྭ་གཡང་སྩོལ༎ངན་ཤེད་བྲག་ལ་འཆའ་བའི་འུག་པ་དང་༎བླང་དོར་ལམ་དུ་རྒྱུ་བའི་ཤན་འབྱེད་པ༎ལས་འབྲས་བདེན་པའི་ཉི་མ་འོད་པོ་ཆེའི༎སྣང་བ་མངོན་དུ་འགྱུར་བའི་ཕྱྭ་གཡང་སྩོལ༎ཅེས་གསུངས་པའི་དགོངས་དོན་གྲུབ་པའི་ཚོད་དུ་འདུག དེས་ན་ཆོས་དང་རིག་གནས་སློབ་མཁན་ཞིག་ཡིན་ན་འགྲོ་འོང་དང་མདུན་ལམ་ལ་བར་ཆད་མི་གཏོང་བར་མ་ཟད་གཞུང་ནས་རམ་འདེགས་བྱས་ན་སློབ་གཉེར་བའི་རང་མདངས་ལྷག་ཏུ་འབར་བ་དེ་མཚོན་ཡོད།

གལ་ཏེ་རྗེ་བླ་མ་དབུས་གཙང་བ་ཞིག་ཡིན་ན་འདི་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་བོར་འགྱུར་དཀའ་ཞེ་ན།རྟོག་གེ་བ་དག་ལ་མ་ངེས་པའི་བཞད་གད་སློང་ཡང་།ཕྲན་གྱི་བསམ་ཚུལ་ལ་རང་ས་ཁོ་ནར་མཁས་པར་གྱུར་བ་དང་ཁྱད་པར་དུ་གོ་ཁ་ནས་སྒོར་མ་བུད་པའི་མི་ལ་འཇོན་པོ་མེད་པའི་རིགས་པའི་འགྲོས་ཀྱིས་དེ་སྐད་བརྗོད་པ་ཡིན།མདོ་ཁམས་གཉིས་ཀྱི་མཁས་གྲུབ་ཆེན་པོ་སུ་ཞིག་ཡིན་ཀྱང་དབུས་གཙང་གི་སློབ་གཉེར་གྱི་གདུགས་དཀར་བོའི་གྲིབ་བསིལ་ལ་མ་བསྟེན་པ་གཅིག་ཀྱང་མེད།སྤྱིར་དབུས་གཙང་ལ་གསེར་གྱི་ལྷུན་པོ་ལྟ་བུའི་མཁས་གྲུབ་གཉིས་ལྡན་མང་དུ་བྱོན་ཀྱང་དེང་སང་ཆ་འཇོག་བྱེད་ས་ས་སྐྱའི་རོང་སྟོན་དང་གོ་རམས་པ།བཀའ་བརྒྱུད་བསྟན་པའི་མེས་པོ་ཕག་གྲུ་བ་སོགས་སྐྱེས་ཆེན་མང་བོ་ཞིག་གིས་མཚོན་ཆོག བོན་གྱི་བླ་མ་ཤེས་རབ་རྒྱལ་མཚན་ཀྱང་དབུས་གཙང་བ་མིན།རྒྱུ་མཚན་དེ་ཙམ་གྱིས་མདོ་དང་ཁམས་གཉིས་དབུས་གཙང་ལ་ཅོ་འདྲི་སྙམ་པའི་རློམ་སེམས་སྐྱེས་དོགས་མི་དགོས།ཆོས་སྲིད་རིག་གནས་གང་གི་ཆ་ནས་འགྲན་པའི་དོ་ཟླ་མེད་པ་རྒྱལ་བོ་དང་ཁྱིམ་གྱི་མཛོད་ལྟར་རོ།།སྤྱིར་མདོ་ཁམས་གཉིས་ཀྱིས་མི་བོ་བཟོ་མི་ཤེས་ཞེས་ཀྱལ་ཀ་ཙམ་སྨྲས་སོ།།གང་ལྟར་དགོན་པ་བྱ་རྟུག་འདྲ་བ་ཞིག་ཡིན་ཀྱང་དགོན་མཐའི་མི་ལས་དགོན་པ་དེར་བསྟན་འཛིན་ཆེན་པོའི་མཚན་གཞི་རྙེད་དཀའ་བ་ལྟར་གྱུར་པས་རྒྱུ་མཚན་མང་བོ་ཞིག་སུ་ལའང་ལྷང་ལྷང་དུ་ཤར་འོངས་།

གལ་ཏེ་རྗེ་རིན་པོ་ཆེ་གྲྭ་བ་གྲྭ་རྐྱང་ཞིག་མིན་ན་མཁས་གྲུབ་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟར་འགྱུར་བ་དཀའ།དེ་ལྟར་སྨྲས་པའང་ཉེས་པ་མེད་པར་མངོན་ཏེ།རྗེ་བསྟན་པའི་སྒྲོན་མེས།སྐྱེ་བར་བཏགས་པས་མངོན་རློམ་ཚངས་པ་དང་།།ཁེངས་དྲེགས་འབྱོར་བས་གཡེང་བའི་འདོད་ལྷའི་རིགས།།མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན།།སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ།།གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང་།།ཞེས་སློབ་གཉེར་ཚུལ་བཞིན་བྱེད་མཁན་གྱི་སྣོད་ངོས་བཟུང་བའི་ཕྱིར་དང་གངས་ཅན་གྱི་མཁས་གྲུབ་སའི་རྡུལ་དང་མཚུངས་པའི་ཁྲོད་ཀྱི་ཕལ་མོ་ཆེ་ནི་དེ་ཁོ་ནའི་ཚུལ་བཟུང་བས་ཀྱང་ལེགས་པར་གྲུབ་པོ།།འཕགས་པའི་རིགས་བཞིའི་ཐ་མ་བྱ་བ་དངོས་སྤངས་པ་དང་སྒོམ་ལ་དགའ་བ་ལ་ཟས་དང་གོས་དང་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ཡན་ལག་ཏུ་དགོས་པར་གསུངས་པས་སློབ་གཉེར་ལ་འདོད་ཆུང་ཆོག་ཤེས་རྒྱུའི་གཙོ་བོ་ཞིག་ཡིན་པ་གོར་མ་ཆག་ཅིང་སློབ་གཉེར་ནི་སྦྱོར་བ་ཙམ་མ་ཟད་དངོས་དང་མཇུག་གི་སྒོ་ནས་ཆོག་ཤེས་ཀྱིས་མཐར་ཕྱིན་པར་བྱེད་དོ།།དེ་ལྟ་ན་རྗེ་བླ་མ་ཁོང་གཞོན་པའི་དུས་དང་བོར་དབུས་གྱི་རྭ་སྟོད་དུ་བཞུགས་ནས་སློབ་གཉེར་མཛད།དེ་ཡང་ཁང་མིག་སྤྱོད་ལམ་བཞི་ཤོང་ཕར་ཟད་ཉི་འོད་དང་དཀར་འོད་ཀྱང་མཐོང་དཀའ་བ་ཞིག་ཏུ་མི་ལོ་དྲུག་ལ་བཞུགས་པ་སོགས་བཟའ་བཏུང་སོགས་ལ་ཞིབ་ཏུ་བསམ་ན་འཆར་རྒྱུ་དང་བྲི་རྒྱུ་གཉིས་ཀ་རྫ་ལུང་གི་སྨུག་སྤྲིན་བཞིན་དུ་མཆིས་སོ།།ཕྱིས་ཇི་ཙམ་འབྱོར་ཡང་སྐུ་ཚེ་གང་བོར་གནས་ངེས་མེད་དུ་ཟས་གོས་གནས་གསུམ་ངན་ངོན་དང་ཕལ་ཆེར་གནས་བྲག་ཕུག་ལ་གཏད་པ་སོགས་ཀྱིས་ཤིན་ཏུ་མཚོན་ནུས་སོ།།

གལ་ཏེ་སྐུ་ལུས་ལ་སྙུན་མེད་ཅིང་སྟོབས་དང་ལྡན་པ་ཞིག་མིན་ན་ཆོས་ཀྱི་རྒྱལ་བོར་འགྱུར་དཀའ།ཁོང་ལ་སྙུང་གཞི་བཞེས་པའི་རྣམ་ཐར་ཁ་ཤས་འདུག་ཀྱང་འཕྲལ་རྐྱེན་ཙམ་ལས་སྤྱིར་ཁོང་གི་སྐུ་ལུས་སྟོབས་དང་ལྡན་པར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྣམ་ཐར་སོགས་ལས་ཤེས་ཐུབ་པོ།།དེས་ན་མདོ་ལས།ཟས་མ་མཆིས་ན་སྲོག་མ་མཆིས།སྲོག་མ་མཆིས་ན་ཆོས་མ་མཆིས།ཞེས་སློབ་གཉེར་གྱི་གཞི་མ་ནི་བདེ་ཐང་དུ་གསུངས་པ་ལྟར་ཆབ་དཔལ་རིག་གསུམ་གང་ཡིན་ཀྱང་གཞི་མ་བདེ་ཐང་གི་སྟེང་ནས་མཁར་རྫོང་རྩིག་རྒྱུ་དེ་ཡིན་པས་དེ་བའི་ཆེད་དུའང་དེ་མཐུན་གྱི་ཚོགས་བསགས་པ་དང་སྨོན་ལམ་འདེབས་པ་གལ་ཆེ།རྗེ་ཉིད་ཀྱིས་ཀྱང་།བདག་ནི་གང་དུ་སྐྱེས་ནས་ཐུབ་པ་ཡི།།གསུང་གི་བདུད་རྩི་འཐུང་བ་དེ་ཡི་ཚེ།།རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་།།ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག།ཅེས་གསུངས་པས་སོ།།

གལ་ཏེ་སྡོམ་ཁྲིམས་ཀྱིས་སྒོ་གསུམ་ག་དུས་དང་རྣམ་པ་ཀུན་ཏུ་ཡོངས་སུ་བསྡམས་མེད་ན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་ཅི་ལྟར་འགྱུར།རྗེ་བདག་ཉིད་ཆེན་པོ་ཁོང་གིས་སྡོམ་ཁྲིམས་མིག་འབྲས་ལྟར་སྲུང་སྟེ་གཞན་རྣམས་ཀྱང་དེ་ལ་བཀོད་པའི་ཚུལ་ནི་བསླབ་བྱ་གནམ་རྩེད་ལྡིང་མ།བྱང་ཆུབ་གཞུང་ལམ།རྩ་ལྟུང་རྣམ་བཤད་སོགས་ཐེག་པ་ཆེ་ཆུང་གི་བསྟན་བཅོས་ཇི་སྙེད་ཅིག་མཛད་པ་དང་།ཁྱད་པར་གནམ་རྩེད་ལྡེང་དུ་ཆོས་རྗེ་རྣམ་གསུམ་གདན་འཛོམས་པའི་རྣམ་ཐར་ལྟ་བུས་མཚོན་ནུས་ཤིང་མཐུ་དེ་ལ་བརྟེན་ནས་མི་ལོ་དྲུག་བརྒྱའི་རྗེས་སུ་ཡང་བཀའ་དྲིན་མ་ཉམས་པར་བཞུགས་པ་འདི་ལགས་ལ།དེ་ཡང་མཁས་གྲུབ་རྗེས།ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས།ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་བའི་དུས།།བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན།།ཁྱོད་ཀྱིས་ཉིན་མོར་མཛད།ཅེས་གསུངས།སྤྱིར་ཚངས་པའི་མན་ཆད་ན་མཁས་པར་གྲགས་པ་ཤིན་ཏུ་མང་ཡང་ལུས་ངག་དག་བྱེད་སོ་ཐར།ཡིད་དག་བྱེད་བྱང་སེམས་དང་སྔགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་བ་མེད་ན་མཁས་པ་ཙམ་ལས་སེམས་ཅན་གྱི་དོན་དུ་འགྱུར་དཀའ་བས་རྗེ་ཉིད་ཀྱིས།ཇི་ལྟར་ནོད་པའི་བསླབ་པ་ཕྲ་བ་ཡང་།།ངེས་འབྱུང་བསམ་པས་བྱང་ཆུབ་ཐོབ་ཀྱི་བར།།སྲོག་གི་ཕྱིར་ཡང་གཏོང་བར་མི་བྱེད་པའི།།ཐར་བའི་རྒྱལ་མཚན་རྟག་ཏུ་འཛིན་པར་ཤོག།ཅེས་དང་།རབ་ཏུ་བྱུང་བའི་ཚེ་ན་ཡང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་ཀྱི་ཕུང་བོ་མཐར་ཕྱིན་པར་མཛད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་བརྙེས་པ་དགེ་སློང་མི་འཁྲུགས་པ་ལྟ་བུར་གྱུར་ཅིག ཅེས་སོགས་ཤིན་ཏུ་མང་ལ།ཀུན་མཁྱེན་དབྱིག་གཉེན་གྱིས།ཚུལ་གནས་ཐོས་དང་བསམ་ལྡན་པས།།སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་དང་།ཡང་ཇི་སྐད་དུ།ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།ཞེས་གསུངས་སོ།།ཁྱད་པར་དུ་རྗེ་བླ་མས་སྡོམ་གསུམ་ཡ་མ་བྲལ་བར་ཚུལ་བཞིན་དུ་ཉམས་སུ་བླང་བ་དེ་ནི་མདོ་རྒྱུད་ཀུན་གྱི་སྙིང་བོ་དང་གངས་ཅན་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་མིག་འབྱེད་པའི་ཤིང་རྟའི་སྲོལ་ཅིག་ཡིན་པས་བཀའ་དྲིན་དུ་སེམས་སོ།།

གལ་ཏེ་རྗེ་ཐམས་ཅད་མཁྱེན་པས་རིས་སུ་མ་ཆད་པའི་བླ་མ་མང་བོ་ཞིག་བསྟེན་མེད་ན་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་འགྱུར་དཀའ།ཁོང་གི་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་ཆེས་གལ་ཆེ་ཤོས་ནི་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་བོ་ཞིག་ཚུལ་བཞིན་དུ་བསྟེན་པ་དང་བསྟེན་པ་ཙམ་མ་ཡིན་པར་མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཚུལ་གྲངས་ལས་འདས་པ་ཞིག་ལ་འཛུབ་ཁྲིད་ཞུས་པ་དེ་རེད།དེ་ཡང་རྙིང་མ་དང་བཀའ་གདམས།བཀའ་བརྒྱུད་དང་ས་སྐྱ།ཇོ་ནང་བཅས་ཀྱི་དེ་དུས་ཀྱི་མཁས་གྲུབ་སྟག་སེང་འདྲ་བ་ཕལ་ཆེར་གྱི་ཞབས་ལ་གཏུག་ཅིང་།ཁྱད་པར་དུ་གཞུང་གང་ལ་མཁས་པར་གྲགས་པའི་བླ་མ་དེ་ལས་གཞུང་དེ་ཉིད་རྫོགས་པར་གསན་ཏེ་བློ་གྲོས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད།མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་བས་ཀྱང་།།དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས།།གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས།།སྤྱི་དང་ཁྱད་པར་གཞུང་ལུགས་མཐའ་དག་ལ།།རྨོངས་པའི་མུན་ཀུན་སངས་པ་ཁྱོད་ལ་འདུད།།ཅེས་གསུངས་པས་ཁ་ཅིག་རྗེ་རིན་པོ་ཆེའི་བླ་མ་ཟེར་ན་རྗེ་བཙུན་འཇམ་པའི་དབྱངས་སོགས་ཁ་ཤས་ལས་སྨྲ་མི་ནུས་པ་དེ་ཕྱོགས་རིས་ཀྱིས་རྒྱུད་བསླད་པར་གསལ་ལོ།།དེ་ལྟར་ཁོང་གིས་བླ་མ་མང་བོ་བསྟེན་པའི་སྟོབས་ཀྱིས་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཆོས་ཚུལ་མ་ལུས་པར་གསན་ཅིང་མཁས་པར་གྱུར་ཚུལ་རྣམ་ཐར་གྱི་ཡི་གེ་རྣམས་དང་རྟོགས་བརྗོད་མདུན་ལེགས་མ་ལྟར་ཡིན་ནོ།།དེས་ན་རྗེ་ཉིད་ཀྱི་ཞལ་ནས།།ལུང་རྟོགས་ཡོན་ཏན་དུ་མས་རྒྱུད་གཏམས་ཤིང་།།དབང་བོ་ཞི་ཞིང་རབ་དུལ་སྙིང་བརྩེར་བཅས།།གཞན་དོན་སྐྱོན་མེད་བསྒྲུབ་པའི་སྙིང་སྟོབས་ཅན།།བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག།རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར།།ལུས་སྲོག་ལོངས་སྤྱོད་ཀུན་གྱིས་གཡོ་མེད་པར།།བཤེས་གཉེན་དམ་པ་ལེགས་པར་མཉེས་བྱས་ནས།།མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཤོག།ཅེས་དང་།རྣམ་དག་རིགས་པའི་སྟོབས་ཀྱིས་གསུང་རབ་དོན།།ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི།།མཁས་པའི་གམ་དུ་མཐའ་ཡས་གསུང་རབ་ལ།།ངོམས་པ་མེད་པའི་ཐོས་པ་བྱེད་པར་ཤོག།ཅེས་དང་།སྐྱེ་བ་ཐམས་ཅད་དུ་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་གྱུར་ཅིག ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་གྱུར་ཅིག མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་པར་གྱུར་ཅིག གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ་ཐོབ་པར་གྱུར་ཅིག མདོར་ན་འཆལ་བའི་ཤེས་རབ་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱིས་གསུང་རབ་ཀྱི་ཚིག་དོན་འབྱེད་པ་ལ་ཐབས་མཁས་པའི་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག དེ་ལྟར་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པ་བདེ་བླག་ཏུ་རྙེད་ནས་སྐལ་ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང་།མཁས་པ་མགུ་བ་སྐྱེད་པའི་ཡན་ལག་རྒྱལ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག ཅེས་གསུངས་པ་ལྟར་སྨོན་པ་བྱེད་པ་སྐལ་བ་བཟང་ངོ་།།

གལ་ཏེ་རྗེ་བླ་མས་རིས་མེད་ཀྱི་ཆོས་གྲྭ་མང་བོ་ཞིག་འགྲིམ་མེད་ན་མཁས་མང་རལ་བའི་ཟུར་ཕུད་ལ་ངལ་གསོ་ཅི་ལྟར་མཛད།དེ་ཡང་མདོ་སྨད་ཀྱི་བྱ་ཁྱུང་།དབུས་སུ་ཕེབས་ཏེ་བཀའ་བརྒྱུད་པའི་ཐེལ་དགོན་གཉིས།གངས་ཅན་གྱི་ན་ལཎ་ཌྲ་གསང་ཕུ་ནེའུ་ཐོག་དགོན་སོགས་དབུས་ཀྱི་གདན་ས་ཆེན་པོ་དྲུག གཙང་གི་ཞ་ལུ་དང་སྣར་ཐང་།དཔལ་ས་སྐྱའི་ཆོས་གྲྭ་ཆེན་མོ།ཇོ་མོ་ནང་།ངམ་རིང་ཆོས་སྡེ།གནས་རྙིང་།ཉང་སྟོད།རྩེས་ཐང་གི་ཆོས་གྲྭ་ཆེན་མོ་སོགས་དབུས་གཙང་ལྷོ་ཁ་དང་བཅས་པའི་དེ་དུས་ཀྱི་འཆད་ཉན་བླ་ན་འབར་བའི་ཆོས་གྲྭ་ཆེན་པོ་ཀུན་ལ་ཞབས་ཀྱིས་བཅགས་ཙམ་མིན་པར་རིས་མེད་ཀྱི་བསྟན་པའི་གཙུག་རྒྱན་ཤིན་ཏུ་མང་བོ་ལས་དཔེ་ཁྲིད་དོགས་གཅོད་གཤའ་མ་དང་ཆོས་གྲྭར་འགྲིམ།དེར་མ་ཟད་གྲྭ་སྐོར་དམ་བཅའ་སོགས་མཛད།རྭ་སྒྲེང་སོགས་བཀའ་གདམས་པའི་དགོན་པ་དུ་མར་འཆད་རྩོད་རྩོམ་གསུམ་གྱི་མཛད་པས་དུས་འདའ་འོ།།དེ་ལྟ་ན་རང་ཅག་རྗེས་འཇུག་རྣམས་ཀྱིས་ཀྱང་ཕྱོགས་རིས་མེད་ཀྱི་ཆོས་གྲྭ་ཆེན་པོ་ཀུན་ལ་འགྲིམ་པ་སྨོན་པའི་ཡུལ་དུ་བྱས་ནས་ཉམས་སུ་བླང་ན་རྗེ་བླ་མའི་རྣམ་པར་ཐར་བ་གཙོ་བོ་ཞིག་ལ་ཡི་རངས་བྱས་པ་ཡིན་ནོ།།གཞན་ཡང་སྔ་ཕྱི་ཀུན་ཏུ་དབུས་གཙང་གི་དབེན་གནས་མང་བོ་ཞིག་ཏུ་ཕེབས་ཏེ་སྒྲུབ་པ་མཛད་པ་སོགས་དགུང་ལོ་ལྔ་བཅུའི་ནང་བར་དུ་གནས་ངེས་མེད་མཛད་པས་ཉིད་ཀྱིས་རྒྱལ་ཁམས་པ་བློ་བཟང་གྲགས་པ་ཞེས་མཚན་སྨྲས་པ་ལའང་གོ་བ་སྟེར་རོ།།སྤྱིར་རྗེ་བླ་མ་མ་ཟད་སྔོན་དུས་ཀྱི་མཁས་གྲུབ་སྟག་སེང་འདྲ་བ་དེ་དག་སུ་ཞིག་གི་རྣམ་ཐར་སོགས་ལས་དཔག་ན་རིས་མེད་ཀྱི་གྲྭ་ས་འགྲིམ་པ་དེ་ནི་མཁས་ཤིང་གྲུབ་པའི་རྒྱལ་ས་ཟིན་པའི་ཐབས་མཆོག་བླ་ན་མེད་པ་ཞིག་ཏུ་འཁུམས།རྗེ་ཉིད་ཀྱིས།དེ་ལྟར་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པ་བདེ་བླག་ཏུ་རྙེད་ནས་སྐལ་ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང་།མཁས་པ་མགུ་བ་སྐྱེད་པའི་ཡན་ལག་རྒྱལ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག ཅེས་དང་ཀུན་མཁྱེན་བཞད་པའི་རྡོ་རྗེས།ཀུ་ཡངས་ཕྱོགས་མེད་གྲྭ་ས་འགྲིམ།།ཞེས་གསུངས་པ་ལྟར་སློབ་གཉེར་བ་ཚོས་སྙིང་གི་དཀྱིལ་དུ་འཆང་དགོས་པ་ཞིག་གོ།དེ་ཕྱིར་ཕྱོགས་འདི་ལ་ནི་སྐབས་བབས་ཀྱི་སྲིད་འཛིན་པའི་སྒྲིག་འཛུགས་དང་ལུང་བ་ག་གེ་མོ་ཞིག་གི་འདུ་ཤེས་ཀྱིས་སྒྱུར་མི་ཆོག་པ་ཞིག་རེད།དེ་ཡང་ཡིན་ཏེ་རྒྱལ་ཁབ་དང་མི་རིགས་སུ་ཞིག་ལ་མཚོན་ན་སྔོན་གྱི་ལོ་ཙཱ་བ་དང་ཕྱིས་ཀྱི་སྲོལ་འཛིན་པ།དེང་རབས་ཀྱི་ཡོན་ཏན་པ་སུ་ཞིག་ཡིན་ཀྱང་རྒྱལ་ཁབ་ཕྱི་ནང་སོགས་སྤྱི་ཚོགས་སྣ་མང་བརྒྱུད་ཅིང་ཕར་འགྲོ་ཚུར་འོང་གི་ལམ་ནས་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པས་མདོར་ན་གོ་ཁར་བསྡད་དེ་མཁས་པར་གྱུར་པ་གཅིག་ཀྱང་མེད་ཚོད་དུ་གདའ་འོ།།

༡༠ གལ་ཏེ་ཁོང་ལ་འགྲན་ཟླ་མེད་པའི་གོ་རིག་དང་ཞུམ་པ་བྲལ་པའི་ཐུགས་སྟོབས་ཤིག་མེད་ན་ཇི་སྐད་བསྙེད་པའི་མཐུན་རྐྱེན་ཀུན་ཚང་ཡང་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཏུ་འགྱུར་ག་ལ་ཐུབ།དེ་ཡང་ཁོང་གི་ཐུགས་འཛིན་ནི་རྣམ་ཐར་ལས།དེའི་ཚེ་ཆོས་གསན་པའི་ཞར་ལ་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་ཞིང་མདའ་ཚད་བཅུ་བདུན་རེ་མ་ཆག་པར་ཐུགས་ལ་བཟུང་།ཞེས་དང་གཞན་ཡང་ཐུགས་འཛིན་གྱི་ཉམས་སད་པའི་རྣམ་ཐར་སོགས་ཀྱིས་ཤེས། ཁྱད་པར་དུ་པོ་ཏི་ལྔའི་རྩ་བ།བྱམས་ཆོས།རིགས་ཚོགས།ཀུན་བཏུས་དང་བཞི་བརྒྱ་བ།འཇུག་པ་དང་སྤྱོད་འཇུག་བཅས་གཞུང་ཆེན་བཅུ་བདུན་གྱི་བཤད་པ་ཕྲ་རགས་མ་ལུས་པར་དཀྱིས་གཅིག་ཏུ་ཉིན་རེར་ཆོས་མཐུན་བཅོ་ལྔ་བྱས་ཏེ་ཟླ་གསུམ་ལ་རྫོགས་པར་མཛད་པ་དེ་འདྲ་སྔོན་འཕགས་བོད་ཀྱི་མཁས་གྲུབ་སུ་ཞིག་གི་རྣམ་ཐར་དུ་མི་འབྱུང་བས་རྗེ་བླ་མའི་མཛད་ཆེན་གཅིག་བགྲང་ཞེ་ན།ཁོ་བོ་ནི་བླར་དེ་ཁོ་ན་འདྲེན་ནོ།།གཞིག་ཏུ་མེད་པའི་ཐུགས་སྟོབས་ཅི་ཙམ་མངའ་བ་ནི་རྣམ་ཐར་གྱི་སྐབས་གང་འོག་ཀུན་ལས་གསལ་བར་ཤེས་ནུས་ཤིང་ཁྱད་པར་ཆོས་ཀྱི་ཕྱིར་དུ་ལུས་སྲོག་ལ་ཕོངས་པ་སྤུ་ཙམ་ཡང་མེད་པའི་ཚུལ་ཀུན་ཏུ་འབྱུང་ངོ་།།རྗེ་ཉིད་ཀྱིས།ལྷག་བསམ་རྣམ་པར་དག་པའི་དར་ཆེན་ཕྱར།།བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་བསྐྱོད།།ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་ནས།།ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག།ཅེས་གསུངས་སོ།།

༡༡ གལ་ཏེ་རྗེ་བླ་མས་རང་གི་དྲིན་ཆེན་ཨ་མ་ལགས་ཀྱི་སྐུ་ངོ་མ་ཟློག་པར་ཕ་ཡུལ་དུ་ཕེབས་ཡོད་ན་བསྟན་པ་དང་འགྲོ་བའི་དོན་ལ་བར་ཆད་དུ་འགྱུར་སྲིད།དེ་ཡང་ཁོང་གིས་བཀའ་གདམས་པའི་ཕུག་ནོར་བཅུའི་ཉམས་ལེན་མཛད་ཅིང་ཁྱད་པར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོར་གཟིགས་ཏེ་རང་གི་མ་ཡུམ་དང་ཡང་གཏན་བྲལ་བྱས་པ་ལྟ་བུ་རེད།ཚུལ་དེ་མི་ཞིག་ལ་མཚོན་ན་བློས་གཏོང་མི་ཕོད་པ་ཞིག་ཡིན་ལ།ཁོང་ཕ་ཡུལ་དང་ཨ་མ་ལ་བརྩེ་བ་མེད་པ་ག་ལ་ཡིན།ཁོང་གི་ཞལ་ནས།ལྷ་སའི་བར་སྐོར་མཐའ་ན།།འགྲིལ་བ་བརྒྱ་འགྲོ་སྟོང་འགྲོ།།ཕ་ཡུལ་ཕྱོགས་ཀྱི་འགྲིལ་བ།།རིན་ཆེན་གསེར་ལས་དཀོན་སོང་།།ཞེས་གསུངས་པར་གྲགས་པ་དང་།དགའ་ལྡན་དགོན་གྱི་ཉེ་འཁོར་དུ་ཁུ་བྱུག་གྲགས་ན་ཁོང་གི་ཨ་མ་དྲན་པའི་རྐྱེན་བྱས་པས་ཁུ་ཡུག་གྲགས་མི་ཆོག་པའི་བཀའ་བབས་པའི་བཤད་རྒྱུན་སོགས་ཡོད་ལ།དེ་ཙམ་གྱི་རྣམ་པར་ཐར་བ་ལ་བསམ་ནའང་རྗེ་བླ་མས་ང་ཚོ་ཁོ་ནའི་དོན་དུ་དཀའ་བ་བརྒྱ་ཕྲག་སྤྱད་པ་གསལ་བོ་ཡིན་པས་བཀའ་དྲིན་མི་དྲན་རང་དབང་མེད་དོ།།དེང་གི་དུས་སུ་རབ་བྱུང་བ་རྣམས་ཁྱིམ་གྱི་བྱ་བ་སྣ་ཚོགས་ལ་ཆགས་ཏེ་ཆོས་ཀྱི་བར་ཆད་དུ་འགྱུར་བ་འདི་ནི་སྔོན་ཨ་རིག་དགེ་བཤེས་ཆེན་མོས་རབ་བྱུང་བ་མ་རེད།རབ་འཛིན་པ་རེད།ཅེས་ཤགས་རྒྱབ་པའང་དེ་ལྟ་བུ་ལ་དགོངས་པར་སེམས་སོ།།

༡༢ གལ་ཏེ་རྗེ་བླ་མ་བྱ་བྲལ་ལ་ཕེབས་ཏེ་དཀའ་སྤྱད་དྲག་པོའི་སྒོ་ནས་ཉམས་ལེན་མཐིལ་ཕྱིན་པ་ཞིག་མཛད་མེད་ན་འཁོར་བའི་འདྲེན་མཆོག་དམ་པར་ཇི་ལྟར་འགྱུར།དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་ལྟར་འོལ་ཁ་སོགས་སུ་སྒྲུབ་པ་རྩེ་གཅིག་མཛད་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་པ་རྙེད་པའི་ཚུལ་མཛད་ཅིང་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཐུགས་དམ་ཤིན་ཏུ་འཕེལ།དེས་ནི་གངས་ཅན་པ་ཁ་ཅིག་ནི་ལམ་གྱི་ངོ་བོ་ནོར།གྲངས་ཆད།གོ་རིམ་འཆོལ་བ་སོགས་ཀྱི་ཉམས་ལེན་ནི་འབད་པ་དོན་མེད་པས་ཉམ་ང་བའི་གཡང་ས་ལས་ཉེ་བར་བཟུང་སྟེ་ཐར་ལམ་གསལ་བར་འབྱེད་པའི་ཉི་མ་ཤར་བ་ཡིན་ནོ།།སྤྱིར་རྗེ་བླ་མས་ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་བའི་ཤིང་རྟའི་ལམ་སྲོལ་སྔ་མོ་ནས་ཕྱེ་ཡོད་ནའང་གང་ཐོས་བསམ་བྱས་པ་དེ་དབེན་པར་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་རྒྱུ་དེ་ཐུགས་བཞེད་གཙོ་བོ་ཞིག་སྟེ།ཁོང་གིས་དབུས་གཙང་དང་ལྷོ་བྱང་གི་དབེན་གནས་མང་བོ་ཞིག་ཏུ་སྐུ་མཚམས་དམ་པོར་གནང་སྟེ་དཔེ་གཟིགས་མཛད་པ།བླ་མ་དང་ལྷའི་རྣལ་འབྱོར་ལ་བརྩོན་པ་སོགས་ཤིན་ཏུ་མང་ལ།ཁྱད་པར་དུས་རྒྱུན་ཏུ་ཐེག་ཆེན་གྱི་ལམ་ལ་འདྲིས་ཤིང་བླ་མ་དང་ཡི་དམ་གྱི་རྣལ་འབྱོར་ལ་བརྩོན་པའི་རྣམ་པར་ཐར་བ་བཞིན་ནོ།།དེ་ཡང་སྟག་ཚང་ལོ་ཙཱ་བས།བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན།།དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།།བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ།།འདི་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད།།ཅེས་གསུངས་ལ་བདག་ཅག་རྣམས་ཀྱི་འདུན་སྨོན་གྱི་ཡུལ་ནི་ཁོང་གི་ཞལ་ནས།དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།།གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།།དབེན་པར་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།།གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།།ཞེས་དང་།གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།།བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།།ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།།དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག།ཅེས་གསུངས་པ་ཙམ་གྱིས་མཚོན་ཏེ་སྨོན་ལམ་བྱའོ།།ཁ་ཅིག་ནི་སྒོམ་པ་ལྟ་ཅི།ཐོས་བསམ་ཕྱོགས་རེ་ཙམ་ཡང་མེད་པར་བསྟན་པའི་སྲོག་ཤིང་།ཆོས་ཀྱི་རྒྱལ་བོ་སོགས་སུ་རློམ་པ་ནི་གཞན་སྡེའི་རྟག་བདག་ཏུ་ལྟ་བས་རྒྱུད་བསླད་པར་ཤིན་ཏུ་གསལ་ལོ།།

༡༣ གལ་ཏེ་རྗེ་བླ་མ་ཆོས་ཚུལ་ཀུན་ལ་མངའ་འབྱོར་ནའང་རྒྱ་ནག་གོང་མའི་དབུ་བླར་ཕེབས་ཡོད་ན།གངས་ཅན་པ་རྣམས་ཀྱི་རྨོངས་མུན་སངས་དཀའ།དེ་ཡང་རང་རེ་ཁ་བ་ཅན་པ་རྣམས་གདུལ་བའི་ཞིང་དུ་གཟིགས་ཤིང་།སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ཐུགས་ལ་བཏེེགས་པས་གོང་མས་ཀྱང་གདན་འདྲེན་མ་ནུས་སོ།།ཚུལ་འདི་ལ་སྒོ་སྣ་ཚོགས་ནས་ཞིབ་ཏུ་བསམ་ན་བརྗོད་རྒྱུ་ཤིན་ཏུ་མང་།

༡༤ གལ་ཏེ་རྗེ་བླ་མས་མདོ་སྔགས་ཆ་ཚང་ཞིང་རྒྱལ་བའི་དགོངས་པར་རྫོགས་པར་བཀྲལ་པའི་བསྟན་བཅོས་འདི་སྙེད་ཅིག་བརྩམས་མེད་ན་གངས་ལྗོངས་མཁས་གྲུབ་ཀུན་གྱི་འཁོར་ལོས་སྒྱུར་བ་དང་རང་ཅག་རྣམས་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པའི་མིག་ཏུ་ཇི་ལྟར་འགྱུར།དེའང་ཁོང་དགུང་ལོ་ཉེར་གཉིས་ཙམ་ནས་སློབ་མ་སྐྱོང་བ་དང་བསྟན་བཅོས་རྩོམ་པ་མཛད།སྐབས་དེར་ཕལ་ཆེར་སྔ་རབས་པའི་ལྟ་བའི་བཞེད་པ་གཞིར་བྱས་ཏེ་འཆད་རྩོམ་མཛད་པར་གསལ་ལ།དེའང་གདུལ་བྱ་འདུལ་བའི་ཐབས་ཁོ་ན་ཡིན་ཏེ་མདོ་ལས་ཀྱང་།ཇི་ལྟར་ནད་པ་ན་བ་ལ།།སྨན་པས་སྨན་ནི་གཏོང་བ་ལྟར།།དེ་བཞིན་སངས་རྒྱས་སེམས་ཅན་ལ།།ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ།།ཞེས་སོགས་དང་ཀླུ་སྒྲུབ་ཀྱིས།བརྡ་སྤྲོད་པ་དག་ཇི་ལྟ་བུར།།ཡི་གེ་ཕྱི་མོ་ཀློག་འཇུག་ལྟར།།ཞེས་སོགས་དང་ལེགས་བཤད་གསེར་ཕྲེང་ལས།འདིའི་ངང་ཚུལ་སྤྲོས་པའི་མཐའ་བརྒྱད་ཀྱིས་དབེན་པར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འོངས་པ་ནི་འདིར་མ་བཀོད་དེ། མིང་ཙམ་ལས་ཀྱང་སྐྲག་པ་སྐྱེ་བར་སྣང་བའི་ཕྱིར་རོ།།དེའི་ཕྱིར་དེ་ལྟ་བུ་གཞན་ཡང་འདིར་རེ་ཞིག་མ་སྨྲས་སོ།།ཞེས་གསུངས་སོ།།

ཕྱིས་བུ་སློབ་མང་དུ་འཕེལ་ཞིང་སྣོད་དུ་རུང་བ་མང་དུ་བྱུང་བ་ན་ཡུལ་དང་གདུལ་བྱ་རིས་མེད་ལ་གྲུབ་མཐའ་སྤྱི་དང་རྒྱུད་སྡེ་བཞི།ཁྱད་པར་རྒྱལ་བ་ཉིད་ཀྱི་དགོངས་པ་མཐར་ཐུག་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བའི་ཐེག་པའི་སྒོ་སྣ་ཚོགས་པ་དང་།ཉིང་དགོས་སྔགས་ཀྱི་ཐེག་པའི་ཚུལ་ལས་བརྩམས་ཏེ་སྔར་མ་ཐོན་པའི་ལེགས་པར་བཤད་པ་ས་འོག་གི་གཏེར་བཞིན་དུ་གསལ་བར་བཏོན།ས་སྟེང་དུ་སྔར་བྱུང་མ་མྱོང་བའི་བསྟན་བཅོས་མང་དུ་མཛད།གངས་རིའི་ཁྲོད་དུ་སྙིང་ནས་གྲོལ་བ་དང་མཆོག་གི་གོ་འཕང་འདོད་པ་དག་གི་མིག་ཕྱེ་ཞིང་།མཁས་རྒུ་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག དེ་ཡང་མཁས་གྲུབ་སྨྲ་བའི་ཉི་མས།འཕགས་ཡུལ་ཤིང་རྟ་ཆེ་རྣམས་བཞེད་པའི་གཞུང་།།ཇི་བཞིན་གཟིགས་པ་ཁྱོད་ལས་གཞན་ན་གང་།།གསུང་རབ་ཀུན་ཀྱང་ཁྱོད་ཉིད་འབའ་ཞིག་ལ།།གདམས་པའི་མཆོག་ཏུ་ཤར་ལ་གསོལ་བ་འདེབས།།ཞེས་དང་།སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས།ལ་ལ་རིགས་བྲལ་ལུང་གིས་གྲུབ་མཐའ་འཇོག།ཁ་ཅིག་ལུང་མེད་རིགས་པ་ལྟར་སྣང་ཙམ།།ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན།།ལེགས་པར་འབྱེད་པ་ཁྱོད་ལ་གུས་ཕྱག་འཚལ།།ཞེས་དང་།མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེའི་ཐེག།རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད།།ཅེས་གསུངས་སོ།།

དེ་ཡང་ལེགས་པར་བཤད་པ་འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་བ་ཇི་སྙེད་ཅིག་བཙལ་བ་ཀུན་ནི་བསྟན་པ་དང་འགྲོ་བའི་དབུགས་འབྱིན་ཤ་སྟག་ཏུ་གྱུར་ཅིང་བློ་གསལ་བགྲོད་པའི་ཐེམ་སྐས་དང་ཀུན་གཞིའི་རྒྱ་ཆེར་འགྲེལ་སོགས་དགུང་ལོ་ཧ་ཅང་གཞོན་པའི་དུས་སུ་མཛད་པ་ཡིན་ནའང་འཕགས་སེང་དང་སྐུ་མཆེད་ཀྱི་དགོངས་པ་ལེགས་པར་བཀྲལ་པས་གདུལ་བྱ་རྣམས་ཀྱི་མིག་ཏུ་གྱུར།དགུང་གྲངས་སུམ་ཅུ་ཡར་མར་ལ་བཀའ་གདམས་གཞུང་བ་བས་བཀྲལ་ཚུལ་ལྟར་རྒྱལ་བའི་ཡུམ་རིན་པོ་ཆེའི་དགོངས་འགྲེལ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ས་སྟེང་ན་འགྲན་ཟླ་མ་མཆིས་པ་ཞིག་མཛད་དེ་མཁས་པའི་གཙུག་རྒྱན་ཀུན་ཀྱང་ཁེངས་པའི་ཀུ་མུད་ཟུམ་ཏེ་དད་པའི་ཐལ་མོ་སྦྱར་བ་ནི།ཀུན་མཁྱེན་བླ་མས།སྤྱིར་ན་སྟག་ཚང་ལོ་ཆེན་གྱིས་ཀྱང་།གསེར་ཕྲེང་མཐོང་ནས།ཁྱོད་བློའི་ཉི་མས་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་པའི་ཀུ་མུཏ་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་མདོ་རྒྱན་སྦྱོར་ཚུལ་ཙམ་དུ་མ་ཟད།དེ་གཉིས་ཀྱི་དོན་ཡང་འཕགས་ཡུལ་མཁས་པས་བཀྲལ་ཚུལ་གསེར་ཕྲེང་མེད་ན་ཇི་ལྟར་ཤེས།ཞེས་གསུངས་སོ།།

ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྒྲུབ་ཐབས་སམ་ཡུམ་གྱི་སྦས་དོན་གྱི་རིམ་པ་གསལ་བར་འབྱེད་པའི་བཀའ་གདམས་གདམས་ངག་པའི་བཤད་སྲོལ་ལྟར་རྒྱལ་ཡུམ་དགོངས་འགྲེལ་དང་བཅས་པའི་མན་ངག་མཐར་ཐུག་པ་གདན་ཐོག་གཅིག་ལ་ཉམས་སུ་ལེན་ཚུལ་རྫོགས་པར་སྟོན་པ་གླེགས་བམ་གཅིག་ཏུ་བསྡུས་པ་ཆེ་བ་བཞི་ལྡན་གྱི་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་མཛད་དེ་རྒྱལ་བསྟན་སྤྱི་ལ་ཕྱག་རྗེས་བླ་ན་མ་མཆིས་པ་བཞག གཞན་ཡང་སྡོམ་པ་གསུམ་གྱི་རྣམ་བཞག་སོགས་རྒྱ་ཆེར་སྟོན་པའི་བསྟན་བཅོས་ཆེན་པོ་གསུམ་སོགས་མཛད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྨང་ནས་གསོས་ཏེ་སྲོག་བཟུང་།ཀརྨ་མི་བསྐྱོད་རྡོ་རྗེས།བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར།རྟག་ཙམ་གྱིས་འདུལ་བ་འཛིན་པའི་དུས།།རྗེ་བློ་བཟང་གྲགས་པ་བྱ་བ་དེས།།བཅོམ་ལྡན་ཤཱཀྱ་ཐུབ་ཀྱི་ཚུལ་བཟུང་ནས།།ངུར་སྨྲིག་གི་རྒྱལ་མཚན་འཛིན་མཛད་པས།།སྔོན་ཤཱ་རིའི་བུ་འདྲ་བགྲང་ཡས་ཀྱིས།།འཛམ་གླིང་གི་རྒྱལ་ཁམས་གང་བར་མཛད།།ཅེས་གསུངས།འཕགས་པ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པ་འགྲེལ་བ་ལ་མ་རྟོགས་པ་ལ་སོགས་པའི་དྲི་མ་མཐའ་དག་བསལ་ཏེ་ཞིབ་པར་འགྲེལ་བའི་བསྟན་བཅོས་ཆེན་པོའི་ལེགས་བཤད་སྙིང་བོ་དང་རྩ་འཇུག་གི་རྣམ་བཤད་གཉིས་སོགས་མཛད་དེ་གངས་ཅན་པ་རྣམས་ལ་ཐར་བའི་མིག་གསལ་བར་ཕྱེ།འཇམ་དབྱངས་བླ་མ་རྗེ་བསྟན་པའི་སྒྲོན་མེས།དེ་ཕྱིར་རྒྱལ་བ་སྟོན་པ་ཡི།།བསྟན་ལ་འོད་བྱེད་ཉི་མ་དང་།།འགྲོ་བའི་དབུགས་འབྱིན་ཟླ་བ་ཡང་།།མཚུངས་པ་མེད་པ་ཁྱོད་དུ་ངེས།།ཞེས་སོགས་གསུངས་སོ།།

བྱེ་བྲག་ཏུ་རྒྱལ་བ་རྡོ་རྗེ་འཆང་གི་བཀའི་དགོངས་པ་འགྲེལ་བའི་རྒྱུད་ཀྱི་བསྟན་བཅོས་སྲིད་པ་གསུམ་ན་འགྲན་ཟླ་མེད་པ་མང་བོ་ལུས་ཅན་ཀུན་གྱི་གསོས་སུ་བསྩལ།དེ་ཡང་རྒྱུད་སྡེ་སྤྱིའི་རྣམ་བཞག་གསལ་བར་སྟོན་པ་སྔགས་རིམ་ཆེན་མོ།སྒྱུ་ལུས་དང་འོད་གསལ་སོགས་དཀའ་བའི་གནས་རྣམས་རྩལ་འདོན་མཛད་པའི་རིམ་ལྔ་གསལ་སྒྲོན་དང་མཐའ་དཔྱོད་མྱུ་གུ།སྦས་དོན་ཀུན་གསལ་སོགས་པོ་ཏི་བཅོ་བརྒྱད་མང་ཆེ་བ་སྔགས་ཕྱོགས་ཡིན་པས་རྗེ་བསྟན་པའི་སྒྲོན་མེས།གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི།།དབང་དང་དམ་ཚིག་ལམ་དང་འབྲས།།ཀུན་ལ་གོལ་བའི་མཐའ་བཀག་སྟེ།།གསང་བའི་གནད་ཀུན་རྫོགས་པར་བཀྲལ།།ཅེས་སོགས་གསུངས་སོ།།དེས་ན་མདོ་སྔགས་ཡོངས་སུ་རྫོགས་པ་ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟར་མཛད་པས་ཚེ་འདི་དང་ཕྱི་མ་ཀུན་ཏུ་བློ་བཟང་རྒྱལ་བའི་བསྟན་དང་མཇལ་བའི་སྨོན་ལམ་བྱ་ལ་དེ་ཡང་ཇི་སྐད་དུ།ཀུན་གཟིགས་ལྔ་བ་ཆེན་མོས།རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན།།རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ།།བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད།།བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག།ཅེས་སོ།།དེར་མ་ཟད་ཉིད་ཀྱིས་མཛད་པའི་བསྟོད་པ་བསྔོ་སྨོན་ཆོས་སྤྱོད་ཡན་ཆད་ཀྱིས་ཀྱང་ད་ལྟའི་བར་དུ་འགྲོ་བའི་ལས་སྐལ་དུ་ལོངས་སུ་སྤྱོད་བཞིན་པ་འདི་ནི་ཁོང་གི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་ཡིན་པས་རྗེ་བསྟན་པའི་སྒྲོན་མེས།འཁྲུལ་བྲལ་ཁྱོད་གསུང་གླེགས་བམ་རྣམས།།གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད།།ཅེས་གསུངས་སོ།།

རྗེ་བླ་མ་ཁོང་གི་ལེགས་བཤད་ཀུན་ནི་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞིའི་རྣམ་བཞག་གང་ཞིག་ཡིན་ན་ཐུབ་པའི་གསུང་དང་འཕགས་ཡུལ་གྱི་རང་རང་གི་སློབ་དཔོན་ཚད་ལྡན་རྣམས་ཀྱི་ལུང་རིགས་ལ་གཞི་བཅོལ་ཏེ་ཕུ་ཐག་ཆོད་ངེས་མཛད་དེ་སོ་སོའི་ལུགས་མ་འདྲེས་པར་འཆད་པ་ལས་གཏེར་ཆོས་དང་མན་ངག་ཡིན་ཟེར་ཏེ་སྒྲུབ་བྱེད་དུ་འདྲེན་པ་གཅིག་ཀྱང་མི་གནང་།ཉིད་ཀྱི་ཞལ་ནས།དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།།འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།ཞེས་གསུངས་པ་དང་ས་བཟང་མ་ཏི་པན་ཆེན་གྱིས།ཐུབ་དབང་ཞིང་དུ་ཁྱོད་ཉིད་ཁོ་ནས་ནི།།ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་ལྟ་ན།།ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས།།མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ།།ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན།།དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས།།སྒྲོ་སྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ།།མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར།།ཅེས་གསུངས།དཔེར་ན།ལེགས་བཤད་སྙིང་བོ་གཅིག་བུ་ལ་མཚོན་ན་སེམས་ཙམ་ཐད་དུ་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པ་ལྟར་འཆད།རང་རྒྱུད་པ་དང་ཐལ་འགྱུར་བ་སོ་སོའི་ཐད་དུ་རང་རང་གི་སློབ་དཔོན་ཚད་ལྡན་དག་གི་གཞུང་རྣམས་མ་འདྲེས་པར་ལུང་རིགས་ཀྱིས་ལེགས་པར་དྲངས་པ་དང་རྗོད་བྱེད་ཚིག་གི་ཆ་ནས་ཀྱང་ཐ་སྙད་སྦྱོར་ལུགས་ཚུན་ཆད་འཕགས་ཡུལ་པན་ཆེན་དག་དང་མཐུན་པར་བྱེད་པ་ལས་གང་བྱུང་དུ་མི་མཛད་ཅིང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་ཤིན་ཏུ་མཐུན་པར་གནང་།ཡི་གེ་གཅིག་ལ་གོ་བ་ཤིན་ཏུ་ཟབ་མོ་ཡོད་པ་དེ་ལྟ་བུ་བོད་སྔ་ཕྱི་སུ་ལའང་མ་བྱུང་བར་བླ་མ་གོང་མ་རྣམས་གསུངས་བ་ལྟར་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་མགྲིན་གཅིག་གིས་བསྔགས་པའོ།།

ད་དུང་རྒྱལ་ཚབ་མཁས་གྲུབ།འདུལ་འཛིན་པ་དང་དགེ་འདུན་གྲུབ་པ་སོགས་བུ་ཆེན་རྣམས་ཀྱི་ལེགས་བཤད་ཇི་སྙེད་བསྩལ་བ་ཀུན་ཀྱང་རྗེ་བླ་མ་ཉིད་ཀྱི་གསུང་རབ་དང་མན་ངག་ལ་གཞི་བཅོལ་བ་ཤ་སྟག་ཡིན་པས་ཁོང་གི་འཕྲིན་ལས་སུ་བྱ་དགོས་ལ།དེར་མ་ཟད་ཕྱིས་འབྱུང་གི་ཡང་སློབ་སྟག་སེང་འདྲ་བ་དག་གིས་གཞུང་ཆེན་སོ་སོའི་སྤྱི་དོན་དང་མཐའ་དཔྱོད།ཡི་དམ་སྒྲུབ་སྐོར་དང་ཐ་ན་ཆོས་སྤྱོད་སོགས་ཇི་སྙེད་མཛད་པ་ཐམས་ཅད་ལྗོན་ཤིང་གཅིག་ལས་སྐྱེས་པའི་ཡལ་ག་དང་ལོ་མ་སོགས་ཀྱི་ཚུལ་དུ་ཡོད་པས་ཐམས་ཅད་རྗེ་བླ་མའི་བཀའ་དྲིན་ཡིན།དེ་ལྟ་ན་རྗེ་བླ་མ་ནི་དེང་སང་གི་དགེ་ལུགས་པ་ཟེར་བ་ཙམ་མ་ཡིན་པར་ཐུབ་བསྟན་སྤྱི་ལ་བཀའ་དྲིན་བླ་ན་མེད་པ་ཡིན་པས་ཁོ་བོ་ཅག་ནང་བ་སངས་རྒྱས་པར་ཁས་འཆེ་བ་ཡིན་ཚད་ཀྱིས་བཀའ་དྲིན་དྲན་ཞིང་གསོལ་བ་བཏབ་ན་རྟེན་འབྲེལ་གྱི་ཆོས་སྐལ་ཁྱད་པར་བ་ཞིག་ཡོད་པར་སྣང་ངོ་།།

༡༥ གལ་ཏེ་སློབ་མ་གསོ་བསྐྱངས་མཛད་དེ་བུ་ཆེན་མང་བོ་བྱུང་མེད་ན་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་ཇི་ལྟར་འགྱུར།དེ་ཡང་ཁོང་འདའ་ཁའི་བར་དུ་མདོ་སྔགས་ཀྱི་གཞུང་ཆེན་མང་བོའི་བཤད་པ་མཛད།སྡེ་སྣོད་འཛིན་པའི་སློབ་མ་བགྲང་གིས་མི་ལངས་པ་བྱུང་།ཁྱད་པར་བསྟན་པ་འཛིན་པ་ལ་ཟླ་ཐམས་ཅད་དང་བྲལ་བའི་རྒྱལ་ཚབ་དང་མཁས་གྲུབ།འཕྲིན་ལས་ནམ་མཁའ་དང་མཉམ་པའི་འཇམ་དབྱངས་ཆོས་རྗེ་དང་བྱམས་ཆེན་ཆོས་རྗེ།བསྟན་པའི་མངའ་བདག་འདུལ་འཛིན་པ་དང་རྗེ་ཤེར་སེང་།དགེ་འདུན་གྲུབ་སོགས་འགྲན་ཟླ་མེད་པའི་བུ་སློབ་དེ་དག་གིས་རྗེ་བླ་མའི་བསྟན་པ་ཉིད་བཟུང་ཞིང་ཕྱོགས་མཐར་སྤེལ་བའི་བཀའ་དྲིན་ལས་ད་ལྟར་ཡང་སྐྱེ་བོ་སྐལ་བ་དང་ལྡན་པ་དག་གི་ལོངས་སྤྱོད་དུ་གྱུར་བ་ལགས་སོ།།

༡༦ གལ་ཏེ་རྗེ་ཐམས་ཅད་མཁྱེན་པ་མཁས་དང་གྲུབ་པའི་རྩེར་སོན་ནའང་དགོན་པ་ཕྱག་འདེབས་མཛད་པ་དང་ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་མཛད་ཆེན་མང་བོ་ཞིག་བསྐྱངས་མེད་ན་ང་ཚོས་འདི་ལྟར་དྲན་གསོ་བྱའམ།དེ་ཡང་སྤྱིར་སློབ་གཉེར་བྱེད་པ་ཙམ་ལ་ཐོས་བསམ་བྱེད་པ་དེ་ག་སྒོམ་པས་ཆོག་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ངེས་པར་དུ་ཚོགས་གཉིས་ཡ་མ་བྲལ་བ་དགོས་པ་དང་།ཆོས་ཀུན་བདེན་སྟོང་དུ་སྒོམ་པ་ཙམ་ནི་ཉན་རང་ལའང་མཛེས་ཀྱི་གཟུགས་སྐུའི་ཕྱིར་དུ་དཀོན་མཆོག་མཆོད་པ་དང་སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབས་པ་སོགས་ཐབས་ཚུལ་དཔག་པར་དཀའ་བ་དགོས།ཁྱད་པར་སེམས་ཅན་རིས་སུ་མ་ཆད་པའི་དོན་བྱ་དགོས།དེ་ཡང་རང་རང་གི་ཁམས་བཞིན་དུ་བྱ་དགོས།ས་གནས་ཀྱི་སེམས་དཔའ་རྣམས་ནི་ཞི་བར་མི་གཞོལ་བར་སེམས་ཅན་གྱི་དོན་གང་དུ་ཡོད་ན་དེར་སྐྱེ་བ་བཞེས་པའི་རྣམ་ཐར་བཞིན་ནོ།།དེས་ན་སྒོམ་ཞེས་པ་ནི་ཐོས་དོན་ཉམས་སུ་ལེན་པ་ཡིན་པས་བྱང་སེམས་རྣམས་གཞན་དོན་དུ་སྤྱོད་པ་ཀུན་ཀྱང་སྒོམ་པའི་ནང་ལ་འོས་མེད་དུ་བསྡུ་བར་བྱའོ།།དེས་ན་ཉིད་ཀྱི་ཞལ་ནས།དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།ཞེས་གསུངས་པ་ལྟར་སྨོན་པ་ཙམ་མ་ཡིན་པར་གསང་གསུམ་གྱི་མཛད་པ་ཐམས་ཅད་སེམས་ཅན་སྤྱི་དང་གངས་ཅན་པའི་བསྟན་པ་རྒྱས་པའི་ཆེད་དུ་བཏང་ངོ་།།

༡༧ གལ་ཏེ་རྗེ་བླ་མའི་ཐུགས་བསྐྱེད་དང་སྨོན་ལམ་ལ་བརྟེན་ཏེ་ཐུབ་བསྟན་སྤེལ་བ་ལ་འགྲན་ཟླ་བྲལ་བའི་སྐྱབས་མགོན་རྒྱལ་བ་ཡབ་སྲས་སོགས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྐྱེས་ཆེན་དམ་པ་རྣམས་རིམ་པར་བྱོན་མེད་ན་འཇམ་མགོན་བླ་མའི་བསྟན་པ་དང་ཇི་ལྟར་མཇལ།པོ་ཏི་བཅོ་བརྒྱད་ལ་འཆད་ཉན་ཇི་ལྟར་བྱ།དེས་ན་དངོས་བརྒྱུད་ཀྱི་བླ་མ་ཐམས་ཅད་རྗེ་བླ་མ་དང་མཚུངས་པར་བཀའ་དྲིན་དྲན་ཏེ་གུས་པར་བྱའོ།།

དེ་སྐད་བརྗོད་པ་ནི་རང་ཉིད་རྗེ་བླ་མར་དགའ་དད་མངོན་པ་ཙམ་ལས་ཁོང་གི་རྣམ་པར་ཐར་བ་ནི་དེ་ཙམ་གྱིས་ག་ལ་མཚོན།ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་ནི་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་དང་ལམ་རིམ་ཉམས་མགུར།རྟེན་འབྲེལ་བསྟོད་པ་གསུམ་དང་།མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་མཛད་པའི་རྣམ་པར་ཐར་བའི་ཡི་གེ་ཆེ་ཆུང་ཤིན་ཏུ་མང་བས་དེ་སྐད་དང་།ཁྱད་པར་གུང་ཐང་རིན་པོ་ཆེས་མཛད་པའི་བསྟོད་པ་དོན་ལྡན་མ་རྩ་འགྲེལ་ལས་ལྷག་པ་ཞིག་སུ་ཞིག་གིས་སྨྲ་ནུས།དེ་ལས་ཀྱང་མཆོག་ཏུ་གྱུར་བ་ནི་གསུང་འབུམ་པོ་ཏི་བཅོ་བརྒྱད་ལ་འདྲིས་པར་བྱེད་པ་དེ་ག་རང་རེད་སྙམ།ཕྲན་ནི་དེ་སྐད་དུ་ཡིད་ལ་གནས་བཞིན་དུ་དམིགས་བརྩེ་མ་གཅིག་ཁ་འདོན་བྱེད་པ་དང་ཅི་བཟའ་ཅི་འཐུང་གི་མཆོད་པ་ཙམ་ཕུལ་ན་ཕན་ཡོན་གཞལ་ཏུ་མེད་ཅིང་།གསེར་དངུལ་གྱི་འདྲ་སྐུ་ཞིག་ཁང་ཕུག་ལ་འཇོག་པ་ལས་རྣམ་པར་ཐར་བ་དེའི་ཁྱད་ཆོས་ཅན་གྱི་རྗེ་བླ་མ་ཞིག་སེམས་ཕུགས་སུ་བཅིང་ནས་བསྡད་ན་ཕན་ཡོན་ཆེ་བར་སེམས་སོ།།སྤྱིར་རྗེ་བླ་མའི་སྐུ་ཚེ་འདིའི་རྣམ་པར་ཐར་བ་ཇི་བཞིན་བརྗོད་དགོས་ན་སོ་སོ་སྐྱེ་བོ་ཞིག་གིས་ཐོས་བསམ་སྒོམ་གསུམ་རིམ་གྱིས་བྱས་ཏེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་འཕྲིན་ལས་རྒྱུན་མི་འཆད་པར་འཇུག་པའི་རྣམ་པར་ཐར་བ་ཆ་ཚང་གེགས་སེལ་བོགས་འདོན་དང་བཅས་པ་བརྗོད་དགོས་ན་བདག་ལྟ་བུས་དེ་ག་ལ་ནུས།

སྨྲས་པ།

མཁས་བཙུན་བཟང་བོའི་འཕྲིན་ལས་ཀྱིས།།

འགྲོ་རྣམས་ཐུགས་ཀྱིས་མ་དོར་བ།།

བདག་གི་རྩ་བའི་བླ་མ་ལས།།

བློ་བཟང་རྒྱལ་བ་སུ་ཡིས་མཚོན།།

ཁོ་བོའི་བློ་གྲོས་གེ་སར་རྡུལ་ཚོགས་ལ།།

རབ་ཆགས་བུང་བ་གཞོན་ནུའི་མཚོ་བྱུང་མ།

སྙན་འགྱུར་གླུ་ཡི་གྲོགས་སུ་བྱོན་པ་ན།།

འདོད་ལྡན་སུ་ཞིག་ཆོག་ཤེས་བསྟེན་པར་རིགས།།

ཟབ་རྒྱས་ཡོན་ཏན་ཆུ་གཏེར་ལས།།

མུ་ཏིག་ཕྲེང་འདི་སྤེལ་བ་ན།།

ལྷ་རྣམས་དགའ་བའི་ཨ་ལ་དང་།།

འགའ་ཞིག་ཕྲག་དོག་ཁེངས་པ་འཛིན།།

ཆོས་དབྱིངས་རྡུལ་བྲལ་ཀུན་གསལ་གྱི།།

བསོད་ནམས་ཆུ་འཛིན་ལ་ཆགས་ཏེ།།

བློ་ལྡན་བློ་ཡི་མྱུ་གུ་ལ།།

ཚིག་གི་སྦྲང་ཆར་རང་དབང་ཅི།།

ཐམས་ཅད་རྣམ་ཤེས་ལྡན་ཡང་ཤེས་རབ་བྲལ།།

བློ་གྲོས་ཅན་རྣམས་ཐོས་པའི་ནོར་གྱིས་དབུལ།།

མང་དུ་ཐོས་ཀྱང་རི་བོང་ཅལ་རྗེས་འབྲང་།།

ཚུལ་དེ་སྒོམ་པའི་གནད་ལ་ཇི་ལྟར་གཞོལ།།

ཐུབ་པའི་དགོངས་པ་འགྲེལ་ལ་ཉི་ཟླ་ལྟར།།

རབ་གྲགས་ཤིང་རྟ་ཆེ་རྣམས་ཡལ་བོར་ནས།།

ཅི་དགར་གཟུ་ལུམ་བྱེད་པའི་ཉམས་སྣང་ཅན།།

རྟག་ཆད་ལྟ་བའི་གཡང་ས་ཆེ་ལས་སྐྱབས།།

གཞལ་མེད་ཁང་ཆེན་རྩིག་ངོར་མདོ་རྒྱུད་ཀྱི།།

ཡི་གེ་སྣ་ཚོགས་སུས་ཀྱང་མཐོང་མ་ཐག།

ལག་པའི་རི་མོ་བཞིན་དུ་གསལ་འཆར་བ།།

བློ་བཟང་རྒྱལ་བ་ལྷ་ཡི་དབང་བོའི་དྲིན།།

བྱམས་པས་བཅིང་བའི་ཡིད་ནི་འགྲོ་བ་ལ།།

རང་གི་སྲོག་བཞིན་སུ་ཞིག་ལྟ་བ་དེས།།

སྤྱོད་པ་གཞན་ལྟ་དབུགས་ཀྱི་རྒྱུ་བ་འང་།།

ལུས་ཅན་ཀུན་གྱི་ཕན་བདེའི་གསོས་སུ་གྱུར།།

ཅེས་པ་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་དྲུག་བརྒྱའི་མཚམས་སུ་རྗེས་དྲན་གྱི་རྟེན་དུ་ཆོས་མིང་བས་ཕུལ།


རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།