ཆེད་བསྒྲིགས། བླ་མ་དྲན་པའི་སྐྱོ་མགུར་དགའ་ལྡན་ཞིང་གི་མཆོད་པ།

མགོན་རྒྱལ་སྲས་ཤཱཀྱ་ཐུབ་པ་དང་།།
དེ་གཉིས་པ་རྫེ་བཙུན་ཙོང་ཁ་བར།།
དུས་དེ་རིང་གདུང་བའི་གསོལ་འདེབས་འདིར།།
ཐུགས་བརྩེ་བས་གཟིགས་ཤིག་རིན་ཆེན་རྣམས།།
སྔོན་སོང་གི་བསྐལ་བའི་ཁུགས་སོ་ནས།།
ཆོས་བསྟན་བདག་མཁས་གྲུབ་དུ་མ་ཡིས།།
ཐུགས་རྟོགས་པའི་ལུང་བསྟན་དེ་བཞིན་དུ།།
དཔལ་ཨ་ཏི་ཤ་ཡི་སྤྲུལ་བ་སོགས།།
བོད་གངས་རིའི་བསྟན་བདག་འབྱོན་ཞེས་དང་།།
ཁོང་ཡབ་ཡུམ་གཉིས་ལའང་ལུང་བསྟན་ནས།།
བོད་མདོ་ཁམས་ཙོང་ཁའི་ཡུལ་གྲུ་རུ།།
རྟགས་མཚན་བཟང་དུ་མའི་ལྟས་བཅས་འཁྲུངས།།
མགོན་ཆོས་རྗེ་དོན་གྲུབ་རིན་ཆེན་གཙོས།།
སྐུ་ངེས་དོན་དམ་པ་དུ་མས་བསྐྱངས།།
ཐུགས་རྣམ་དཔྱོད་ཉི་མ་རང་ཤར་བཞིན།།
ལས་སྒྲིབ་གཉིས་མུན་པ་སྐད་ཅིག་སངས།།
བློ་རབ་བཟང་འཇམ་དཔལ་གཞོན་ནུའི་སྲས།།
མཁས་གྲགས་སྙན་སྲིད་པའི་ཁྱོན་ན་རྒྱས།།
ཐུགས་མཁྱེན་བརྩེ་ཟུང་གིས་འཁོར་འབངས་ལ།།
དུས་གཏན་གྱི་བདེ་བའི་ལམ་སྟོན་མཛད།།
ཆོས་ཟང་ཟིང་སྒྱུ་མའི་འཁྲུལ་སྣང་ཀུན།།
ཤན་ཡང་དག་འབྱེད་མཛད་བསྟན་པའི་མགོན།།
དྲིན་འཁོར་མེད་རྒྱལ་བའི་བསྟན་དོན་དུ།།
རྗེ་ཁྱེད་འདྲ་བྱོན་པ་ཨེ་མ་རྨད།།
ཕྱོགས་རིས་བྲལ་གྲུབ་མཐའི་གཙུག་རྒྱན་རྣམས།།
ཚིག་ངག་སྒྲོས་བླུན་པོའི་གཤིས་མིན་པར།།
དགའ་ངག་གིས་བསྟོད་པ་གཅིག་ཏུ་མཐུན།།
འདི་བསམ་ན་བླ་མ་དེང་འདིར་དྲན།།
འབྲོག་དབེན་རི་དགའ་ལྡན་ཆོས་སྒར་ནས།།
དཔལ་མཉམ་མེད་རི་བོ་དགེ་ལྡན་གླིང་།།
རྗེ་ཁྱེད་ཀྱི་སྤྲུལ་བའི་མཛད་རྣམ་གྱིས།།
ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་འདུད།།
སྐུའི་མཛད་འཕྲིན་གངས་རིའི་ཁྱོན་ལ་ཁྱབ།།
གསུངས་འཆད་པས་ལོག་སྨྲ་ཚར་བཅད་དེ།།
ཐུགས་ཉམས་རྟོགས་སྲིད་ན་ཟླ་མེད་པའི།།
ཕ་བླ་མ་ཁྱེད་སྐུ་གང་དུ་བཞུགས།།
རྗེ་ཁྱེད་ཉིད་ཞིང་གཞན་གཤེགས་པ་ལ།།
དབུས་དགའ་ལྡན་གླིང་གི་གདུང་འབོད་དང་།།
བོད་ཆོལ་གསུམ་འཛིན་མའི་ཁྱོན་ཡོངས་སུ།།
རྗེ་བླ་མ་དྲན་པའི་གདུང་དབྱངས་ཁྱབ།།
ཆུང་བྱིས་དུས་དྲིན་ཆེན་ཕ་མ་ཚོས།།
མཚན་སྨག་ནང་སྒྲོན་མེ་ཕྱི་རུ་སྦར།།
བློ་ཐ་ཤལ་བྱིས་པ་སྣབས་བླུགས་དེས།།
ཡིད་དགའ་དགའི་རྩེད་མོའི་རྣམ་པར་རོལ།།
དུས་དེང་སང་བླ་མའི་གདུང་མཆོད་ཅེས།།
དོན་ཡོངས་སུ་སེམས་ངོ་ཤར་བ་དང་།།
རྗེ་ཁྱེད་ཀྱི་མཛད་རྣམ་ངོ་མཚར་ལ།།
ཡིད་དད་གུས་ཤོར་བའི་སྐྱོ་བ་ཆེ།།
ཟླ་བཅུ་བའི་ཚེས་ནི་ཉེར་ལྔ་འདིར།།
འཁོར་སློབ་འབངས་སྐྱོ་བ་ལོས་བདེན་ཏེ།།
ཆུ་གཙང་བོ་སྐྱོ་ནས་དར་དུ་བརྫུས།།
འདི་བསམ་ན་གངས་རིའི་མགོན་ཁྱེད་དྲན།།
དགུང་ཉི་ཟླ་སྐྱོ་ནས་དྲོད་མདངས་ཡལ།།
མཚོ་སྔོན་མོ་སྐྱོ་ནས་རླབས་ཕྲེང་འཇགས།།
ས་དོག་མོ་སྐྱོ་ནས་མུན་པ་རུབ།།
འདི་བསམ་ན་གངས་རིའི་མགོན་ཁྱེད་དྲན།།
དུས་ཁད་ཀྱིས་འགྱུར་བའི་དེང་གི་དུས།།
ཕྱོགས་ཀུན་ལས་ཁྱེད་བསྟན་དར་ན་ཡང་།།
ཆོས་བསྟན་པ་འདི་ཡི་འཕེལ་འགྲིབ་ལས།།
རྗེ་བླ་མ་ཁྱེད་སྐུ་སྙིང་ནས་དྲན།།
མགོན་དགེ་བའི་བཤེས་དང་ཆོས་གྲོགས་ཚང་།།
རྟེན་དལ་འབྱོར་མི་ལུས་དོན་ལྡན་ཡང་།།
རྗེ་ཁྱེད་ཉིད་གདུང་བའི་འབོད་ཐེངས་རེར།།
སེམས་སྐྱོ་བའི་མཆི་མ་གདོང་ལ་བསྟར།།
སེམས་སྐྱོ་བ་ཁྱེད་སྐུ་གཤེགས་པས་ཡིན།།
སེམས་སྤྲོ་བ་ཁྱེད་གསུངས་མཇལ་བས་ཡིན།།
སེམས་དགའ་སྐྱོ་ཟུང་གི་སྐྱོ་གར་ཁྲོད།།
རང་སྐྱོ་བའི་མགུར་གླུ་གསན་ལགས་སམ།།
འབངས་བདག་ཅག་ཕ་མ་རིགས་དྲུག་ལ།།
ཞེ་གནག་པའི་བསམ་ངན་མེད་པ་དང་།།
ཆོས་ཚད་མེད་བཞི་ཡི་ཞལ་འདོན་བཞིན།།
ཚིག་དོན་དང་ལྡན་པར་བྱིན་གྱིས་རློབས།།
བློ་འཛུམ་དཀར་བསླུ་བྲིད་སྦྱོར་བ་ཡིས།།
བདག་གཞན་དོན་ཐར་ལམ་མི་གཅོད་པར།།
སེམས་གང་བྱུང་ཤ་ཚའི་གཏམ་བཟང་གིས།།
གཅེས་གྲོགས་ལ་ཕན་པར་བྱིན་གྱིས་རློབས།།
སྒོས་འཇམ་མགོན་ཁྱེད་ཀྱི་ལུགས་བཟང་འདིར།།
མི་ལྷ་མིན་གཡུལ་སྦྱོར་མེད་པའི་ངང་།།
མགོན་བླ་སློབ་དམ་ཚིག་གཙང་མ་ཡིས།།
སྤང་མཛེས་སྡུག་འཕྲོག་པར་བྱིན་གྱིས་རློབས།།
ཆོས་བརྒྱད་ཀྱིས་གནམ་ས་སྒུལ་དུས་འདིར།།
བློ་ཕྲན་ཙམ་དགེ་བར་ཕྱོགས་པ་ལ།།
འཛུམ་སྡིག་གྲོགས་སྦྱོར་བར་མི་འཕྲད་པར།།
རྗེ་ཁྱེད་ལ་ཞུའོ་ཐུགས་རྗེས་སྐྱོངས།།
རྗེ་ཁྱེད་ཀྱི་བསྟན་སྒོར་ཚུད་པ་འདི།།
སྔོན་སྐྱེ་བར་བསགས་པའི་འབྲས་བུ་ཉིད།།
འདི་ཕྱིས་ཀྱི་ཚེ་རབས་ཕྲེང་ཀུན་ཏུ།།
བསྟན་འདི་ལ་མི་འབྲལ་སྨོན་ལམ་ཡོད།།
སྒོམ་ཉམས་རྟོགས་མེད་པའི་བླུན་པོ་ང་།།
དུས་ནམ་ཞིག་ངེས་མེད་འཆི་བའི་ཚེ།།
རྗེ་ཁྱེད་ཀྱི་ཞིང་དུ་སྐྱེ་བ་དང་།།
དུས་གཏན་ཏུ་འབྲལ་བ་མེད་པར་སྨོན།།
གསེར་རྒྱ་སྲང་གྲངས་ཀྱི་མཆོད་མ་འཛོམས།།
དངུལ་གྲངས་འབོར་ཕྱུག་ཆེན་ནོམ་མ་ཡོད།།
རྗེ་བླ་མ་དྲན་པའི་སྐྱོ་མགུར་འདིས།།
ལུས་སྒོ་གསུམ་མཆོད་པའི་རྟེན་དུ་འབུལ།།
སྒྲ་སྙན་ངག་དོན་གྱི་ཚིག་སྦྱོར་དབེན།།
གཞུང་ཚད་མའི་རིག་ལམ་དེ་བས་ཞན།།
སེམས་གང་ཤར་སྨྲས་པའི་ཐོལ་བྱུང་འདི།།
ངོ་ཚ་མེད་བླུན་པོའི་གཤིས་སུ་བྲིས།།
སྤྲེལ་རྫོང་ཤེར་བཟང་གྲགས་པའམ་གངས་རམ་འདེགས་ཀྱིས།
༢༠༡༦ ༡༡ ༢༤ དང་། བོད་ཟླ་ ༩ ཚེས ༢༦ ཧོར་ཟླ་ ༡༠ ཚེས་ ༢༥ ཉིན་ལ་རང་ཤག་ནས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn
