རྗེ་ཙོང་ཁ་པའི་གདུང་རུས་མལ་དང་མར་གྱི་བྱུང་རབས་ལ་ཐོག་མར་དཔྱད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 20:03:49     རྩོམ་པ་པོ།   ཁ་སྒང་བཀྲ་ཤིས་ཚེ་རིང་།    ཀློག་ཐེངས།  

༄༅། ། རྗེ་ཙོང་ཁ་པའི་གདུང་རུས་མལ་དང་མར་གྱི་བྱུང་རབས་ལ་ཐོག་མར་དཔྱད་པ། 

ཁ་སྒང་བཀྲ་ཤིས་ཚེ་རིང་། 

ནང་དོན་གནད་བསྡུས། 

དཔྱད་རྩོམ་འདིར་རྗེ་ཙོང་ཁ་པའི་ཡབ་ཀླུ་འབུམ་དགེའི་མཚན་གནས་སུ་སོག་སྐད་ཀྱི་ད་ར་ཁ་ཆེ་ཞེས་པའི་གོ་གནས་ཀྱི་མིང་འབོད་བྱུང་བ་རྒྱུ་མཚན་དུ་བྱས་ནས་ཁ་ཅིག་གིས་རྗེ་ཙོང་ཁ་པའི་རིགས་རུས་ནི་ཧོར་རམ་སོག་པོའི་རིགས་རྒྱུད་གང་རུང་དུ་གཏོགས་པར་ངོས་འཛིན་པའི་ལྟ་ཚུལ་མ་དག་པ་ཞིག་གང་སར་མཆེད་བཞིན་པའི་ཚུལ་ལ་དམིགས་ཏེ། རྗེ་ཙོང་ཁ་པའི་རིགས་རུས་མལ་ལམ་མར་དུ་གྲགས་པ་ནི་བོད་ཀྱི་རིགས་རུས་ཆེས་སྔ་བའི་གྲས་ཤིག་ཡིན་ཚུལ་དང་། ཏུན་ཧོང་གཏེར་ཡིག་སོགས་ཡིག་ཚང་རྙིང་པ་རྣམས་སུ་རུས་རྒྱུད་དེའི་ཐོག་མའི་འཚོ་ཡུལ་དང་རུས་རྒྱུད་དེའི་ཁྱབ་ཡུལ་བྱེ་བྲག་པ་ཤིག་ཏུ་མང་པོ་ངོས་འཛིན་རྒྱུ་ཡོད་པ་དེ་དག་ནི་རྗེ་རིན་པོ་ཆེའི་གདུང་རུས་དེ་ཧོར་སོག་མི་རིགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བདེན་དཔང་གལ་ཆེན་ཞིག་ཡིན་པའི་སྐོར་དང་། དེ་བཞིན་རིགས་རུས་དེ་ལས་སྐྱེས་ཆེན་དུ་མ་བྱོན་ཚུལ་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།

བརྡ་ཆད་གཙོ་བོ། རྗེ་ཙོང་ཁ་པ། གདུང་རུས། མལ་དང་མར། ད་ར་ཁ་ཆེ། 

དགེ་ལྡན་བསྟན་པའི་སྲོག་ཤིང་ཆེན་པོ་རྗེ་ཙོང་ཁ་པ་ཞེས་གངས་རིའི་ལྗོངས་ཀྱི་མཁས་དགུའི་གཙུག་རྒྱན་དུ་བྱོན་པ་གང་དེའི་སྐུ་ཚེའི་མཛད་པ་མཐའ་མ་བསྟན་པ་ནས་དེང་གི་དུས་འདི་བར་མི་ལོ་དྲུག་བརྒྱ་སོང་ཞིང་། དེའི་རིང་ལ་ཁོང་གི་རིང་ལུགས་གསེར་ཞུན་དྭངས་མའི་གཟི་བྱིན་འོད་ཀྱིས་གངས་རིའི་ལྗོངས་དང་གླིང་ལྔའི་ས་ཁྱོན་ཆེན་པོར་འགེངས་པར་བྱེད་པའི་སྙན་པའི་གྲགས་པ་འབྲུག་སྟོང་ལྡིར་བ་ལས་ལྷག་ཞིང་། རི་རབ་ལྷུན་པོ་ལྟར་བརྗིད་ཆེ་ལ། འཕྲིན་ལས་འོད་སྟོང་སྒེག་མོ་ཉི་ཟླའི་ལམ་དུ་ཁྱབ་པ་སོགས། སྐྱེ་བོ་ཕལ་གྱིས་སྨྲ་བརྗོད་ཀྱི་ཡུལ་ལས་འགོངས་པ་སྟེ། «བསྟོད་སྤྲིན་རྒྱ་མཚོ་»ལས། “མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་བགྲོད་ནས། ། ནམ་ཞིག་རང་རྩལ་བྲི་བས་ལྡོག་འགྱུར་གྱིས། ། ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། ། ཁྱོད་ཐུགས་བསྟོད་ལའང་བདག་ནི་དེ་ལྟར་གྱུར། ། ”ཞེས་བྱུང་པ་ལྟར། འདིར་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་ཆེན་པོ་སྐྱེ་བོ་ཕལ་གྱིས་བརྗོད་པར་མི་ལང་པ་རྣམས་རེ་ཞིག་བཏང་སྙོམས་སུ་བྱས་ཏེ་ཁོང་ཉིད་ཀྱི་གདུང་རུས་མལ་ལམ་མར་གྱི་སྔོན་གྱི་བྱུང་རབས་དང་ཁྱབ་ཡུལ། རུས་རྒྱུད་དེ་ལས་འཁྲུངས་པའི་སྐྱེས་ཆེན་གང་དག་བྱོན་ཚུལ་སོགས་རགས་ཙམ་ཞིག་བརྗོད་པར་བྱའོ། ། 

དང་པོ། རྗེའི་རིགས་རུས་མལ་ལམ་མར་གྱི་སྔོན་གྱི་བྱུང་རབས།

      རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོ་སྟེ། སྤྱི་ལོ་༡༣༥༧ལོར་མདོ་སྨད་ཙོང་ཁའི་ཡུལ་གྱི་ནང་ཚན་ཏེ། ཁོང་ཉིད་ཀྱི་ལྟེ་ཁྲག་ས་ལ་འཕོས་པ་ལས་ཙན་དན་གྱི་ལྗོན་པ་ཆེན་པོ་འཁྲུངས་པའི་ལོ་འདབ་རེ་རེར་རྒྱལ་བ་སེངྒེ་ང་རོའི་སྐུ་བརྙན་འབུམ་ཕྲག་བྱོན་པ་ལས་ད་ལྟ་སྐུ་འབུམ་ཞེས་ས་གསུམ་རྣ་བའི་རྒྱན་དུ་གྱུར་བའི་གནས་དེར་སྐུ་འཁྲུངས་ཤིང་། ཁོང་གི་རིགས་རུས་སྐོར་ལ་ «རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་»དེབ་དང་པོ་ལས། “ད་ར་ཁ་ཆེ་ཀླུ་འབུམ་དགེ”ཞེས་དང་། “ཤིང་མོ་བཟའ་ཨ་ཆོས”ཞེས་ཡབ་ཡུམ་གཉིས་ཀྱི་མཚན་བྱུང་བ་དང་། ཡང་རྣམ་ཐར་དེ་ལས། “འདིའི་གདུང་རུས་ནི་མལ་ཡིན་ལ། རྗེ་ཉིད་དང་གདུང་ཆོས་གཅིག་པ་ཙམ་དུ་གཏོགས་པ་ལ་མི་ངོ་སྟོང་ཕྲག་ལོངས་པ་ཡོད་ཅིང་། བདུན་བརྒྱུད་མ་ཆད་གཉེན་དང་སྣག་གི་གཉེན་མཚམས་ཡང་རྒྱས་པ་ཞིག་སྟེ”ཞེས་ཙོང་ཁ་པའི་གདུང་རུས་མལ་ཡིན་པར་གསུངས། འོན་ཀྱང་རྗེའི་རྣམ་ཐར་རྩོམ་པ་པོ་རྣམས་ཀྱིས་ཁོང་གི་རུས་གང་ཡིན་བཀོད་པ་ཙམ་ལས་དེའི་ཚུལ་ཞིབ་ཏུ་བརྗོད་མེད་པས། ཁོང་གི་གདུང་རུས་མལ་ལམ་མར་དུ་འབོད་པ་དེ་ད་ལྟའི་རུས་མཛོད་སོགས་སུ་གྲགས་མི་ཆེ་བ་དང་། ཁ་ཅིག་གིས་ཁོང་གི་ཡང་ཀྱི་མཚན་གནས་ལ་ཡོན་རྒྱལ་རབས་དུས་སུ་ཡུལ་གྲུ་གཞན་ལ་བདག་པོ་བྱེད་པའི་གོ་གནས་ཀྱི་མིང་སྟེ། ད་ར་ཁ་ཆེ་ཞེས་བྱུང་བ་རྒྱུ་མཚན་དུ་བྱས་ནས་རྗེ་ཁོང་གི་གདུང་རུས་ནི་ཧོར་རམ་དེང་སང་སོག་པར་གྲགས་པ་དེའི་རིགས་རྒྱུད་གང་རུང་དུ་གཏོགས་པར་ངོས་འཛིན་བྱས་དང་བྱེད་བཞིན་ཡོད། སྤྱིར་ལོ་རྒྱུས་ལ་ངེས་པ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཕྱིན། རྗེ་ཙོང་ཁ་པའི་གདུང་རུས་ནི་བོད་ལས་གཞན་མི་རིགས་སུ་ཞིག་ལའང་འབྲེལ་བ་ཏོག་ཙམ་ཡང་མེད་པ་ཤེས་ཐུབ་མོད། འོན་ཀྱང་བོད་ཀྱི་ཡིག་རྙིང་ཀློག་མ་མྱོང་ཞིང་ཡི་གེ་འགྱུར་ལུགས་ཀྱི་ངོས་ནས་དཔྱད་པའི་ནུས་པའང་མེད་པ། ཁྱད་པར་ཡོན་རྒྱལ་རབས་ཀྱི་དུས་སུ་ནུབ་བྱང་ས་ཁུལ་གྱི་ད་ར་ཁ་ཆེའི་གོ་གནས་དེ་ནང་ལོག་ས་ཁུལ་ལྟར་ཅིས་ཀྱང་སོག་པོའི་མི་རིགས་ཀྱིས་འཛིན་མི་དགོས་པ་དང་། བོད་ཡུལ་ནི་ལྷག་པར་ཡུལ་གཞན་དང་མི་འདྲ་བར་ད་ར་ཁ་ཆེའི་གོ་གནས་སུ་བོད་མི་རང་ཉིད་སྡོད་ཆོག་པའི་དམིགས་བསལ་དབང་ཆ་ཡོད་པའི་ཡུལ་ཁམས་ཞིག་ཡིན་པའི་ལོ་རྒྱུས་རྒྱབ་ལྗོངས་དེ་དག་ལ་ངེས་ཆ་མེད་པ་རྣམས་ཀྱིས་རྟག་ཏུ་མིང་བརྡ་རེ་གཉིས་ཤིག་སྐྱབས་སུ་བྱས་ནས་དོན་དངོས་དང་འགལ་བའི་ནོར་འཁྲུལ་གྱི་ལྟ་བ་འགོད་ཅི་ཐུབ་བྱེད་ཀྱིན་ཡོད་ཕྱིར། འདིར་རྗེ་བཙུན་ཙོང་ཁ་པའི་གདུང་རུས་མལ་ལམ་མར་གྱི་ལོ་རྒྱུས་ཡིག་ཚང་ཇི་ལྟར་ཡོད་ཚུལ་དང་། གདུང་རུས་དེ་དང་འབྲེལ་བའི་བྱུང་བ་སོགས་གླེང་བ་ནས་འགོ་བཙུགས་ཏེ་རྗེ་ཙོང་ཁ་པའི་གདུང་རུས་ནི་བོད་ཀྱི་རུས་རྒྱུད་ཆེས་རྙིང་གྲས་ཤིག་ཡིན་ཚུལ་གླེང་བར་བྱ།

     མིག་སྔར་བོད་ཡུལ་དུ་བྱུང་བའི་རུས་མཛོད་ཁག་ནི་སྒྲིག་པ་པོས་ངེས་ཆ་གང་འཚམ་ཡོད་པའི་རུས་རྒྱུད་ཁག་གཅིག་གི་བྱུང་རབས་བསྡུ་རུབ་བྱས་ནས་བསྒྲིགས་པ་ཞིག་ཡིན་པས། བོད་ཀྱི་རིགས་རུས་ཀུན་འདུས་པའི་རུས་མཛོད་ཆེན་པོ་ཞིག་ད་དུང་རྩོམ་ཐུབ་མེད་པ་དང་། རྗེའི་གདུང་རུས་མལ་ལམ་མར་དུ་གྲགས་པའི་སྐོར་རུས་མཛོད་ཁག་ཏུ་མ་བྱུང་ཡང་རྒྱུ་མཚན་དེ་འདྲར་ཐུག་ཡོད། ཡིན་ན་ཡང་སྔོན་གྱི་ཡིག་རྙིང་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་རུས་མལ་ལམ་མར་གྱི་གནས་ཡུལ་སོགས་གསལ་པོར་བཀོད་ཡོད་པ་དེ་དག་ནི་རྗེའི་གདུང་རུས་སྔོན་དུས་ནས་བོད་ཀྱི་རིགས་རུས་གྲགས་ཅན་ཞིག་ཡིན་པའི་ཤེས་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ཡང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་P.T.1287ཤོག་དྲིལ་ཁྲོད་ཀྱི་ཐིག་ཕྲེང་༡༩༠པར། “གནམ་རི་སློན་མཚན་གྱྀས་པྱག་ལྕག་གིས། ། དྲས་ཏེ། མྱང་ཙེང་སྐུ་འྀ་བྱ་དགའར། ། མཉན་འཛྀ་ཟུང་གི་མཁར་སྔུར་བ་དང་། བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ། དབའ ས་དབྱི་ཚབ་ཀྱྀ་བྱ་དགའར། ། ཟ་གད་གཤེན་གྱི་ཡུལ་ས་དང་། མལ་ཏྲོ་ཕྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ་”ཞེས་བྱུང་བ་ནི་རྗེ་གནམ་རི་སྲོང་བཙན་གྱི་དུས་སུ་ད་ལྟའི་ལྷ་སའི་ཡུལ་ཕྱོགས་རྣམས་རང་གི་མངའ་ཞབས་སུ་བསྡུས་པ་དང་། བྱ་ལས་དེའི་ཁྲོད་བྱས་རྗེས་ཆེ་བ་རྣམས་ལ་བྱ་དགའ་སྤྲད་པའི་ལོ་རྒྱུས་གནས་ཚུལ་བཀོད་པ་ཞིག་ཡིན་ཞིང་། དེ་ལས་རུས་རྒྱུད་མལ་གྱིས་བཟུང་བའི་ཡུལ་ལ་མལ་ཏྲོ་ཞེས་པའི་ཡུལ་མིང་བྱུང་བ་རྟོགས་ཐུབ་ཅིང་། ཡུལ་དེ་ནི་དེང་གྲོང་ཁྱེར་ལྷ་སའི་ཐད་གཏོགས་རྫོང་མལ་གྲོ་གུང་དཀར་རྫོང་ཞེས་པ་དེ་ཡིན། ཡུལ་མིང་དེ་ཉིད་སྔོན་གྱི་ཡི་གེར་འབྲི་སྟངས་འགའ་བྱུང་བ་དཔེར་ན། མལ་དྲོ་དང་། མར་དྲོ། མལ་ཐྲོ། མལ་གྲོ་སོགས་ལྟ་བུ་ཡིན། རུས་རྒྱུད་དེའི་འཚོ་ཡུལ་བྱེ་བྲག་པའི་སྐོར་ཡིག་ཚང་དུ་བྱུང་བ་ནི་ཏུན་ཧོང་ནས་ཐོན་པའི་བཙན་པོའི་ལོ་ཚིགས་གནད་བསྡུས་ཀྱི་ཨང་གྲངས་P.T.1288ཤོག་དྲིལ་ཐིག་ཕྲེང་༡༡ནས་༣༨པར། “སྤྲེའུ་ལོ་ལ། བཙན་པོ་མལ་ཏྲོ་སྐེ་བྱེ་ན་བཞུགས། ཤྀང:བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀས་ཕར་ལོ་གཆིག”ཅེས་སྤྱི་ལོ་༦༦༠ལོར་རུས་མལ་གྱིས་བཟུང་བའི་ཡུལ་སྐེ་བྱེ་ཟེར་བའི་ཡུལ་དུ་བཙན་པོ་བཞུགས་བཞིན་ཡོད་པའི་སྐོར་དང་། དེ་བཞིན་ཏུན་ཧོང་ཡིག་རྙིང་1.0.750ཤོག་དྲིལ་ཐིག་ཕྲེང་༦༥པར། “རྟའི་ལོ་ལ། བཙན་པོ་མལ་ཏྲོ་བརྫེན་ཏང་ན་བཞུགས་ཤྀང་”ཞེས་སྤྱི་ལོ་༦༩༤ལོར་མལ་ཏྲོའི་ས་ཁོངས་བརྫེན་ཏང་ཞེས་པའི་ཡུལ་དུ་བཙན་པོ་བཞུགས་ཚུལ་བཀོད་པ་སོགས་ལྟ་བུ་ཡིན། ཡུལ་དེ་དག་ནི་བཙན་པོའི་དུས་སྐབས་སུ་འདུན་མ་བསྡུ་སའི་ཡུལ་གལ་ཆེན་ཞིག་ཡིན་པ་ཡང་ཏུན་ཧོང་ནས་ཐོན་པའི་B.M 8212(187)ཤོག་དྲིལ་ཁྲོད་ཀྱི་ཐིག་ཕྲེང་༤༡པར། “གླང་གི་ལོ་ལ་བབསྟེ། དབྱར་བཙན་པོ་ཕོ་བྲང་ཟུ་སྤུགྀ་ཕོ་བྲང་སྡྀངསྣ་བཞུགས་དབྱར་འདུན་མལ་ཏྲོའྀ། བརྫེན་ཐང་དུ་འདུས་”ཞེས་སྤྱི་ལོ་༧༦༡ལོ་ར་མལ་ཏྲོའི་ཡུལ་གྱི་བརྫེན་ཐང་དུ་དབྱར་འདུན་གྱི་འདུ་ཚོགས་བསྡུ་ཚུལ་བཀོད་ཡོད་པས་མཚོན། གོང་གསལ་དེ་དག་ལས་རུས་རྒྱུད་མལ་གྱིས་བཟུང་བའི་ཡུལ་དེ་དག་ནི་བཙན་པོའི་དུས་སྐབས་སུ་སྲིད་ཀྱི་བྱ་བ་སྣ་ཚོགས་སྤེལ་ས་གལ་ཆེན་ཞིག་ཡིན་པ་ཡང་ཤེས་ཐུབ། དེ་མིན་སྔོན་གྱི་དུས་སུ་རུས་རྒྱུད་མལ་ནི་སྟོབས་འབྱོར་ལྡན་པ་ཞིག་ཡིན་པ་ནི་ཏུན་ཧོང་ནས་ཐོན་པའི་P.T.1287ཤོག་དྲིལ་གྱི་ཐིག་ཕྲེང་༤༢༢པར། “སྔུར་བ་ནྀ་ཆབ་དང་ཉེ། གྱུར་སྲམ་ནྀ་པྱོ་ལ་ལའང་། ཉེན་ཀར་ནྀ་དོག་དང་ཉེ། ། འབྲས་དྲུག་ནི་སི་ལྀ་ལི། ། མལ་ཏྲོ་ནྀ་ཀླུམ་དང་ཉེ། སྐྱི་བསིལ་ནི་པྱུ་རུ་རུ། ། ”ཞེས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྲིང་མོ་བཙན་མོ་སད་མ་ཀར་གྱི་གླུ་ཚིག་རིང་མོ་འདི་ལས་རྟོགས་ཐུབ་སྟེ། འདིའི་མཁར་སྔུར་བ་ཟེར་བ་ནི་སྔོན་ཟིང་པོ་རྗེ་ཁྲི་པང་སུམ་གྱི་ཡུལ་ཏེ། ད་ལྟའི་འཕན་པོའི་ས་ཆའི་སྐྱིད་ཆུའི་འགྲམ་ངོགས་སུ་མཆིས་ཤིང་། ཡུལ་དེར་ཆུར་གནས་སྲོག་ཆགས་གྱུར་དང་སྲམ་གྱི་རིགས་ཡོད་པ་དང་། ཉེན་ཀར་ཟེར་བ་ནི་དེང་སྟོད་ལུང་དང་འཕན་པོའི་ས་ཆ་དེ་ཙམ་ཞིག་ཏུ་ངེས་ལ། ཡུལ་དེ་ནི་འབྲས་དྲུག་སྟེ། ལོ་ཡག་སྨིན་པའི་ཡུལ་ཡིན་པ་དང་། མལ་ཏྲོ་ཟེར་བ་ནི་རུས་རྒྱུད་མལ་གྱིས་བཟུང་བའི་ཡུལ་ཡིན་ཞིང་། སྔོན་ཟིང་པོ་རྗེ་སྟག་སྐྱ་བོའི་ཡུལ། ཀླུམ་ཡ་གསུམ་ཞེས་པ་དང་ཉེ་བའི་ཡུལ་ཞིག་ཡིན་ལ། ཀླུམ་ཡ་གསུམ་ཞེས་པར་སྟོད་སྨད་གཉིས་ཡོད་པ་ལས།  སྟོད་ཕྱོགས་ཀྱི་ཀླུམ་ཡ་གསུམ་ནི་དེང་སང་འཕན་པོའི་རྒྱུད་ཀྱི་ལྕང་ར་ཤང་ཁོངས་ཟིང་པ་གྲོང་ཚོ་ཡོད་ས་དེ་དག་ཡིན་སྙམ་ལ། མལ་ཏྲོ་ནི་ཡུལ་དེ་དག་དང་ཉེ་ཞིང་རི་ལུང་མང་པོ་ཡོད་པའི་འབྲོག་ས་བཟང་ཞིང་ཕྱུགས་རིགས་དར་བའི་ཡུལ་ཞིག་ཡིན་ཚུལ་བསྟན་པའི་ཕྱིར། འདིར་ཁ་ཅིག་གིས་དེང་གི་བརྡ་དག་གཞིར་བྱས་ཏེ། སྐྱི་བསེར་ནི་རླུང་བསེར་བུར་གོ་དགོས་ཚུལ་འགྲེལ་ཡོད་མོད། དེ་ལྟར་བྱས་ན་བཙན་མོ་སད་མ་ཀར་གྱི་མགུར་གླུར་ཡུལ་དེ་དག་ནི་སྟོབས་འབྱོར་ཆེ་ཞིང་སོ་སོར་དཔལ་འབྱོར་མི་འདྲ་བ་རེ་ཡོད་ཚུལ་བརྗོད་པའི་དགོངས་པ་དང་འགལ་བར་འགྱུར་བས། སྐྱི་བསེར་ནི་བྲེ་སེར་འབྲོང་གི་མིང་བརྡ་འབོད་ཚུལ་དུ་བྱས་ན་འོས་ཤིང་འཚམ་ལ། ཚིག་དེའི་ཤུགས་ནས་ཀྱང་ཡུལ་དེ་འབྲོང་གཡག་རི་དྭགས་ཀྱི་རིགས་དང་གནག་ཕྱུགས་འཕེལ་ཁ་དར་བའི་ཡུལ་ཡིན་པར་གོ་བ་དང་། དེ་བས་སྐྱི་བསེར་ལ་པྱུ་རུ་རུ་ཞེས་པའི་ཚིག་རྒྱན་སྤྲས་པ་ལས། ཡུལ་དེ་ནི་རི་དྭགས་དང་གནག་ཕྱུགས་ཟོག་ལུག་སོགས་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བཞིན་པའི་ཡུལ་ཡིན་པར་རིགས་འདེད་བྱ་ཆོག  རྗེ་གནམ་རི་སྲོང་བཙན་གྱིས་མྱང་ཙེང་སྐུའི་བྱ་དགར། “མལ་ཏྲོ་པྱོགས་ནས་བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལ་ཏོ”ཞེས་ཏུན་ཧོང་ཡིག་རྙིང་ལས་བྱུང་བར་གཞིགས་ན། དུས་སྐབས་དེར་མལ་གྱི་རུས་རྒྱུད་ཀྱིས་བཟུང་བའི་ཡུལ་ནི་ཁྱིམ་གྲངས་ཆིག་སྟོང་ལྷག་ཡོད་པའི་ཡུལ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ།

རུས་རྒྱུད་མལ་གྱི་ཁྱབ་ཡུལ་ཡང་རྒྱ་ཆེ་བ་ཞིག་ཡིན་པའི་སྐོར་ལ་སློབ་དཔོན་པད་འབྱུང་བོད་དུ་བྱོན་ཚུལ་གྱི་ལོ་རྒྱུས་བཀོད་པ་ལས། “ཧས་པོ་རིར་ཕྱག་ཕེབས་ཏེ་བཙན་པོ་དང་མཇལ། མལ་གྲོ་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། ”ཞེས་བསམ་ཡས་ཕྱོགས་སུའང་ཡོད་ཚུལ་བཀོད་པ་དང་། དེ་བཞིན་རྗེ་རིན་པོ་ཆེས། “མལ་གྲོ་ལྷ་ལུང་དུ་བླ་མ་བསོད་ནམས་གྲགས་པ་སྔགས་ཀྱི་ཐུགས་སྦྱོར་གནང་”ཞེས་མལ་གྲོ་ལྷ་ལུང་ཞེས་པའི་ཡུལ་ཡང་ཡོད་ཚུལ་གསུངས་པ་དང་། ཁྱད་པར་«སུམ་པའི་ཆོས་འབྱུང་»དུ་རྗེའི་གདུང་རུས་ནི་དཔའ་རིས་མལ་ཡིན་པར་བཤད་པས། རུས་རྒྱུད་མལ་གྱི་ཁྱབ་ཡུལ་མདོ་སྨད་དུ་ཡོད་པ་ཤེས་ཐུབ་པ་དང་། བྱེ་བྲག་ཏུ་མདོ་སྨད་ཙོང་ཁའི་ཕྱོགས་སུ་རུས་མལ་གྱི་སྡེ་ཡོད་ཚུལ་རྗེ་ཙོང་ཁ་པའི་རྣམ་ཐར་ལས་གསལ་བར། འདིར་བསྐྱར་བཟློས་ཀྱི་ངལ་བ་སྤངས་སོ།

གཉིས་པ། རྗེའི་རུས་རྒྱུད་མལ་ལ་མར་དུ་འབྲི་བའི་སྲོལ་ཡོད་ཚུལ། 

    ཟངས་ཟངས་ནེ་རིང་པ་འཆི་མེད་རབ་རྒྱས་མཆོག་གིས་མཛད་པའི་«རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསེར་གྱི་མཆོད་སྡོང་བཞུགས་སོ»ཞེས་པ་ལས། “ཙོང་ཁ་པ་ཆེན་པོ་དེ་ཉིད་ཀྱི་བསྟོད་པ་ཙོང་ཁ་རིང་མོའམ། སྤྲུལ་སྐུ་འཁྲུངས་ཡུལ་མར་གྲགས་པ་ལས”ཞེས་ཙོང་ཁ་པའི་འཁྲུངས་ཡུལ་མར་དུ་གྲགས་ཚུལ་བཀོད་ཡོད་ཅིང་། དེ་ལ་བརྟགས་ན། རྗེ་ཙོང་ཁ་པའི་གདུང་རུས་ལ་སྐབས་འགར་མར་དུ་འབོད་པ་དང་འབྲི་བ་བཅས་ཀྱི་སྲོལ་ཡོད་པ་ཤེས་ཐུབ། ཚུལ་དེར་གནས་ལུགས་རྒྱུ་མཚན་ངེས་ཅན་ཡོད་པ་ཡང་«མཚམས་སྦྱོར་ལྔ་བའི་སྒྲ་མདོ»ལས། “ར་ཡིག་དང་ལ་ཡིག་གཉིས་སྐབས་འགར་འདྲ་བའི་ཡི་གེར་བཤད་པས”ཞེས་ལེགས་སྦྱར་གྱི་ཡི་གེར་དེ་ལྟར་འགྱུར་བའི་ཚུལ་ཡོད་པར་གསུངས་པ་བཞིན། བོད་ཀྱི་སྐད་དུའང་ར་ལ་གཉིས་ཀ་གང་བདེར་སྤྱོད་པའི་ཚུལ་ཡོད་པ་ནི། ཏུན་ཧོང་ནས་ཐོན་པའི་ཡི་གེ་B.M 8212(187)ཤོག་དྲིལ་གྱི་ཐིག་ཕྲེང་༧༠པར། “དབྱར་བཚན་ཕོ་བྲང་སྤོལ་གྱིས་ཕོ་བྲང་སྣ་བཞུགས་དབྱར་འདུན་མར་དྲོ་འི་བརྫེན་དུས་འདུས་མཆིས་དང་། ”ཞེས་མལ་དང་མར་འདྲ་བར་བྲིས་པ་དང་། ཡང་ཤོག་དྲིལ་དེའི་ཐིག་ཕྲེང་༥༢ལས། “ཞང་རྒྱལ་ཟིགས་དང་ཞང་སྡོང་རྩན་ལས་སྩོགས་པ་བུམ་ལྀང་ལྕག་རྒལདེ”ཞེས་དང་། ཐིག་ཕྲེང་༨༠ལས། “དགུན་སྨད་རྒྱ་རྗེ་ནོས་ནས་རྒྱ་རྗེ་གསར་དུས་བཅུག་པ་དབྱར་དང་ས་རིས་ལས་སྩོགས་པས་བུམ་རིང་ལྕག་ཟམ་རྒྱལ་ཏེ་དྲ་ཅེན་དྲང་ཏེ་”ཞེས་བུམ་ལྀང་དང་བུམ་རིང་གང་བདེར་བྲིས་པ་ལས་ར་དང་ལ་གཉིས་ཕན་ཚུན་བརྗེ་སྲོལ་ཡོད་པ་ཤེས་ཐུབ་པ་དང་། དེ་བཞིན་P.T.126ཤོག་དྲིལ་ནང་། “ལྷོ་ཕྱོགས་འཛམ་གྲིང་སྡིག་ཡུལ་ན”ཞེས་འཛམ་གླིང་གི་གླིང་ལ་གྲིང་ཞེས་འདོགས་ཀྱི་ར་དང་ལ་གཉིས་བརྗེས་ནས་བྲིས་ཡོད་པ་སོགས། དེ་རྣམས་ལས་རུས་མར་དང་མལ་ནི་བྲིས་ནོར་དུ་སོང་བ་ལྟ་བུ་མ་ཡིན་པར་རུས་རྒྱུད་གཅིག་གི་འབྲི་ཚུལ་གཉིས་ཡིན་པར་ཤེས་ཤིང་། དེ་ལས་རྗེ་ཙོང་ཁ་པའི་རུས་རྒྱུད་མར་རམ་མལ་ནི་བོད་ཡུལ་དུ་ཆེས་སྔ་བའི་རུས་ཤིག་ཡིན་པ་མ་ཟད། རུས་རྒྱུད་དེ་ལྷོ་བྲག་ཕྱོགས་སུའང་ཁྱབ་ཡོད་པ་རྗེ་མར་པ་སོགས་རུས་དེར་འཁྲུངས་པ་ལས་ཤེས་ཐུབ་ལ། ཧོར་སོག་གི་རིགས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་ལྷག་པར་གསལ་ལོ།

གསུམ་པ། རྗེའི་རུས་རྒྱུད་མལ་ལམ་མར་ལས་འཁྲུངས་པའི་སྐྱེས་ཆེན་ཁག་གཅིག་ངོ་སྤྲོད་ཞུ་བ། 

   མལ་ལམ་མར་གྱི་རུས་རྒྱུད་ཁྲོད་དུ་སྔོན་གྱི་དུས་སུ་འཇིག་རྟེན་སྲིད་ལུགས་དང་དམ་པའི་ཆོས་ལུགས་གཉིས་ལ་མཁྱེན་པ་ཡངས་པའི་མཁས་པ་གང་མང་ཞིག་བྱོན་ཡོད་མོད། འདིར་ལོ་རྒྱུས་ཡི་གེར་འཁོད་པའི་སྐྱེས་ཆེན་རྣམས་ལས་དམིགས་བཀར་གྱིས་རེ་གཉིས་ངོ་སྤྲོད་ཞུ་བར་འདོད་དེ།

     གཅིག མལ་གྱོ་བློ་གྲོས་གྲགས་པའམ་མལ་གྱི་བློ་གྲོས་གྲགས། ཁོང་ནི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་ལ་མལ་གྱི་རིགས་ལས་འཁྲུངས་ཤིང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་སློབ་མ། ལོ་ཙཱ་བ་སྙན་གྲགས་ཅན་ཞིག་ཡིན། ཁོང་ནི་རྭ་ལོ་ཙཱ་བ་དང་བ་རི་ལོ་ཙཱ་བ་སོགས་ལས་ཅུང་འཕྱི་བའི་ལོ་ཙཱ་བ་ཞིག་ཡིན་ཚུལ་ཇོ་ནང་ཏཱ་ར་ནཱ་ཐས་གསུངས། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ཞ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་སྐད་ལ་ལེགས་པར་གསན་སྦྱོང་གནང་བ་དང་། འཁོན་དཀོན་མཆོག་རྒྱལ་པོ་སོགས་ལ་གསང་སྔགས་ཀྱི་ཆོས་མང་དུ་གསན། ཁོང་གིས་བལ་པོ་ཧ་དུ་དཀར་པོ་ལས་ནག་འཇིགས་སྐོར་གསུམ་ཞུས་པའི་ནག་པོའི་རྒྱུད་ནི་སྔ་སོར་ཀློག་སྐྱ་ལའང་ཞུས་པར་སེམས། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། གྲུབ་པ་དཔལ་རྡོ་རྗེ་དྲིལ་བུ་པས་མཛད་པའི་«དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་ཕྱག་རྒྱ་ཆེན་པོ་»ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་«རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་»ཞེས་བྱ་བ།  ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པའི་«ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་»ཞེས་བྱ་བ་དང་དེ་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྣམས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། དེ་བཞིན་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྴི་ཏས་མཛད་པའི་གཏམ་རྒྱུད་ཀྱི་རྟོགས་པ། «དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་»ཞེས་བྱ་བ་དང་། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཏི་ལ་ཀས་མཛད་པའི་«འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་བསྟོད་པ་»སོགས་ཆོས་ཚན་བཅུ་གྲངས་བཞུགས་སོ།

གཉིས། བཀའ་བརྒྱུད་པའི་མེས་པོ་མར་པ་ཆོས་ཀྱི་བློ་གྲོས་། ཁོང་ནི་རབ་བྱུང་སྔོན་གྱི་ཆུ་བྱི་ལོ་སྟེ། སྤྱི་ལོ་༡༠༡༢ལོར་ལྷོ་བྲག་ཆུས་འཁྱེར་དུ་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པ་གནང་པ་དང་། དགུང་ལོ་བཅོ་ལྔ་པར་མང་མཁར་མྱུ་གུ་ལུང་དུ་ཕེབས་ཏེ་འབྲོག་མི་ཤཱཀྱ་ཡེ་ཤེས་ལས་སྒྲ་སྒྱུར་བསླབས་ཤིང་ལེགས་པར་མཁྱེན། དེ་ནས་རང་ཡུལ་དུ་བྱོན་ནས་གསེར་སྲང་བཅོ་ལྔ་ཙམ་བསྣམས་ཏེ་བལ་པོར་བྱོན། དེ་ནས་ཁ་རག་གཉོས་ལོ་ཙཱ་བ་དང་མཉམ་དུ་བྱུང་ཡང་གཉོས་ལོ་ཙཱ་བ་རྒྱ་གར་དུ་ཕེབས། མར་པ་རང་ཉིད་ས་ཆུའི་འཕྲོད་བསྟེན་གྱི་ཆེད་དུ་བལ་པོར་ལོ་གསུམ་རིང་བཞུགས་ཏེ། དེའི་རིང་བལ་པོ་སྤྱི་ཐེར་བའི་དྲུང་ནས་གསང་འདུས་དང་མ་ཧཱ་མ་ཡ་སོགས་གསང་སྔགས་ཀྱི་ཆོས་མང་པོ་གསན། དེ་ནས་གསེར་འཚོལ་བའི་ཆེད་དུ་བོད་དུ་ཕྱིར་ཕེབས་པ་དང་། གསེར་མང་པོ་བསྒྲུབས་ནས་རྒྱ་གར་དུ་ཕེབས་སྐབས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ཡང་དཀའ་བ་མང་པོ་སྤྱད་ནས་བཙལ་བས་ནགས་གསེབ་ཅིག་ཏུ་མཇལ། དགུང་ལོ་ཞེ་གཉིས་པ་ལ་བོད་དུ་ཕྱིར་ཕེབས་ཏེ་བདག་མེད་མ་ཁབ་ཏུ་བཞེས། ལོ་ཤས་ནས་སླར་ཡང་གསེར་བསྣམས་ནས་རྒྱ་གར་ཏུ་ཕེབས་ཏེ་བླ་མ་མེ་ཏྲི་པ་དང་མཇལ་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། “སྔ་ཕྱིར་རྒྱ་གར་དང་བལ་པོ་བཅས་སུ་ཕར་ཚུན་འབྱོན་སྐབས་ཁྲེས་པོ་བསྣམས་ནས་ཞབས་ཐང་དུ་ཕེབས་ཏེ། དུག་སྦྲུལ་གྱི་གླིང་དང་། བྱེ་ཐང་། དུག་ཆུ་བཅས་བརྒལ་ནས་དཀའ་སྤྱད་ཚད་མེད་མཛད་དེ་བོད་དུ་ཚུར་ཕེབས་སྐབས་གསང་སྔགས་ཀྱི་ཆོས་དཔེ་མང་པོ་བསྣམས་ཏེ་དེ་དག་བོད་སྐད་དུ་བསྒྱུར་”[i]གནང་བ་སོགས། མཐར་དགུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ༡༠༩༧ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས། འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། «དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་»དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན། བསྟན་འགྱུར་ལས། «རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་»ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་ཅིང་། རྣལ་འབྱོར་པ་བསོད་སྙོམས་པ་པྲ་ཛྙཱ་ཤཱི་ཛྙཱ་ནས་བསྡུས་པ། «ཚོགས་ཀྱི་འཁོར་ལོའི་ཆོ་ག་»ཞེས་བྱ་བ་སློབ་དཔོན་ཌམྦི་ཧེ་རུ་ཀས་མཛད་པ། «དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བསྡུས་པ་ཞེས་བྱ་བའི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་»ཞེས་བྱ་བ་སློབ་དཔོན་ཆེན་པོ་ལྷའི་བརྟུལ་ཞུགས་ཀྱིས་མཛད་པ། «དེ་ཁོ་ན་ཉིད་བཅུ་པ་»ཞེས་བྱ་བ་སློབ་དཔོན་ཆེན་པོ་དྲི་མེད་གྲགས་པས་མཛད་པ།  «དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་»ཞེས་བྱ་བ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། «གཉིས་ཀའི་བཤད་སྦྱར་»ཞེས་བྱ་བ་སློབ་དཔོན་ཆེན་པོ་ཏ་ཐཱ་ག་ཏ་རཀྴི་ཏས་མཛད་པ། «རང་བྱིན་གྱིས་བརླབས་པའི་མན་ངག་གི་སྒྲུབ་ཐབས་»ཞེས་བྱ་བ་རྣལ་འབྱོར་ཀྱི་དབང་ཕྱུག་ཆེན་པོ་གཞོན་ནུ་དཔལ་གྱིས་མཛད་པ། «གསང་བ་རིན་ཆེན་ཡིད་བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ་»ཞེས་བྱ་བ་དཔལ་ནཱ་རོ་པས་མཛད་པ། «གསང་བ་རིན་པོ་ཆེ་»ཞེས་བྱ་བ་མི་བསྐྱོད་རྡོ་རྗེས་མཛད་ཅིང་སྙན་ནས་སྙན་དུ་བརྒྱུད་པ། ཕུ་ལ་ཧ་རིའི་དགོན་པར་བསྒྱུར་བ། «ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་ཕྲེང་བ་»«བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་གསང་བའི་ཡང་བཀོལ་གྱི་སྒྲུབ་ཐབས་»«ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་སྔོན་འགྲོའི་ལག་ལེན་རྣལ་འབྱོར་གྱི་སྤྱོད་ལམ་བརྒྱད་པོ»ཞེས་བྱ་བ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ། «ཕྱག་རྒྱ་ཆེན་པོའི་མན་ངག་ཏེ་ལོ་པས་ནཱ་རོ་པ་ལ་ཆུ་བོ་གངྒྷའི་འགྲམ་དུ་གསུངས་པ་རྗེ་ནཱ་རོ་པའི་ལྟ་བ་མདོར་བསྡུས་པ་»ཞེས་བྱ་བ། «ཆོས་དྲུག་མན་ངག་»ཅེས་བྱ་བ་ཏེ་ལོ་པས་མཛད་པ། ཁ་ཆེའི་གནས་པུཤྨཧ་རིར་བསྒྱུར་བ། «རིམ་པ་ལྔ་བསྡུས་པ་གསལ་བ་»ཞེས་བྱ་བ་དཔལ་ནཱ་རོ་པས་མཛད་པ། «དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་»ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་ཏེ་ལོ་པས་བཀོད་པ་དང་། «སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་»ཞེས་བྱ་བ་དཔལ་ནཱ་རོ་པས་མཛད་པ། པུཤྨཧ་རིའི་གནས་ཆེན་དུ་བསྒྱུར་བ། དེ་མིན་«ཕྱག་རྒྱ་ཆེན་པོ་གསེར་ཕྲེང་»ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་པཎྜིཏ་མང་པོས་གསུངས་པ་རྣམས་རྗེ་བཙུན་མངའ་བདག་མཻ་ཏྲི་པས་གཞུང་གཅིག་ཏུ་བསྡེབས་པ་སོགས་ཡོད། ཁོང་གི་སློབ་བུའི་ཡར་རྩེར་སོན་པ་ནི་རྗེ་མི་ལ་རས་པ་སོགས་ཡིན། 

        གཞན་ཡང་སྔོན་ས་ཆེན་ཀུན་དགའ་སྙིང་པོའི་དུས་ཀྱི་བསྟན་པའི་བདག་པོ་བླ་མ་མལ་ལོ་ཙཱ་བ་དང་། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་དང་། མར་པ་བློ་གྲོས་བཟང་པོ་སོགས་སྐྱེས་ཆེན་དེ་ཀུན་ཡང་རུས་རྒྱུད་དེ་ལས་འཁྲུངས་པ་ཡིན། དེ་དག་གི་ལོ་རྒྱུས་རེ་རེ་བཞིན་བཀོད་ན་མང་དུ་དོགས་ནས་མ་བྲིས་ཤིང་གཞན་དུ་ཤེས་པར་བྱའོ།

           མདོར་ན། རྗེ་རིན་པོ་ཆེའི་གདུང་རུས་མལ་ལམ་མར་དུ་གྲགས་པ་ནི་བོད་ཀྱི་གནའ་བོའི་རུས་རྒྱུད་རྙིང་གྲས་ཤིག་ཡིན་ཞིང་། ཏུན་ཧོང་གཏེར་ཡིག་སོགས་ཡིག་ཚང་རྙིང་པ་རྣམས་སུ་རུས་རྒྱུད་དེའི་ཐོག་མའི་འཚོ་ཡུལ་དང་རུས་རྒྱུད་དེའི་ཁྱབ་ཡུལ་བྱེ་བྲག་པ་ཤིན་ཏུ་མང་པོ་ངོས་འཛིན་རྒྱུ་ཡོད་པ་དེ་དག་ནི་རྗེ་རིན་པོ་ཆེའི་གདུང་རུས་དེ་མི་རིགས་གཞན་གང་ཞིག་དང་ཡང་འབྲེལ་བ་མེད་པའི་བདེན་དཔང་རི་བོ་ལྟར་གྱུར་ཡོད་པ་བཅས་འདིར་དེའི་ཟུར་ཙམ་ཞིག་བཀོད་པ་རེ་ཞིག་རྫོགས་པར་བྱས་སོ། །


[i] དུང་དཀར་བློ་བཟང་འཕྲིན་ལས།  «དུང་དཀར་ཚིག་མཛོད་ཆེན་མོ» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོའི་ཟླ2པ།

来源:《西藏研究》2019年第3期


བརྒྱུད་འགོད།